མཛད་པ་བཅུ་གཉིས་བཞུགས་སོ།

མཛད་པ་བཅུ་གཉིས་བཞུགས་སོ།

འ་ཞ་གསང་བ་མདོ་སྡུད།

༄༅། ། ཞང་ཞུང་སྐད་དུ། དམུ་ར་ཝེར་རོ་སྤུངས་སོ་པ་ཏ་ཡ། །བོད་སྐད་དུ་གཤེན་རྒྱལ་སྟོན་པ་ལ་ཕྱག་འཚལ་ལོ། །བོན་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྟན་པའི་གཙོ་བོ་སྟོན་པ་གཤེན་རབ་མི་བོ་ལ་ཕྱག་འཚལ་ལོ། །ན་མོ་སད་གྱེར་སྨར་ལ་སྤུངས་སོ་པ་ཏ་ཡ། །སྔོན་ཚེ་སྤྲུལ་སྐུ་བསོད་ནམས་དབང་དྲུང་དུ། །ཐུགས་མཆོག་བསྐྱེད་ནས་སྨོན་ལམ་ཆེན་པོ་བཏབ། །བསྐལ་བ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །ཐམས་ཅད་མཁྱེན་གྱུར་སྟོན་པ་བླ་ན་མེད། །སྤངས་རྟོགས་མཐར་ཕྱིན་མངོན་པར་སངས་རྒྱས་ཀྱང་། །འགྲོ་ལ་རྣམ་བརྩེས་གཟིགས་ཚད་ལྔ་དགོངས་ནས། །སེམས་ཅན་འདྲེན་ཕྱིར་དམུ་རྒྱལ་ཐོད་དཀར་སྲས། །སྐྱེ་བ་བཞེས་པར་མཛད་ལ་ཕྱག་འཚལ་ལོ། །སུམ་ཅུའི་མཚན་དང་བརྒྱད་ཅུའི་དཔེ་བྱད་ལྡན། །འོད་ཟེར་མཐའ་ཡས་མངའ་བའི་ཞལ་བསྟན་ནས། །གདུལ་བྱ་དང་པོའི་འཁོར་ལ་བཀྲིད་དྲངས་ཀྱི། །བསྟན་པ་སྤེལ་བར་མཛད་ལ་ཕྱག་འཚལ་ལོ། །སྡིག་ཅན་གཏོ་བུ་དོད་དེ་དམྱལ་བར་ལྟུང་། །མངོན་ཤེས་རྗེས་དྲན་བོན་བསྟན་སྐད་ཅིག་མར། །བྱང་ཆུབ་སེམས་དཔར་བསྒྱུར་ནས་ཐར་བར་དྲངས། །དམྱལ་ཁམས་བདེ་བར་མཛད་ལ་ཕྱག་འཚལ་ལོ། །ཆགས་པའི་རྒྱ་མཚོར་བྱིངས་པའི་མགུ་ལིང་མས། །སློབ་དཔོན་སྨད་པའི་སྐྱོན་གྱིས་མཛེ་ཡིས་གདུངས། །ཐུགས་རྗེ་ཉི་མས་སྡུག་བསྔལ་མཚོ་བསྐམས་ནས། །ལྷ་མོར་གྱུར་བར་མཛད་ལ་ཕྱག་འཚལ་ལོ། །འཁོར་བའི་སྐྱོན་གྱིས་མ་གོས་པདྨོ་ལྟར། །རྣམ་པར་དག་ཅིང་གདུལ་བྱའི་སྣང་ངོ་རུ། །ཐབས་ཤེས་གཉིས་མེད་གཞོན་ནུའི་རོལ་རྩེད་མཛད། །ཡེ་ཤེས་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །འགྲོ་བ་ནད་གདོན་དུག་ལྔས་གཟིར་གྱུར་བ། །རྣམ་པར་བསལ་ནས་བདེ་ཆེན་སར་འགོད་ཕྱིར། །སྐུ་གསུང་ཐུགས་ཀྱི་འོད་ཟེར་སྲས་སྤྲུལ་ནས། །དུས་ཀུན་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །ལོག་འཚེས་འབྲེལ་བའི་མི་དགུ་སུམ་སྟོང་དམག །ངན་སོང་ལྟུང་ནས་སྡུག་བསྔལ་ཚ་གདུངས་ཚེ། །ཐུགས་རྗེའི་སྤྲིན་ལས་བྱིན་རླབས་ཆར་རྒྱུན་གྱིས། །བདེ་ཆེན་བསིལ་སྦྱིན་མཛད་ལ་ཕྱག་འཚལ་ལོ། །ཁྱབ་པའི་བདུད་དམག་དུང་ཕྱིར་དོས་བཙུགས་ཚེ། །བཟོད་པའི་གོ་གྱོན་སྙིང་རྗེའི་དམག་དཔུང་གིས། །བདུད་གླིང་ཕམ་མཛད་ལོག་ལྟའི་གཡུལ་ངོ་བཟློག །བདེ་ཆེན་སར་བཀོད་མཛད་ལ་ཕྱག་འཚལ་ལོ། །རྣམ་པར་རྒྱལ་མཛད་རྒྱལ་བོའི་བསམ་པ་བསྒྲུབས། །དཔལ་མགོན་བྱེ་དབང་བསྡུས་སྲུང་མར་བསྐོས། །འགྲོ་རྣམས་དྲངས་ཕྱིར་བརྒྱད་ཁྲི་བཞི་སྟོང་བོན། །བསྟན་པ་རྗེས་བཞག་མཛད་ལ་ཕྱག་འཚལ་ལོ། །རྗེས་འཇུག་བྱང་ཆུབ་བདེ་ལམ་བསྙེགས་མཛད་ཕྱིར། །འཁོར་དང་རྒྱལ་སྲིད་ལོངས་སྤྱོད་ཀུན་སྤངས་ནས། །རྣམ་དག་རང་བྱུང་མཆོད་རྟེན་རྣམ་བཞིའི་དྲུང་། །རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །དག་པ་དྲང་སྲོང་ཕོ་མོའི་འཁོར་སྡེ་ཡང་། །སྤངས་ནས་གཅིག་པུར་མི་དང་བྱ་སྤྲེལ་གྱི། །འཚོ་བ་ཆ་ཤས་ཙམ་ཡང་ལོ་དགུ་རུ། །དཀའ་སྤྱད་ཐུབ་པར་མཛད་ལ་ཕྱག་འཚལ་ལོ། །རྒྱལ་བའི་མཆོག་ལ་སྐྱེ་འཆི་མི་མངའ་ཡང་། །རྟག་པར་འཛིན་རྣམས་སུན་ཕྱུང་དགེ་བསྐུལ་ཕྱིར། །མི་རྟག་ཚུལ་བསྟན་དགོངས་་མྱ་ངན་འདས། །བདེ་ཆེན་དབྱིངས་བཤེགས་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟན་པའི་བདག་པོ་གཤེན་རྒྱལ་གྱི། །མཛད་པ་བཅུ་གཉིས་ཚུལ་ལ་མདོ་ཙམ་བསྟོད། །དེ་ཡི་དགེ་བས་བདག་སོགས་འགྲོ་བ་ཀུན། །རྒྱལ་བ་ཁྱེད་དང་དབྱེར་མེད་མྱུར་འགྲུབ་ཤོག །རྒྱལ་བ་གཤེན་རབ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །བོན་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་ལེགས། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་དཔོན་སློབ་བཤད་སྒྲུབ་དར་བ་ཡི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག ། །། ཞེས་རྣམ་མཁྱེན་རྒྱལ་བ་གཤེན་རབ་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་འ་ཞ་གསང་ཐུབ་ཀྱིས་ཕུལ་བ་རྫོགས་སོ། །

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།