བླ་ཆེན་ཡབ་སྲས་གསུམ་གྱི་གསོལ་འདེབས།

བླ་ཆེན་ཡབ་སྲས་གསུམ་གྱི་གསོལ་འདེབས་བར་

ཆོད་ཀུན་སེལ་བསམ་འགྲུབ་ནོར་བུ་

ཞེས་བྱ་བ་བཞུགས།

སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན།
11

༄༅། །འཆི་མེད་རིག་འཛིན་བླ་ཆེན་ཡབ་སྲས་གསུམ།།མ་འོངས་འགྲོ་བ་སྐྱོབ་པའི་ཐུགས་དམ་ཅན།།ངེས་པས་དེང་དུས་དལ་འབྱོར་ལྡན་པའི་མིས།།རྩེ་གཅིག་མོས་པས་གསོལ་འདེབས་འདིར་འཇུག་རིགས། ། ཨེ་མ་ཧོ། བོན་ཉིད་མི་འགྱུར་མཁའ་སྤྱོད་བདེ་བ་ཆེ། །དུས་གསུམ་མི་ནུབ་གཡུང་དྲུང་དབྱིངས་ཆེན་ན། །བདེར་གཤེགས་རིག་འཛིན་མཁའ་འགྲོ་རྒྱ་མཚོའི་དབུས། །སྙིགས་མ་ལྔ་བདོའི་འགྲོ་བའི་དཔལ་མགོན་རྗེ། །བླ་ཆེན་ཁོད་སྤུངས་དྲན་པ་ཡབ་སྲས་གསུམ། །བདག་སོགས་དུས་ངན་འགྲོ་བ་ལས་ངན་གྱིས། །རེ་ལྟོས་གཞན་མེད་བླ་ཆེན་ཡབ་སྲས་མཁྱེན། །ཐུགས་རྗེ་ཚད་མེད་སྤྱན་གྱིས་འདིར་གཟིགས་ལ། །དུཿཁས་གཟིར་བའི་འགྲོ་རྣམས་བསྐྱབ་ཏུ་གསོལ། ། ཨེ་མ་ཧོ། གཡུང་དྲུང་རིན་ཆེན་འབར་བའི་གཞལ་ཡས་ན། ། ཀུན་བཟང་དབྱེར་མེད་བླ་ཆེན་དྲན་པ་ལ། །རྩེ་གཅིག་མོས་འདུན་གུས་པས་གསོལ་བ་འདེབས། །ཐར་བའི་ལམ་སྣ་ཟིན་པར་བྱིན་གྱིས་རློབས། །མཁའ་སྤྱོད་བདེ་ཆེན་རིག་འཛིན་གནས་མཆོག་ན། ། གསང་འདུས་ངོ་བོ་ཚེ་དབང་རིག་འཛིན་ལ། །སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས། །དུག་གསུམ་སྡིག་སྒྲིབ་འདག་པར་བྱིན་གྱིས་རློབས། །རྔ་གཡབ་ཟངས་མདོག་དཔལ་གྱི་རི་བོ་ན། །སྟག་ལའི་ཐུགས་སྤྲུལ་པདྨ་འབྱུང་གནས་ལ། །ཡེངས་མེད་རྩེ་གཅིག་སྒོ་ནས་གསོལ་བ་འདེབས། །ལོག་འདྲེན་བདུད་སྲིན་འདུལ་བར་བྱིན་གྱིས་རློབས། །ཨོ་རྒྱན་དུར་ཁྲོད་གནས་བརྒྱད་ཕོ་བྲང་ན། །ཡུམ་ཆེན་མཁའ་འགྲོ་མ་སྲིང་ཚོགས་རྣམས་ལ། །རབ་གུས་གདུང་བ་ཆེན་པོས་གསོལ་བ་འདེབས། །ཕྱི་ནང་བར་ཆོད་སེལ་བར་བྱིན་གྱིས་རློབས། །ལྔ་བདོའི་འགྲོ་བ་སྐྱོབ་པའི་ཐུགས་རྗེ་ཅན། །འཆི་མེད་རིག་འཛིན་བླ་ཆེན་ཡབ་སྲས་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་གར། །སྤྲུལ་སྐུ་འགྲོ་འདུལ་རྣམས་ལ་གསོལ་བ་འདེབས། །བདག་སོགས་སྙིགས་མ་ལྔ་བརྒྱའི་འགྲོ་བ་རྣམས། །མི་བཟད་སྡུག་བསྔལ་ནད་ཀྱིས་གདུངས་པའི་ཚེ། །བླ་ཆེན་ཡབ་སྲས་གསུམ་ལ་གསོལ་འདེབས། །ཁྱེད་ནི་སྨན་ལྷའི་ཚུལ་གྱིས་སྡུག་བསྔལ་སེལ། །བདག་སོགས་སྙིགས་མ་ལྔ་བརྒྱའི་འགྲོ་བ་རྣམས། །དབུལ་ཕོངས་བཀྲེས་སྐོམ་མུ་གེས་མནར་བའི་ཚེ། །བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །ཁྱེད་ནི་ནོར་ལྷའི་ཚུལ་གྱིས་འདོད་ཡོན་སྩོལ། །བདག་སོགས་སྙིགས་མ་ལྔ་བརྒྱའི་འགྲོ་བ་རྣམས། ། འཐབ་རྩོད་འཁྲུག་པ་མཚོན་ཆས་གཟིར་བའི་ཚེ། །བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །ཁྱེད་ནི་དགྲ་ལྷའི་ཚུལ་གྱིས་གཡུལ་ངོར་སྲུངས། །བདག་སོགས་སྙིགས་མ་ལྔ་བརྒྱའི་འགྲོ་བ་རྣམས། །ཡ་ང་ཐེ་ཚོམ་གཅན་འཕྲང་བགྲོད་པའི་ཚེ། །བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །ཁྱེད་ནི་ལམ་ལྷའི་ཚུལ་གྱིས་ལམ་སྣ་དྲོངས། ། བདག་སོགས་སྙིགས་མ་ལྔ་བརྒྱའི་འགྲོ་བ་རྣམས། །མི་མཐུན་རྐྱེན་གྱིས་ཡུལ་ཁམས་བསླད་པའི་ཚེ། །བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །ཁྱེད་ནི་ཡུལ་ལྷའི་ཚུལ་གྱིས་མཐུན་རྐྱེན་སྤེལ། ། བདག་སོགས་སྙིགས་མ་ལྔ་བརྒྱའི་འགྲོ་བ་རྣམས། །སྐྱི་འདངས་ཆུ་ཡི་བསྐལ་པས་བཤལ་བའི་ཚེ། །བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། ། ཁྱེད་ནི་ཉི་མའི་ཚུལ་གྱིས་ཆུ་ཀླུང་སྐེམས། །བདག་སོགས་སྙིགས་མ་ལྔ་བརྒྱའི་འགྲོ་བ་རྣམས། །རྨ་འདངས་མེ་ཡི་བསྐལ་པས་འཚིག་པའི་ཚེ། ། བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །ཁྱེད་ནི་ཀླུ་དབང་ཚུལ་གྱིས་ཆར་རྒྱུན་ཕོབས། །བདག་སོགས་སྙིགས་མ་ལྔ་བརྒྱའི་འགྲོ་བ་རྣམས། །གཡོ་འཁྲུག་རླུང་གི་བསྐལ་པས་གཡེང་པའི་ཚེ། །བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །ཁྱེད་ནི་རི་རབ་ཚུལ་གྱིས་ཡོལ་བར་མཛོད། །བདག་སོགས་སྙིགས་མ་ལྔ་བརྒྱའི་འགྲོ་བ་རྣམས། ། དུས་མིན་འཆི་བའི་རྐྱེན་བརྒྱད་ལྡང་བའི་ཚེ། །བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །ཁྱེད་ནི་སྲུང་མའི་ཚུལ་གྱིས་བར་ཆོད་ཟློག ། བདག་སོགས་སྙིགས་མ་ལྔ་བརྒྱའི་འགྲོ་བ་རྣམས། །ཚེ་ཟད་ཤི་བའི་དུས་ལ་ཐུག་པའི་ཚེ།།བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། ། ཁྱེད་ནི་རིག་འཛིན་ཚུལ་གྱིས་ཚེ་སྲོག་སྲིངས། །བདག་སོགས་སྙིགས་མ་ལྔ་བརྒྱའི་འགྲོ་བ་རྣམས། །ཤི་གསོན་བར་མཚམས་བེམ་རིག་བྲལ་བའི་ཚེ། །བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །ཁྱེད་ནི་བླ་མའི་ཚུལ་གྱིས་ངོ་སྤྲོད་མཛོད། །བདག་སོགས་སྙིགས་མ་ལྔ་བརྒྱའི་འགྲོ་བ་རྣམས། །ལས་ངན་དབང་གིས་འཁོར་བར་འཁྱམ་པའི་ཚེ། །བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །ཁྱེད་ནི་སྟོན་པའི་ཚུལ་གྱིས་ཐར་ལམ་སྟོན། །བདག་སོགས་སྙིགས་མ་ལྔ་བརྒྱའི་འགྲོ་བ་རྣམས། །མ་རིག་རྨོངས་པས་བྱ་བློ་ནོར་བའི་ཚེ། །བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །ཁྱེད་ནི་ཕ་མའི་ཚུལ་གྱིས་བློ་གྲོས་ཐོབས། །བདག་སོགས་སྙིགས་མ་ལྔ་བརྒྱའི་འགྲོ་བ་རྣམས། །གཏི་མུག་བླུན་འཐིབ་ཏོམ་ཆོལ་སྤྱོད་པའི་ཚེ། །བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། ། ཁྱེད་ནི་སློབ་དཔོན་ཚུལ་གྱིས་མ་ཤེས་སློབས། །བསྐལ་པ་མར་འགྲིབ་ཐ་མའི་དུས་འདི་ལ། །བོན་གྱི་བསྟན་པ་དར་རྒུད་འབྱུང་བའི་ཚེ། །བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །ཁྱེད་ནི་འཕགས་མཆོག་ཚུལ་དུ་བསྟན་པ་སྐྱོངས། །བསྐལ་པ་མར་འགྲིབ་ཐ་མའི་དུས་འདི་ལ། ། བསྟན་འཛིན་གཤེན་པོ་དགྲ་ཡིས་མནར་བའི་ཚེ། །བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །ཁྱེད་ནི་བསྟན་སྲུང་ཚུལ་དུ་དགྲ་བགེགས་སྒྲོལ། །བསྐལ་པ་མར་འགྲིབ་ཐ་མའི་དུས་འདི་ལ། །ལམ་ཞུགས་གང་ཟག་དགེ་སྦྱོར་སྐྱོང་བའི་ཚེ། །བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །ཁྱེད་ནི་མ་སྲིང་ཚུལ་དུ་སྡོངས་གྲོགས་གྱིས། ། བསྐལ་པ་མར་འགྲིབ་ཐ་མའི་དུས་འདི་ལ། །ལས་ཅན་སྐྱེས་བུས་འགྲོ་དོན་མཛད་པའི་ཚེ། །བླ་ཆེན་ཡབ་སྲས་གསུམ་ལ་གསོལ་བ་འདེབས། ། ཁྱེད་ནི་ཡི་དམ་ཚུལ་དུ་དབང་བྱིན་ཕོབས། །བསྐལ་པ་མར་འགྲིབ་ཐ་མའི་དུས་འདི་ལ། །བདག་སོགས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །རེ་ས་སྐྱབས་གནས་ཁྱེད་ལས་གཞན་མེད་དེ། །ཁྱེད་ཀྱི་ཐུགས་རྗེའི་སྤྱན་གྱིས་མ་གཟིགས་ན། །ཕ་མ་བྲལ་བའི་དྭ་བུ་སུ་ཡིས་སྐྱོང་། ། ཡི་དམ་ལྷ་ནི་འགྲུབ་དཀའ་ཐུགས་རྗེ་གཡེལ། །བསྟན་སྲུང་རི་རབ་ངོས་གཟིགས་སྡོངས་གྲོགས་ཞན། །གཙང་རིགས་དཔལ་མགོན་མི་འཁོར་དགུང་དུ་བྲོས། །རྒྱལ་བསེན་ཐེའུ་རང་འགོང་བོ་མངོན་སུམ་རྒྱུ། །གཟའ་ཀླུ་སྡེ་བརྒྱད་ཁྲོ་གཏུམ་ཤིན་ཏུ་རྒོད། །མཐའ་དམག་གདུག་པའི་མི་རྣམས་དབུས་སུ་ལྷགས། །ནད་མུག་མཚོན་གསུམ་རླུང་འཚུབ་ལྟར་དུ་ལྡང་། །འགྲོ་རྣམས་མི་འདོད་སྡུག་བསྔལ་རབ་ཏུ་ཆེ། །སངས་རྒྱས་བསྟན་པ་རྟགས་ཙམ་འཛིན་པའི་དུས། །འདི་ལ་ཐུགས་རྗེས་གཟིགས་པའི་དུས་ལ་བབ། །གལ་ཏེ་ཁྱེད་ཀྱིས་འགྲོ་བའི་དོན་བོར་ན། ། ལྔ་བརྒྱ་སྙིགས་མའི་འགྲོ་བ་སུ་ཡིས་འདྲེན། །འགྲོ་བའི་དོན་ལ་སྐྱོ་ངལ་མཛད་ལགས་སམ། །ཐུགས་རྗེའི་གནས་ལ་བྲི་བཀོལ་བྱེད་དམ་ཅི། །དེ་ལྟར་མ་ཡིས་འགྲོ་དོན་དུས་བབ་ཚེ། །བདག་སོགས་ཉམ་ཐག་འགྲོ་ལ་ཐུགས་རྗེས་གཟིགས། །ལུས་ལ་ན་ཚ་སྡུག་བསྔལ་མེད་པ་དང་། ། སེམས་ཀྱི་ཉོན་མོངས་ཟུག་རྔུ་ཞི་བར་མཛོད། །ལས་ལ་ཕྱི་བཤོལ་བར་ཆོད་མེད་པ་དང་། །ཚེ་དང་སྲོག་ལ་ཧུར་ཐུམ་མེད་པར་མཛོད། ། བདག་སོགས་དད་དང་མོས་པ་རྩེ་གཅིག་གིས། །མ་ཡེངས་སྙིང་གི་དཀྱིལ་དུ་ཁྱེད་བསྒོམ་ན། །མི་འབྲལ་ཐུགས་རྗེས་རྟག་པར་གཟུང་དུ་གསོལ། །མ་བརྗེད་དུས་མེད་རྒྱུན་དུ་གསོལ་གདབ་ན། །མི་རིང་ཉེ་བར་བྱིན་གྱིས་བརླབ་ཏུ་གསོལ། །སྟོང་གསུམ་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་སྟེ། །ཁྱད་པར་བོད་ཁམས་སྐྱོང་བར་ཞལ་འཆེས་བཞིན། །ཉེ་རིང་མེད་པར་བདག་ཅག་ཐུགས་རྗེས་ཟུངས། །ཕྱོགས་རིས་མེད་པར་མོས་ཚད་ལམ་སྣ་དྲོངས། །འདུ་འབྲལ་མེད་པར་ལུས་དང་གྲིབ་ལྟར་སྐྱོབས། །རྒྱུན་ཆད་མེད་པར་བྱིན་རླབས་ཆར་བཞིན་ཕོབས། །བཏང་སྙོམས་མེད་པར་རྟག་ཏུ་སྲུང་སྐྱོབ་མཛོད། ། བདག་གིས་གསོལ་བ་ཇི་ལྟར་བཏབ་པ་བཞིན། །ཁྱེད་ཀྱི་ཐུགས་རྗེས་དེ་ལྟར་གཟུང་དུ་གསོལ། ། བསམ་པའི་དོན་རྣམས་མ་ལུས་ཡོངས་གྲུབ་ནས། །ཉིད་དང་དབྱེར་མེད་མཉམ་པའི་དངོས་གྲུབ་སྩོལ། ། ཨཱོྃ་ཨཿཧཱུཾ་དྲན་པ་མུ་ལ་ཨ་ཡུ་བ་ཤད་གུ་རུ་པདྨ་དྷ་ཀི་རཏྞ་སིདྷི་ཕ་ལ་ཧོ། ཞེས་གསོལ་བ་རྩེ་གཅིག་ཏུ་གདབ་ན། ལྔ་བརྒྱའི་དུས་སུ་འགྲོ་ཀུན་བསྐྱབ་པར་ཞལ་གྱིས་བཞེས་པ་བཞིན་དུ་ཐུགས་རྗེས་ངེས་པར་འཛིན། དེ་ལྟར་བླ་ཆེན་ཡབ་སྲས་གསུམ་གྱི་གསོལ་འདེབས་ཉུང་འདུས་འདི། སྤྲུལ་སྐུ་བློ་ལྡན་སྙིང་བོའི་མ་འོངས་ལུང་བསྟན་ལས་གསུངས་བཞིན་པ་ལྟར། འདི་འདྲ་ཞིག་རྩོམ་དགོས་བསམ་པའི་དད་པ་སྔོན་ནས་ཡོད་ཀྱང་། ཉེ་བར་འགོ་བ་ཀླུ་སྐྱོབ་ཀྱང་གོང་མའི་ཕོ་བྲང་དུ་འགྲོ་བའི་ཚེ། བར་ཆོད་ཀུན་སེལ་གྱི་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་བས་རྐྱེན་སྦྱར་ཏེ། འཆལ་གཏམ་པ་ནམ་མཁའ་རྒྱལ་མཚན་གྱིས་ས་ཡོས་ཟླ་བ་ལྔ་ཡི་ཚེས་བདུན་ལ། མདའ་ཆེན་དཀར་མོ་རི་ཁྲོད་དུ་ཡི་གེར་བཀོད་པས་ཐ་ཚན་མུ་ཙུག་སྨར་རོ།། བཀྲ་ཤིས་པར་ཤོག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།