ཁྲོ་བོའི་རྒྱན་གྱི་དག་པ་བསྟན་པ།

ཁྲོ་བོའི་རྒྱན་གྱི་དག་པ་བསྟན་པ།
ཤར་རྫ་བཀྲ་ཤིས་རྒྱལ་མཚན།

༄༅། །ཐབས་ཤེས་ཐུན་མོང་གི་རུས་པའི་རྒྱན་དྲུག་ནི། དབུ་རྒྱན་དང་དེའི་འཁོར་ལོ། སྙན་ཆ་ཨ་ལུང་གཉིས་དང་། མགུལ་རྒྱན་ཕྲེང་བ་དང་། ཕྱག་ཞབས་ཀྱི་གདུ་བུ། ལུས་རྒྱན་པ་དྲྭ། སྐུ་རྒྱན་སྐ་རགས་དང་དྲུག་ནི་གཤེན་ལྷ་བྱེ་བྲག་དགའ་དོན་ཀུན་སྣང་རང་བྱུང་གར་ཕྱུག་དང་དྲུག་གི་མཚོན་བྱེད་དོ། ། ཁྲོ་བོའི་དུར་ཁྲོད་ཆས་བརྒྱད་ནི། བདུད་དང་སེང་གེ་དང་གླང་པོ་ཆེའི་གཡང་གཞི་གསུམ་ནི་བདུད་ཁྱབ་པ་མུ་སྟེགས་ཁྱབ་འཇུག་མུ་སྟེགས་ཕུར་བུ་གསུམ་མམ་དུག་གསུམ་བསྒྲལ་བའི་མཚོན་བྱེད་དོ། །སྟག་ཤམ་མ་རྟོགས་སུན་འབྱིན་པ། སྦྲུལ་གྱི་སྐུ་རེག་ལོག་རྟོག་སུན་འབྱིན་པ། ཐོད་རློམ་དོ་ཤལ་འཁྲུལ་རྟོག་སུན་འབྱིན་པ། ཐོད་སྐམ་ལྔའི་དབུ་རྒྱན་དུག་ལྔ་རྩད་གཅོད་པ། ཐལ་ཆེན་ཚོམ་བུ་ཆད་པ་ཚར་གཅོད་པ། གཡང་གཞི་གསུམ་གཅིག་ཏུ་བརྩིས་པས་བརྒྱད་པོ་དང་གོང་དུ་བཤད་པའི་རུས་རྒྱན་དྲུག་དང་འདི་དག་ཁྲོ་བོ་སྤྱིའི་ཡིན་ནའང་དེའི་སྟེང་དུ་རྒྱན་གྱི་བྱེ་བྲག་མི་འདྲ་བ་མང་པོ་དཀྱིལ་འཁོར་སོ་སོ་ནས་བཤད་པ་དེ་དག་ཀྱང་ལས་དང་ཉོན་མོངས་བདུད་སྲིན་ཅི་རིགས་འདུལ་བའི་མཚོན་བྱེད་དུ་ཤེས་པར་བྱའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།