བདེ་ཆེན་ཞིང་གི་སྨོན་ལམ་རྣམ་མཁྱེན་གྲོང་འཇུག་བཞུགས།

བདེ་ཆེན་ཞིང་གི་སྨོན་ལམ་རྣམ་མཁྱེན་གྲོང་འཇུག་བཞུགས།
ཤར་རྫ་བཀྲ་ཤིས་རྒྱལ་མཚན།

༄༅། ། སངས་རྒྱས་ཞིང་མཆོག་བདེ་བ་ཅན་ལ་པ་ཏ་ཡ། སངས་རྒྱས་ཞིང་མཆོག་འོལ་མོའི་གླིང་ཆེན་དུ། ། སྐྱེ་བར་འདོད་པའི་གང་ཟག་གང་ཡིན་དེས། །གོང་དུ་རྟེན་མཆོག་ཁྱད་པར་ཅན་གྱི་དྲུང༌། ། འོས་པའི་མཆོད་ཚོགས་གང་འབྱོར་བཤམས་བྱས་ལ། །རང་བཞིན་དག་པའི་སྤྱོད་ཚུལ་བསླབ་པའི་ངོས། །དད་པའི་བློ་ཡིས་ཚིག་འདི་དབྱངས་ལ་བསྐྱོན། ། ཨེ་མ་ཧོ། འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་དེ་རུ། །དག་པའི་ཞིང་མཆོག་འོལ་མོ་ལུང་རིང་ཞེས། །ངོ་མཚར་རྨད་བྱུང་ཡིད་འོང་ལྷ་ཡི་གནས། །ས་ནི་པདྨ་འདབ་བརྒྱད་རྣམ་པར་བཀྲ། གནམ་ནི་འཁོར་ལོ་རྩིབས་བརྒྱད་འོད་དུ་གསལ། །གླིང་དང་གླིང་ཆུང་ལྕགས་རི་དང་བཅས་པ། ། དཔག་ཚད་སྟོང་དང་ལྔ་བརྒྱས་བསྐོར་བའི་དབུས། །གཡུང་དྲུང་དགུ་བརྩེགས་རིན་ཆེན་བཞི་བཀྲའི་རི། །དུས་གསུམ་སངས་རྒྱས་ཐམས་ཅད་འབྱོན་པའི་གནས། །ཕྱི་རིམ་ཚལ་བཞི་རོལ་ མཚོས་བསྐོར་བ་ལ། །ཤར་ན་ཤམ་པོ་ལྷ་རྩེའི་བཀོད་པ་མཛེས། །ལྷོ་ན་བར་བོ་སོ་བརྒྱད་འོད་དུ་འབར། །ནུབ་ན་ཁྲི་སྨོན་རྒྱལ་བཞད་ངོ་མཚར་གླིང༌། །བྱང་ན་ཁོལ་མ་ནེའུ་ཆུང་གཡུ་ལས་གྲུབ། ། ཤར་ལྷོར་བདེ་བ་རང་གྲུབ་དག་པའི་ཞིང༌། །ལྷོ་ནུབ་ཐུགས་རྗེ་འབྱུང་བ་གྲུབ་པའི་གནས། ། ནུབ་བྱང་རྣམ་དག་དཀར་པོ་ཤེལ་ལས་གྲུབ། །བྱང་ཤར་གཤེན་རབ་སྐུ་ཚད་བཻཌཱུར་སྔོ། །དེ་རྒྱབ་རིན་ཆེན་ལྔ་དང་དྭངས་བསིལ་མཚོ། །རྩི་ཤིང་པདྨའི་རྭ་བས་བསྐོར་བ་ལ། །ཤར་ན་གཡུང་དྲུང་བཀོད་གླིང་འདོད་དགུ་ཚང༌། །ལྷོ་ན་ཚད་མེད་བྱང་ཆུབ་རྒྱུད་སྦྱང་ས། །ནུབ་ན་མི་གཡོ་བསམ་གཏན་སྒོམ་པའི་གནས། །བྱང་ན་གནོད་སྦྱིན་ནོར་གླིང་འཛམ་ལྷ་གནས། །མཚམས་བཞིར་དགའ་ལྡན་ལྷ་གླིང་འདུལ་ཁྲིམས་གླིང༌། །བདུད་འདུལ་སྔགས་གླིང་སྦྱིན་པ་མཐར་རྒྱས་གླིང༌། །དགེ་རྒྱས་ཡོན་ཏན་ཚད་མེད་བྱམས་པའི་གླིང༌། །རིན་ཆེན་གྲམ་གླིང་རིན་ཆེན་སྤུངས་པའི་གླིང༌། །དེ་སོགས་གླིང་དང་གླིང་ཆུང་བལྟར་མི་ངོམས། །དེ་རྒྱབ་མཚོ་དང་ལྗོན་ཤིང་མཛེས་པའི་ཚལ། །དྲང་སྲོང་འགོག་པ་གནས་པའི་ཕྱི་རོལ་དུ། །ཤར་ན་རྒྱལ་རིགས་རྒྱལ་ས་འཛིན་པའི་གླིང༌། །ལྷོ་ན་རྗེའུ་རིགས་བཀོད་པ་མཛེས་པའི་ཞིང༌། །ནུབ་ན་བྲམ་ཟེ་གཙང་མ་འདུས་པའི་ཡུལ། །བྱང་ན་དམངས་རིགས་གདོལ་བའི་གྲོང་ཁྱེར་ཆགས། །མཚམས་བཞིར་གླིང་ཆུང་གཉིས་གཉིས་བརྒྱད་ཀྱིས་བསྐོར། །དེ་རྒྱབ་འཁོར་མོ་གླིང་མཚོའི་ཕྱི་རོལ་དུ། །ཤར་ན་ཨ་བ་ད་རའི་ཡུལ་མཆོག་མཛེས། །ལྷོ་ན་ཁྲི་དང་འབྱམས་པའི་ཞིང་ཁམས་བཀྲ །ནུབ་ན་རྒྱ་ལག་འོད་མའི་གླིང་ཆེན་ཆགས།།བྱང་ན་འོད་མ་འབྱམས་སྐྱའི་རྒྱལ་ཁབ་གནས། །དེ་སོགས་གླིང་ཆེན་བཅུ་དྲུག་བཀོད་པ་གསལ། །དེ་རྒྱབ་མུ་ཁྱུད་གདལ་བའི་རྒྱ་མཚོ་དང༌། །དབལ་སོ་གངས་ཀྱི་རྭ་བས་ཡོངས་སུ་བསྐོར། །ཨེ་མ་རྒྱལ་བའི་ཞིང་ཁམས་ཆེན་པོ་དེར། །སངས་རྒྱས་བྱང་སེམས་འཕགས་ཚོགས་ སྐར་ལྟར་བཀྲ །ཡི་དམ་ཞི་ཁྲོའི་ལྷ་ཚོགས་སྤྲིན་ལྟར་གཏིབ། །རིག་འཛིན་དཔའ་བོ་དཔའ་མོ་གཞའ་ལྟར་འཁྱུག །བསྟན་སྲུང་དམ་ཅན་ཕོ་མོ་གློག་ལྟར་འགྱུ། །བདག་སོགས་འགྲོ་རྣམས་སྒོ་གསུམ་བཏུད་བྱས་ཏེ། །རྒྱལ་བ་རྒྱ་མཚོའི་ཞིང་ལ་ཕྱག་འཚལ་ལོ། །ཐོག་མའི་དུས་ནས་ད་ལྟ་འདིར་ཐུག་བར། །སྡིག་ལྟུང་བག་ཆགས་སྒྲིབ་པ་ཅི་བསགས་པ། །རྒྱལ་བའི་དྲུང་དུ་མཐོལ་ཞིང་བཤགས་པར་བགྱི །བྱང་ཞིང་དག་པར་ཁྱེད་ཀྱིས་མཛད་དུ་གསོལ། །མར་མེ་མེ་ཏོག་བདུག་སྤོས་དྲི་ཆབ་བཤོས། །གདུགས་དང་རྒྱལ་མཚན་སྒྲ་སྙན་རོལ་མོའི་ཚོགས། །མཆོད་པའི་སྤྲིན་ཚོགས་ནམ་མཁའི་ཁམས་གང་བ། །ལྷ་དང་ལྷ་མོས་འབུལ་གྱི་བཞེས་སུ་གསོལ། །སྲས་བཅས་རྒྱལ་བའི་མཛད་པ་བླར་མེད་ཅིང༌། །འཇིག་རྟེན་ལྷ་མིའི་བསོད་ནམས་གང་དག་དང༌། །དག་པའི་ཞིང་གི་བཀོད་པ་བསམ་ཡས་ལ། །བདག་སོགས་འགྲོ་བ་མ་ལུས་རྗེས་ཡི་རང༌། །གང་ཞིག་རིགས་ཅན་གསུམ་གྱི་གདུལ་བྱ་རྣམས། །ཐར་བ་ཐམས་ཅད་མཁྱེན་པའི་ལམ་བགྲོད་ཕྱིར། །བཀའ་ཡི་འཁོར་ལོ་དེ་བཞིན་བསྐོར་མཛད་ལ། །འགྲོ་བའི་དོན་མཛད་རྒྱལ་བ་སྲས་བཅས་ཀྱང༌། །ཇི་སྲིད་འཁོར་བའི་ཞིང་འདི་མ་སྟོང་བར། །དེ་སྲིད་འགྲོ་བ་འདྲོང་ཕྱིར་བཞུགས་གསོལ་འདེབས། །འདི་སོགས་ དུས་གསུམ་དགེ་བ་གང་བགྱིས་པ། །ཅུང་ཟད་ཙམ་ཡང་ཞིང་མཆོག་དེར་སྐྱེ་ཞིང༌། །གཡུང་དྲུང་སེམས་དཔའི་སྤྱོད་ལ་གནས་པ་དང༌། །བླ་མེད་རྫོགས་པའི་བྱང་ཆུབ་འཐོབ་ཕྱིར་བསྔོ། །བདག་ནི་འདི་ནས་ཚེ་འཕོས་གྱུར་མ་ཐག །འཛམ་གླིང་ཞིང་གཙོ་འོལ་མོ་གླིང་ཆེན་གྱི །གཡུང་དྲུང་དགུ་བརྩེགས་རིན་ཆེན་འབར་བའི་རི། །གཞལ་ཡས་རྟེན་མཆོག་ཤམ་པོའི་ལྷ་རྩེའི་དྲུང༌། །སྐྱོན་བྲལ་པདྨའི་རྩེ་ལ་འཁྲུངས་གྱུར་ནས། །སངས་རྒྱས་དངོས་ཀྱི་ཞལ་མཇལ་གསུང་ཐོས་ཏེ། །བོན་གྱི་མཛོད་འཛིན་ཟག་མེད་དགོངས་བརྙེས་ཤོག །ཨེ་མ་ཞིང་ཁམས་དེ་ཡི་ས་གཞི་ནི། །གསེར་དངུལ་ཨུན་དང་ཟངས་ལྕགས་ལས་གྲུབ་ཅིང༌། །གསེར་གྱི་ཕྱེ་མ་གཡུ་ཡི་སྤངས་ལྗོངས་མཛེས། །རིན་ཆེན་རི་དང་བཻཌཱུའི་བྲག་རི་ལ། །བཀྲ་ཤིས་རྟགས་བརྒྱད་རིགས་རྟགས་འབུར་དུ་དོད། །བདག་ནི་ཞིང་མཆོག་དེ་རུ་སྐྱེ་བར་ཤོག །ཤིང་མཆོག་མཇའ་ཚོན་འོད་འབར་རབ་མཛེས་ཤིང༌། །དཔག་བསམ་ལྗོན་ཤིང་དགོས་དགུ་ཡོངས་ཀྱིས་ཕྱུག།ཙན་དན་ནགས་ཚལ་སྨན་ཤིང་སྡོང་བོ་ཡིས། །ཉོན་མོངས་ནད་སེལ་དྲི་བསུང་དཔག་ཚད་ཁྱབ། །བདག་ནི་ཞིང་མཆོག་དེ་རུ་སྐྱེ་བར་ཤོག །ཆུ་བཞིས་སྙན་སྒྲོགས་ཆུ་བྲན་འོད་གསལ་ཅིང༌། །དྭངས་བསིལ་ཡན་ལག་བརྒྱད་ལྡན་མཚོ་མོ་དང༌། །སྤོས་ཆུ་འདྲེས་པའི་རྗིང་བུ་ཀུན་དུ་འཁྱིལ། །ཨུཏྤལ་ནགས་དང་པདྨའི་ཚལ་རྣམས་སུ། །བྷྲ་མ་ར་ཡིས་སྔགས་ཀྱི་བརྡ་གླུ་བསྒྱུར། །བདག་ནི་ཞིང་མཆོག་དེ་རུ་སྐྱེ་བར་ཤོག །ཞིང་དེའི་བྱ་བྱེའུ་རི་གཡུང་གཅན་གཟན་རྣམས། །གཅིག་གིས་གཅིག་ལ་མི་འཚེ་བྱམས་སེམས་ལྡན། །ནེའུ་སིང་སྨན་ལྗོངས་མཛེས་པའི་སྐྱེལ་ཚལ་དུ། །ཐམས་ཅད་རྩེད་དང་འཁྲབ་དང་གུས་ཚུལ་བྱེད། །བདག་ནི་ཞིང་མཆོག་དེ་རུ་སྐྱེ་བར་ཤོག །ཕྱོགས་ཀུན་རིན་ཆེན་གཞལ་མེད་ཁང་བཟང་དང༌།།གསལ་བའི་ཧོས་གུར་གཞའ་ཚོན་རྒྱབ་ཡོལ་དང༌། །དར་གྱི་ཆས་གོས་མཛེས་པའི་ཁྲི་སྟན་དང༌། །ཞལ་ཟས་རོ་ལྡན་བདུད་རྩིའི་མཚོ་མོ་དང༌། །རིན་ཆེན་ནོར་བདུན་བཀྲ་ཤིས་རྫས་བརྒྱད་དང༌། །རྒྱལ་སྲིད་སྣ་བདུན་གཏེར་གྱི་བུམ་བཟང་དང༌། །མ་རྨོས་ལོ་ཏོག་འདོད་ཡོན་རྭ་བས་བསྐོར། །བདག་ནི་ཞིང་མཆོག་དེ་རུ་སྐྱེ་བར་ཤོག །ཡུལ་དེའི་ལྷ་མི་རྣམས་ཀྱང་བག་ལྡན་ཅིང༌། །སྡིག་བཅུ་ཡོངས་བྲལ་དགེ་བཅུ་ཕུན་ཚོགས་ཏེ། །མི་ཁོམ་བརྒྱད་སོགས་འཇིགས་པའི་གཡང་ས་བྲལ། །བདག་ནི་ཞིང་ མཆོག་དེ་རུ་སྐྱེ་བར་ཤོག །བཀའ་ལུང་ཉན་བཤད་ཤིང་དྲུང་མི་རྟག་སྡེ། །རི་ཁྲོད་ཅོག་པུར་བྲག་དགོན་དཀའ་ཐུབ་སྡེ། །དག་པ་དྲང་སྲོང་གཙང་མ་གཙུག་ཕུད་སྡེ། །ཚུལ་གནས་དགེ་བསྙེན་བསྙེན་གནས་ཡན་ལག་སྡེ། །སྡེ་བཞི་ཡ་བརྒྱད་རང་རང་ལུགས་བཞིན་སྤྱོད། །བདག་ནི་ཞིང་མཆོག་དེ་རུ་སྐྱེ་བར་ཤོག །ཞིང་དེའི་མངའ་བདག་ལྷ་མིའི་སྟོན་པ་དེས། །ཞུ་འཁོར་གཤེན་དང་ཉན་དང་སྡུད་པ་པོ། །གཡུང་དྲུང་སེམས་དཔའ་ལྔ་སྟོང་ལྔ་བརྒྱ་དང༌། །ཡེ་གཤེན་སུམ་བརྒྱ་དྲུག་ཅུ་ལྷ་མིའི་འཁོར། །བྱེ་བ་འབུམ་ཕྲག་གྲངས་འདས་མང་པོ་ལ། །སྡེ་བཅུ་བོན་གྱི་འཁོར་ལོ་ རྟག་ཏུ་བསྐོར། །བདག་ནི་ཞིང་མཆོག་དེ་རུ་སྐྱེ་བར་ཤོག །དེ་ནས་ནམ་ཞིག་ཚེ་ཡི་དུས་བྱུང་ཚེ། །འོག་མིན་ཞིང་གི་འོལ་མོ་གླིང་ཆེན་དེར། །རྣམ་ཤེས་འོད་ཀྱི་གོང་བུར་བསྡུས་བྱས་ནས། །སྐད་ཅིག་རིག་པའི་གསང་ལམ་ལ་ཞུགས་ཏེ། །ས་བཅུའི་དབྱིངས་སོན་བཅུ་གཅིག་ཡོངས་གོང་དེར། །སངས་རྒྱས་ཞིང་ནས་སངས་རྒྱས་ཞིང་བགྲོད་དེ། །མངོན་པར་དགའ་དང་དཔལ་ལྡན་མཛེས་པ་དང༌། །བདེ་བ་ཅན་དང་ལས་རབ་རྫོགས་པའི་ཞིང༌། །དེ་བཞིན་རིགས་སུ་མངོན་པར་སངས་རྒྱས་ནས། །དཔག་མེད་འགྲོ་བའི་དོན་བྱེད་ནུས་པར་ཤོག །ཨེ་མ་རྒྱལ་བའི་ཞིང་ཁམས་ཉམས་རེ་དགའ། །ཚངས་སོགས་འཇིག་རྟེན་ཆེ་དགུས་བསྔགས་པའི་ཡུལ། །སངས་རྒྱས་ཞིང་མཆོག་ངོ་མཚར་དཔལ་གྱི་གནས། །གནས་མཆོག་དམ་པ་འོལ་མོ་གླིང་ཆེན་དེར། །ད་ནས་འཇིག་རྟེན་སྣང་དགས་མི་བསླུ་བར། །ཉིན་མཚན་བར་མེད་དགེ་ལ་རྒྱུན་བརྩོན་ཞིང༌། །སྐྱེ་བའི་རྒྱུ་མཆོག་སྙིང་ནས་སྒྲུབ་བྱེད་ཤོག །མཆོག་གསུམ་རྒྱལ་བ་སྲས་བཅས་བྱིན་རླབས་དང༌། །བོན་ཉིད་རྣམ་པར་དག་པའི་བདེན་པ་དང༌། །བདག་གི་བསམ་སྦྱོར་དགེ་བའི་ནུས་མཐུ་ཡིས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་གྱུར་ཅིག ། དེ་ནས་སྨོན་ལམ་འགྲུབ་པའི་སྔགས་ནི། བྱམས་རྒྱུད་ལས། ཨཱོ་ཨ་པར་བཾ་མོ། སྐྱེལ་ཁང་ཧྲུན་སྤུངས། ལིག་ཝེར་སརྦ་མ་ནི་བྷྱིད་སྨར་དེ་གྱེར་སད་གྱེར་རྒྱུང་ལིག དམུ་ར་ཧན་ཝང་ཡེ་བྷྲུཾ་ཧྲུན། ཅུང་བྷེ་རད་ཅིན་གསལ་ཟེར་མུ་ལ། རྒྱར་ཁྱབ་སྤྲོས་བདལ་སྭཱཧཱ། གང་འགྲུབ་བཟླས་སོ། ཞེས་བདེ་ཆེན་ཞིང་གི་སྨོན་ལམ་རྣམ་མཁྱེན་གྲོང་འཇུག་ཅེས་བྱ་བ་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱིས་དབེན་པའི་རི་སུལ་དུ་བྲིས་པས། འགྲོ་ཀུན་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་འགྱུར་བར་གྱུར་ཅིག སརྦ་མངྒ་ལཾ། ཤུ་བྷཾ། བྷ་བནྟུ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།