ཕྱི་ནང་གསང་བ་གསུམ་གྱི་ཞབས་བརྟན་སྨོན་ཚིག

7ཕྱི་ནང་གསང་བ་གསུམ་གྱི་ཞབས་བརྟན་སྨོན་ཚིག་བཞུགས་སོ། །

    ༄༅། །ཨེ་མ་ཧོ། ཐེག་པ་རིམ་དགུ་ཟབ་དོན་ཐུགས་ལ་འདུས། །
སུམ་ལྡན་རིག་འཛིན་འགྲན་བྲལ་སྤྲུལ་བའི་སྐུ། །
མཁས་གྲུབ་རྒྱལ་བསྟན་གཉེན་གཅིག་བླ་མ་རྗེ། །
དགེ་ལེགས་ལྷུན་གྲུབ་རྒྱ་མཚོར་གསོལ་བ་འདེབས། །
 གསང་ཆེན་གྲུབ་བརྒྱའི་རྗེས་སུ་བསྔགས་པ་ཡི། །
བསྐྱེད་རིམ་གསལ་ཆའི་སྣང་བ་ལྷ་སྐུ་ཤར། །
རྫོགས་རིམ་སྟོང་ཆའི་བདེ་སྟོང་ཡེ་ཤེས་སྐྱེས། །
ཟུང་འཇུག་རྫོགས་ཆེན་སྲུང་བྲལ་ངང་ལ་གནས། །
ཀ་དག་སྤྲོས་བྲལ་རང་རིག་གཉུག་མའི་དོན། །
མཐའ་བཞི་རྒྱ་གྲོལ་གསལ་སྟོང་བདེ་བ་ཆེ། །
འདི་སྣང་དངོས་ཀུན་འོད་གསལ་ཁོར་ཡུག་འཆར། །
འདྲེན་མཆོག་བོན་བརྒྱ་བླ་མར་གསོལ་བ་འདེབས། །
གང་གི་སྐུ་མཆོག་གསེར་གྱི་ལྷུན་པོ་ལ། །
བགེགས་གུད་འཚེ་བའི་རྡུལ་གྱིས་མ་གོས་པ། །
གདོང་ལྔས་བཏེགས་པའི་རིན་ཆེན་ཁྲི་འཕང་དུ། །
བསྐལ་བརྒྱའི་བར་དུ་བརྟན་བཞུགས་རྣམ་རྒྱལ་ཤོག །
ཅེས་ཕྱི་ནང་གསང་བ་གསུམ་གྱི་ཞབས་བརྟན་སྨོན་ཚིག་གིས་སྣ་དྲངས་ཤིང་ཕུན་ཚོགས་ལྔ་ལྡན་གྱི་རྟེན་འབྲེལ་མཚོན་བྱེད་ཀྲུང་སྒོར་སྟོང་གཅིག་ཅེས་ཞང་སྒོ་བར་གྱི་ཞིག་པོ་ཤེལ་གྱི་རུས་ལས་དལ་འབྱོར་རྟེན་རྙེད་པའི་དུས་མཐའི་སྔགས་འཆང་བ་ཀུན་བཟང་བསྟན་འཛིན་ནམ་རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཞིང་ཁམས་བགྲོད་པའི་ཟབ་གཏེར་གསང་བའི་མཚན་དུ་རིག་འཛིན་ནམ་མཁའ་རང་གྲོལ་རྩལ་ཞེས་གནང་བ་ཐོབ་པ་བདག་ཌཀྐིའི་ལུང་བཞིན་ཤར་རྫའི་རི་ཁྲོད་དུ་བཅད་རྒྱ་འདུག་སྐབས་རྗེ་བླ་མ་མཆོག་གི་གདན་ས་བོན་བརྒྱ་དགོན་གྱི་གྲྭ་བཙུན་ཁྲི་ཀ་བ་བསྟན་པ་དར་རྒྱས་དང་མཇལ་ཞིང་སྔོན་ནས་རང་གི་བླ་མའི་མཚན་ཙམ་ཐོས་པས་དད་པ་དང་ཉམས་སྣང་རྟེན་འབྲེལ་ལ་བརྟེན་ནས་ཞབས་བརྟན་འབུལ་དགོས་བསམ་པ་དང་བསྟན་པ་དར་རྒྱས་ཀྱིས་ཀྱང་ཞུས་ཤིང་བསྐུལ་ངོར་རྟེན་འབྲེལ་གྱི་ངང་ནས་རག་ཞིག་འོད་གསལ་ཐང་གི་རང་ཤག་བསམ་གཏན་ཁང་བཟང་ནས་གསོལ་བ་རྩེ་གཅིག་བཏབས་ཏེ་བྲིས་ཤིང་སྒོ་གསུམ་གུས་པ་ཆེན་པོས་ཕུལ་བའོ། ། དགེའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།