མར་མེ་སྨོན་ལམ་ཟད་མེད་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།

མར་མེ་སྨོན་ལམ་ཟད་མེད་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

༄༅། །ཨཱོྃ་ཨ་ཧཱུཾ། མཁའ་དབྱིངས་གསལ་སྟོང་བདེ་བའི་ཞིང་ཁམས་སུ། །སྐྱབས་གནས་ལྷ་ཚོགས་མ་ལུས་གསལ་བའི་མདུན། །རིན་ཆེན་སྟོང་གསུམ་མཉམ་པའི་རྐོང་བུ་རུ། །བདུད་རྩི་ཞུན་མར་རྒྱ་མཚོ་འཁྱིལ་བའི་དབུས། །སྡོང་བུ་ས་འཛིན་དབང་པོས་རྣམ་པར་མཛེས། །འབར་བའི་མེ་ལྕེས་ལྷ་ལམ་ཁྱོན་གང་བས། །རྟ་བདུན་བྱེ་བ་ཕྲག་བརྒྱའི་ཁེངས་པ་འཕྲོག །དམིགས་མེད་ཡེ་ཤེས་ཏིང་འཛིན་གསལ་བ་ཡིས། །མཚན་མ་རྫས་ཀྱི་མར་མེར་བྱིན་བརླབས་ནས། །ཟག་མེད་བདེ་ཆེན་ཀུན་བཟང་མཆོད་པའི་སྤྲིན། །རབ་འབྱམས་རྒྱ་མཚོའི་ཞིང་ཀུན་འགེངས་པ་འདིར། །དུས་གསུམ་བདེར་བཤེགས་རྒྱལ་བ་ཞི་ཁྲོའི་ཚོགས། །མཆོད་སྦྱིན་མགྲོན་རིགས་མ་ལུས་དགྱེས་པས་རོལ། །འོད་དང་དྲི་ངད་ཕུན་སུམ་ཚོགས་ལྡན་པས། །འཇིག་རྟེན་དག་ན་གླིང་བར་མུན་པ་སོགས། །སྐྱེ་འགྲོའི་རྨོངས་པའི་སྨག་རུམ་ཅིག་ཅར་སེལ། །གྲང་དམྱལ་འཁྱག་པའི་གདུང་བ་རབ་ཞི་ཞིང་། །ཚ་དམྱལ་རྣམས་ལ་ཟླ་བའི་བསིལ་དུ་ཤོག །ཡི་དྭགས་བདུད་རྩིའི་ཟས་ཀྱིས་ཚིམས་པ་དང་། །བྱོལ་སོང་རྣམས་ཀྱང་རྨོངས་པ་སེལ་བར་ཤོག །མཐོ་རིས་གསུམ་ལ་དགེ་སེམས་རབ་སྐྱེ་ཞིང་། །སངས་རྒྱས་བསྟན་ལ་དད་པའི་མཆོག་ཐོབ་ཤོག །རྒྱལ་བའི་བསྟན་པ་སྲིད་མཐའི་བར་གནས་ཤིང་། །འགྲོ་ལ་ཕན་བདེ་ལེགས་ཚོགས་རྒྱས་གྱུར་ཅིག །བསྟན་པ་འཛིན་པས་ས་སྟེང་ཡོངས་གང་ནས། །ཞབས་པད་བརྟན་པའང་འདི་ཡིས་འགྲུབ་པར་ཤོག །རིག་པ་འཛིན་པ་དགེ་འདུན་འདུས་པའི་སྡེ། །ཐུགས་མཐུན་སྡོམ་པ་ཉམས་པ་མེད་པར་ཤོག །འདི་ནས་ཚེ་འཕོས་དག་པའི་ཞིང་བགྲོད་ན། །ཡེ་ཤེས་འོད་ལྔ་གསལ་བའི་ལམ་དུ་ཤོག །ས་དང་སློབ་པའི་ལམ་དུ་བགྲོད་པའི་ཚེ། །ཡང་དག་མ་ནོར་ལམ་བཟང་གསལ་བར་ཤོག །བདག་གཞན་སྒྲིབ་གཉིས་བག་ཆགས་བསྲེགས་པ་དང་། །རིག་པའི་ཡེ་ཤེས་འོད་སྟོང་འབར་གྱུར་ཅིག ། ཚོགས་ཆེན་རྣམ་གཉིས་བདེ་བླག་རབ་རྫོགས་ནས། །མཐར་ཐུག་རྣམ་མཁྱེན་གོ་འཕང་ཐོབ་པར་ཤོག ། ཅེས་མར་མེ་སྨོན་ལམ་འདིའང་སྙིང་གི་ཐིག་ལེར་གྱུར་བའི་གྲོགས་པོ་འགས་བསྐུལ་ཚེ། དེང་དུས་དངོས་འབྱོར་མཆོད་ཡུལ་རྟེན་དང་མཆོད་པའི་རྫས་འཛོམས་པ་ལ་རྐྱེན་མང་ན། ཏིང་འཛིན་རིག་པའི་འཕྲུལ་འདེགས་ལ་སུས་ཀྱང་འགོག་བཤིགས་མི་ནུས་པར་དམིགས་ནས་གྲོང་འཁྱམས་པས་བྲིས་པ་དགེའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།