དམ་པ་གོང་མ་རིམ་བྱོན་གྱི་གསོལ་འདེབས་བྱིན་རླབས་མྱུར་འཇུག

དམ་པ་གོང་མ་རྣམས་ཀྱི་གསོལ་འདེབས་དད་པའི་སྒོ་འབྱེད་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ།།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

  ༅༅།།བརྒྱ་བའི་མགོན་པོ་སྟོན་པ་གཤེན་རབ་མཆོག།། ཀུན་ལས་རྣམ་པར་རྒྱལ་བའི་བསྟན་པ་ལ།། ཐུགས་ཀྱི་སྟོན་པ་བླ་ཆེན་དྲན་པ་རྗེ།། ཡབ་སྲས་བརྒྱུད་པར་བཅས་ལ་གསོལ་བ་འདེབས།། སྒྲ་བསྒྱུར་སེ་བོན་ཤ་རི་དབུ་ཆེན་དང་།། གཤེན་སྟོན་ཀླུ་ཡི་དབང་པོའི་ཐུགས་ཀྱི་སྲས།། མེ་ཉག་ན་གུ་དབང་ཆེན་རོལ་བ་རྩལ།། གཤེན་བསྟན་འཛིན་སྐྱོང་མཛད་ལ་གསོལ་བ་འདེབས།།ཁྲི་ཀ་གཡང་ལུང་ར་གསུམ་ཤར་ཕྱོགས་ཀྱི།།ར་བའི་རི་ཆེན་ངོ་གཡས་སྒྲུབ་གནས་སུ།།བོན་པོ་དབང་ལུགས་ཀློང་ཆེན་གྲུབ་པའི་དབང་།།སྤྱི་སྤུངས་བསྟན་པ་སྤེལ་ལ་གསོལ་བ་འདེབས།།གཡང་ལུང་ར་བ་དབུས་མའི་གསེར་ལྡན་གཞིར།།སྟོང་ཆེ་སྟོན་པ་ཡེ་ཤེས་རྒྱལ་མཚན་བྱོན།།འཕོ་ཆེན་གྲོང་འཇུག་ཟབ་ལམ་མངའ་བརྙེས་པ།།སྐྱེས་རབས་རད་ཎའི་ཕྲེང་བར་གསོལ་བ་འདེབས།།དབང་ལུགས་བརྒྱུད་འཛིན་མཐུ་ཆེན་རྒྱལ་རས་པ།།བོན་གཤེན་སྟག་གི་མཚན་དང་དྲེའུ་ནག་ཅན།།སྔགས་འཆང་རིན་ཆེན་བློ་གྲོས་བདུད་འདུལ་སོགས།།དབང་ཆེན་རང་ལུགས་འཛིན་ལ་གསོལ་བ་འདེབས།།ཁྲི་སྒོ་སྦ་ཡི་གདུང་ལ་རིམ་བྱོན་པའི།།སྨྲ་བའི་སེང་ཆེན་ནམ་མཁའ་དབང་ཕྱུག་མཆོག།བྱང་ཆུབ་སེམས་དཔའ་ཀུན་བཟང་རྒྱལ་མཚན་གྱི།།སྐྱེས་རབས་སྔ་ཕྱི་ཀུན་ལ་གསོལ་བ་འདེབས།།མཁར་ནག་རྟོགས་ལྡན་པྲཉྫ་ཚུ་མི་དང་།།གྲུབ་པའི་དབང་ཕྱུག་ནམ་མཁའ་ཤེས་རབ་སོགས།།ཁུ་དབོན་ཡང་སྤྲུལ་སྐྱེས་མཆོག་དམ་པ་རྣམས།།སྒྲུབ་རྒྱུད་བསྟན་པའི་བདག་པོར་གསོལ་བ་འདེབས།།གྲུབ་པའི་ཁྱུ་མཆོག་ནམ་མཁའ་དབང་ལྡན་དང་།།ཞང་ཞུང་མཁའ་འགྲོ་འོད་ལྡན་དབང་མོ་མཆོག།ཡག་བརྙེས་བོན་པོ་ཀུན་བཟང་རང་གྲོལ་རྩལ།།མ་རུང་གདུལ་དཀའ་འདུལ་ལ་གསོལ་བ་འདེབས།།བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་དང་།།ཤར་རྫ་ཀུན་མཁྱེན་རིགས་ཀྱི་ཅོད་པན་དུ།།བསྟེན་ནས་མདོ་སྔགས་རྫོགས་གསུམ་ཉམས་བཞེས་མཛད།།ཚུལ་ཁྲིམས་མཐར་ཕྱིན་ཞབས་ལ་གསོལ་བ་འདེབས།།རིག་འཛིན་དམ་པ་གོང་མ་རིམ་བྱོན་གྱི།།བཀའ་དྲིན་སྙིང་ནས་དྲན་ཏེ་རྩེ་གཅིག་གིས།།གསོལ་བ་བཏབས་པས་བདག་ཅག་བརྒྱུད་འཛིན་ལ།།བསྟན་འགྲོར་ཕན་པའི་བྱིན་རླབས་མྱུར་འཇུག་ཤོག།གསང་སྔགས་གསས་མཁར་ཀློང་དགུ་མཆོག་ལྔ་ཀུན།།ཡང་སྙིང་སྤྱི་སྤུངས་ཁྲོ་བོ་དབང་ཆེན་མཆོག།རིམ་གཉིས་ཟབ་མོ་གཤེན་གྱི་རིང་ལུགས་ལྟར།།བསྟན་པ་འཛིན་སྐྱོང་དར་ཞིང་རྒྱས་གྱུར་ཅིག།
ཅེས་དམ་པ་གོང་མ་རིམ་བྱོན་གྱི་གསོལ་འདེབས་བྱིན་རླབས་མྱུར་འཇུག་ཅེས་པ་འདི་ནི་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བཀའ་རབ་འབྱམས་པའི་མཚན་ཅན་རང་སློབ་ཁྲི་ཀ་བ་ཡེ་ཤེས་བློ་གྲོས་ནས་འདི་ལྟར་དགོས་ཞེས་ལྷ་དར་དང་བྲི་གཞིའི་ཤོག་གུ་དམངས་སྒོར་བརྒྱ་ཕྲག་བཅས་ཕུལ་ཏེ་བསྐུལ་ངོར་ཆོས་རྗེ་བོན་བརྒྱ་བའི་ཡང་སྲིད་མིང་འཛིན་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའམ་ཁྱུང་དཀར་འགྱུར་མེད་ཤེས་རབ་རྒྱ་མཚོ་ནས་བྲིས་པ་དགེ་ཞིང་བཀྲ་ཤིས་སོ།།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།