བདེ་ཆེན་ཞིང་གི་སྨོན་ལམ་ཐུགས་རྗེའི་ཉག་ཐག་ཅེས་བྱ་བ་བཞུགས་སོ།

བདེ་ཆེན་ཞིང་གི་སྨོན་ལམ་ཐུགས་རྗེའི་ཉག་ཐག་ཅེས་བྱ་བ་བཞུགས་སོ།
ཤར་རྫ་བཀྲ་ཤིས་རྒྱལ་མཚན།

༄༅།། རྒྱལ་བ་ཚད་མེད་པའི་འོད་དང་ལྡན་པ་བྱེ་བྲག་སོ་སོར་རྟོག་པའི་ལྷ་དངོས་པོ་མེད་པ་ལ་ཕྱག་འཚལ་ལོ། ། བདེ་བ་ཅན་གྱི་ཞིང་ཁམས་སུ། །མྱུར་དུ་སྐྱེ་འདོད་གང་ཟག་གིས། །ནུབ་ཕྱོགས་དག་ཏུ་ཁ་བལྟས་ལ། །དག་པ་དྲུག་གི་ཚིག་འདི་བརྗོད། །ཨེ་མ་ཧོ། འདི་ནས་ཉི་མ་ནུབ་ཕྱོགས་ཀྱི། །གྲངས་མེད་འཇིག་རྟེན་བརྒལ་བའི་སྟེང༌། །བདེ་བ་ཅན་གྱི་ཞིང་ཁམས་ཡོད། །གནས་དེ་གང་གིས་མ་བཟོས་པར། །རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང༌། །ཕྱོགས་དང་མཐར་ལྷུང་མེད་པའི་གནས། །དེ་ན་ཕོ་བྲང་གྲུ་བཞི་རྒྱས། ། ཐུགས་རྗེ་བཞི་ཡི་སྒོ་བཞི་དོད། །ཐར་ལམ་བརྒྱད་ཀྱི་སྒོ་རྒྱན་མཛེས། །ཡེ་ཤེས་རྩེ་མོ་གཅིག་ཏུ་འཁྱིལ། །ཡོན་ཏན་ཡོངས་རྫོགས་དྲྭ་ཆུན་མཛེས། །ཕྱི་ནང་སྒྲིབ་མེད་གཞལ་ཡས་ནང༌། །མི་འཇིགས་སེངྒེ་སྟོབས་ལྡན་གླང༌། །རྫུ་འཕྲུལ་རྟ་མཆོག་རྨ་བྱ་དང༌། །ཕྲིན་ལས་ཤང་ཤང་བསྣོལ་བའི་ཁྲིར། །དྲི་མེད་པདྨ་སྤུངས་བའི་ཁར། །ཐབས་ཤེས་ཉི་ཟླ་བརྩེགས་པའི་སྟེང༌། །རྒྱལ་བ་ཚད་མེད་འོད་དཔག་མེད། །དམར་གསལ་རཱ་གའི་མཆོད་སྡོང་ལ། །ཉིན་བྱེད་འབུམ་གྱིས་འཁྱུད་པ་བཞིན། །ཐིག་ལེ་ཉག་གཅིག་ཞལ་གཅིག་གསལ། །བདེན་གཉིས་ཕྱག་གིས་ཨུཏྤལ་རྩེར། །ཐུགས་རྗེའི་ལྕགས་ཀྱུ་ཆགས་ཤིང་འཛིན། །ཡོན་ཏན་ཡོངས་རྫོགས་ཆས་ཀྱིས་སྤྲས། །བདུད་བཞི་ཟིལ་གནོན་སྐྱིལ་ཀྲུང་མཛད། །སྨོན་ལམ་ལྷ་ལྔ་དབུ་ལ་བརྒྱན། །སྨོན་ལམ་བསམ་མཐའ་ཡས་པ་དམར། །སྨོན་ལམ་འགྱུར་བ་མེད་པ་སེར། །སྨོན་ལམ་ཡིད་བཞིན་འབྱུང་བ་སྔོ། །སྨོན་ལམ་དཔག་ཏུ་མེད་པ་དམར། །སྨོན་ལམ་དོན་ཀུན་འགྲུབ་པ་ལྗང༌། །གཡས་གཡོན་རིགས་རྟགས་བུམ་པ་བསྣམས། །པདྨ་ཉི་ཟླའི་ཁྲི་ལ་བཞུགས། །ཐུགས་རྗེ་སྤྱན་གྱིས་བདག་ལ་གཟིགས། །འོད་དཔག་མེད་པའི་ཞིང་ཁམས་ལ། །བདག་ཉིད་མོས་པ་རྩེ་གཅིག་གིས། །སྙན་པའི་དབྱངས་ཀྱིས་བསྟོད་པར་བྱེད། །གུས་པ་ལུས་ཀྱིས་བརྐྱངས་ཕྱག་འཚལ། །ཕྱག་གཡས་འོད་ཟེར་ལས་སྤྲུལ་བ། །སྟོན་པ་འོད་དཔག་མེད་པ་ལྗང༌། །ཕྱག་གཡོན་འོད་ཟེར་ལས་སྤྲུལ་བ། །ཡུམ་ཆེན་ཐུགས་རྗེ་བྱམས་མ་དཀར། ། ཞབས་གཡས་འོད་ཟེར་ལས་སྤྲུལ་པ། །གསང་བདག་འོད་དཔག་མེད་པ་སྔོ། །ཞབས་གཡོན་འོད་ཟེར་ལས་སྤྲུལ་པ། །སྣང་མདོག་འོད་དཔག་མེད་པ་མཐིང༌། །ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པ། །འཆི་མེད་རྒྱལ་བ་ཡབ་སྲས་གསུམ། །རང་རང་བརྡ་ཐབས་ཕྱག་རྒྱ་བསྒྱུར། །ཡས་སྤྲུལ་ལྷ་ཚོགས་བསམ་མི་ཁྱབ། །འོད་དཔག་མེད་ལ་ཕྱག་འཚལ་ལོ། །སྐུ་ལ་མཚན་བཟང་སོ་གཉིས་བཀྲ ། གསུང་ལ་བོན་སྒོ་བརྒྱད་ཁྲི་སྤྲོ། །ཐུགས་ལ་ཡེ་ཤེས་དྲུག་ཅུ་འབར། །ཡོན་ཏན་ཡིད་བཞིན་ནོར་བུའི་ཚུལ། །ཕྲིན་ལས་རྩོལ་མེད་ལྷུན་གྱིས་གྲུབ། །འོད་དཔག་མེད་ལ་ཕྱག་འཚལ་ལོ། །དད་པས་ཐལ་མོ་སྦྱར་བྱས་ནས། །ཁྱོད་མཚན་ལན་གཅིག་བརྗོད་པ་ན། །ཐུགས་རྗེ་གློག་ཞགས་མྱུར་བོ་ཡིས། །གནས་ངན་མི་གཏོང་འདྲེན་མཛད་པ། །འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཁྱེད་ཉིད་བདག་མདུན་བསམ་བྱས་ནས། །ཁྱེད་ལ་མོས་པས་གསོལ་བཏབ་ན། །ནམ་ཡང་ཐུགས་རྗེས་མི་འདོར་བར། །ཁྱེད་ཀྱི་ཞིང་ཁམས་སྐྱེ་བར་གསུངས། །འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཁྱེད་མཚན་ལན་གཅིག་ཐོས་གྱུར་ན། །མ་དག་ལུས་སུ་མི་སྐྱེ་ཞིང༌། །རིགས་བཟང་ལྷ་མིའི་ལུས་བརྒྱུད་དེ། །ཁྱེད་ཀྱི་འཁོར་དུ་སྐྱེ་བར་གསུངས། །འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་ད་ལྟའི་བར། །མཚམས་མེད་ལྔ་དང་ཉེ་བ་ལྔ། །ལྩི་བཞི་ལོག་བརྒྱད་འཁྲུལ་བ་དགུ །མི་དགེ་སྡིག་བཅུ་བསགས་པ་བཤགས། །ཕམ་པ་བཞི་དང་ལྷག་མ་དང༌། །ཉོན་འཁྲུལ་ཁྲིམས་ཆེན་ཁ་ཟས་དང༌། །འཐོར་བུའི་སྡེ་ཚན་གསུམ་ལ་སོགས། །སོ་ཐར་ཚུལ་ཁྲིམས་འཆལ་པ་བཤགས། །ཁྱད་པར་སུམ་བརྒྱ་དྲུག་ཅུ་དང༌། །བསྡུས་པ་ཉི་ཤུ་རྩ་བརྒྱད་དང༌། །ཡང་བསྡུས་ནག་པོ་བོན་བཞི་སོགས། །བྱང་སེམས་བསླབ་པ་ཉམས་པ་བཤགས། །རྩ་བའི་དམ་ཚིག་ཉེར་ལྔ་དང༌། །ཡན་ལག་དམ་ཚིག་བདུན་ཅུ་དང༌། །ཕྱི་འགྱུར་དམ་ཚིག་བརྒྱ་རྩ་བརྒྱད། །གསང་སྔགས་དམ་ཚིག་ཉམས་པ་བཤགས། །དངོས་སུ་སྡོམ་པ་མ་ཞུས་ཀྱང༌། །རང་བཞིན་ཁ་ན་མ་ཐོའི་ལས། །རང་གིས་བྱས་དང་གཞན་ལ་བཅོལ། །རྗེས་སུ་ཡི་རངས་ཕུལ་བ་བཤགས། །མར་མེ་མེ་ཏོག་བདུག་སྤོས་དང༌། །འབྲུ་བཅུད་བཤོས་གཙང་དྭངས་བསིལ་ཆབ། །རྒྱུད་ལྔའི་འཁྲུལ་སྣང་དག་པའི་ཕྱིར། །འོད་དཔག་མེད་པ་ཁྱེད་ལ་འབུལ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་སྤོས། །རོ་ལྡན་རེག་འཇམ་བོན་མཆོག་མཛོད། །མཛེས་པའི་གར་དང་རིན་ཆེན་གཏེར། །ཚོགས་བརྒྱད་འཁྲུལ་བ་རང་དག་ཕྱིར། །འོད་དཔག་མེད་པ་ཁྱེད་ལ་འབུལ། །པདྨ་བུམ་པ་གསེར་ཉ་འགྱུ། །རྒྱལ་མཚན་དུང་དཀར་དཔལ་བེའུ་འཁྱིལ། །རྩིབས་སྟོང་རབ་ལྡན་གདུགས་དཀར་འཁོར། །ཁྱེད་ཀྱི་ཡོན་ཏན་བདག་འཐོབ་ཕྱིར། །འོད་དཔག་མེད་པ་ཁྱེད་ལ་འབུལ། །གདོད་ནས་རང་དག་སྟོང་གསུམ་ཞིང༌། །རི་རབ་གླིང་མཚོ་འདོད་ཡོན་བཅས། །སྐུ་དང་ཡེ་ཤེས་མཆོག་བརྙེས་ཕྱིར། །འོད་དཔག་མེད་པ་ཁྱེད་ལ་འབུལ། །གཞན་གྱིས་དགེ་བ་བྱེད་ཐོས་ཚེ། །དེ་ལ་ཕྲག་དོག་སེམས་སྤངས་ནས། །སྙིང་ནས་དགའ་བས་ཡི་རང་ན། །བསོད་ནམས་མཉམ་དུ་འཐོབ་གསུངས་བས། །ལམ་ལྔའི་འཕགས་ཚོགས་དགེ་བ་དང༌། །རྒྱལ་བའི་བཀའ་འཁོར་བསྐོར་མཛད་པ། །སོ་སྐྱེས་བསོད་ནམས་བསགས་རྣམས་ལ། །བདག་ནི་རྟག་པར་ཡི་རང་ངོ། །འཁོར་བའི་སྡུག་བསྔལ་བསལ་བའི་ཕྱིར། །ཐེག་པ་རིམ་དགུ་སྒོ་མཛོད་ལྔ། །ཕྱི་ནང་གསང་བ་གསུམ་པོ་ཡི། །བཀའ་ཡི་འཁོར་ལོ་བསྐོར་དུ་གསོལ། །སེམས་ཅན་ཐར་བར་དྲང་བ་དང༌། །སངས་རྒྱས་བསྟན་པ་ཡུན་གནས་ཕྱིར། །རྒྱལ་དང་དེ་སྲས་ཚོགས་རྣམས་ཀྱང༌། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ །བདག་ལ་ཅུང་ཟད་མཆིས་པ་ཡན། །འགྲོ་རྣམས་འཁོར་མཚོ་ལས་བསྒྲལ་ཕྱིར། །བླ་མེད་བྱང་ཆུབ་མཆོག་ཏུ་བསྔོ། །བདག་ནི་ཁྱེད་ལས་རེ་ས་སུ། །ཉིན་མཚན་ཀུན་ཏུ་ཁྱེད་སྒྲུབ་ཀྱི། །ཁྱེད་ཀྱི་བྱིན་རླབས་བདག་ལ་སྩོལ། །བདག་བློ་དགེ་ལ་འགྱུར་བར་མཛོད། །བདག་ནི་འཁོར་བའི་གནས་ངན་འདིར། །ཡང་ཡང་སྡུག་བསྔལ་མྱོང་གྱུར་ཀྱང༌། །སྡུག་བསྔལ་མ་ཤེས་བདེར་མཐོང་བར། །ད་ནི་སྐྱོ་བ་སྐྱེ་བར་ཤོག །འཇིག་རྟེན་འདི་ཡི་ཕ་མ་དང༌། །དེ་བཞིན་བུ་ཚ་ཟླ་གྲོགས་གཉེན། །གང་ལའང་ཆགས་སེམས་མི་སྐྱེ་བར། །གཅིག་པུར་དབེན་པར་གནས་པར་ཤོག །ཟས་ནོར་ལོངས་སྤྱོད་ཡུལ་མཁར་དང༌། །གོས་དང་རྒྱན་དང་གང་ལའང༌། །སྒྱུ་མ་ལྟ་བུར་རབ་ཤེས་ནས། །ཆགས་མེད་བློ་ཡིས་ཐོང་པར་ཤོག །ཆེ་དང་གྲགས་དང་སྙན་པ་དང༌། །གཞན་གྱིས་བསྟོད་དང་བཀུར་བ་སོགས། །དེ་དག་ལ་ནི་བློ་ལོག་ནས། །རྟག་ཏུ་དམན་ས་ཟིན་པར་ཤོག །ཚོང་དང་སོ་ནམ་གསོག་འཇོག་སེམས། །གཡོ་དང་སྒྱུ་ལ་སོགས་པ་སྟེ། །ཉོན་མོངས་སེམས་ནི་མི་སྐྱེ་ཞིང༌། །རང་རྒྱུད་ལས་སུ་རུང་བར་ཤོག །གཡེང་དང་ལེ་ལོ་འདུ་འཛི་ལས། །རྣམ་གཡེང་བྱ་བ་ཀུན་སྤངས་ནས། །རྟག་ཏུ་བོན་སྤྱོད་ལ་བརྩོན་ཏེ། །བྱ་བྱེད་དགེ་བར་འགྱུར་བར་ཤོག །བདག་ལ་གཞན་གྱིས་གནོད་བྱེད་ཅིང༌། །སྨོད་དང་ཚིག་རྩུབ་སྨྲ་བ་ལ། །ཁོང་ཁྲོ་གདུག་སེམས་མི་སྐྱེ་བར། །སླར་ལ་བྱམས་པ་བྱེད་པར་ཤོག །བདག་ནི་འདི་ཡི་ལུས་ཞིག་ཚེ། །ངན་སོང་གསུམ་དང་ཕམ་ལྟུང་ལྷ། །མ་ནིང་མོ་རིགས་ཉམ་ཆུང་བྲན། །དབུལ་ཕོངས་ཅན་དུ་བདག་མ་སྐྱེ། །དེ་བཞིན་དབང་བོ་ཉམས་པ་དང༌། །སྡིག་སྤྱོད་ཅན་དང་ལྟ་བ་ལོག །ནད་ཅན་སྨྱོ་འབོག་གཞན་ལ་གནོད། །མ་དག་ལུས་སུ་བདག་མ་སྐྱེ། །དབུགས་ཆད་འོད་ཟེར་ཤར་བ་དང༌། །མཉམ་དུ་འོད་དཔག་མེད་གཙོ་འཁོར། །མངོན་སུམ་མདུན་དུ་ལྷགས་གྱུར་ནས། །བདག་ཉིད་བསུ་མ་འབྱོན་པར་ཤོག །བར་དོའི་སྣང་བ་ཅི་ཤར་ཡང༌། །རང་རིག་རྩལ་དུ་ཐག་ཆོད་ནས། །གནའ་ཕྲུག་བྲག་ལ་འཛེག་པ་བཞིན། །ཡ་ང་བག་ཚ་མེད་པར་ཤོག །དེ་རྗེས་འོད་དཔག་མེད་གཙོ་འཁོར། །རྫུ་འཕྲུལ་སྟོབས་ཀྱིས་མཁར་བྱོན་ཚེ། །བདག་ཀྱང་གཤེགས་ཤུལ་འོད་ལམ་ལ། །ཐོགས་པ་མེད་པར་འགྲོ་བར་ཤོག །འཁོར་བ་འདི་ལ་མི་ཆགས་པར། །བྱ་རྒོད་རྙི་ཐག་ཆད་པ་བཞིན། །ནུབ་ཕྱོགས་དག་དུ་ཁ་བལྟས་ནས། །ཕྱི་མིག་མེད་པར་འབྲོས་པར་ཤོག །བདེ་བ་ཅན་དུ་ལྷགས་གྱུར་ཚེ། །མེ་ཏོག་པདྨའི་སྙིང་བོ་ལ། །སྐྱེས་ནས་སྐད་ཅིག་ལུས་རྫོགས་ཏེ། །འོད་དཔག་མེད་པའི་ཞལ་མཐོང་ཤོག །དེ་ཚེ་མཐོང་ལམ་སྒྲིབ་དག་ནས། །འཕྲུལ་དགའི་ལྷ་བཞིན་མཆོད་རྫས་དག །ཐོགས་མེད་མདུན་དུ་སྤྲུལ་བྱས་ནས། །འོད་དཔག་མེད་ལ་མཆོད་པར་ཤོག །ཚད་མེད་འོད་དང་ལྡན་པ་དེས། །ཟབ་དང་རྒྱ་ཆེའི་བོན་འཆད་ཚེ། །དེ་ལ་ཉན་ཞིང་ཐོས་གྱུར་ནས། །མྱོང་དང་གྲོལ་བ་ཐོབ་པར་ཤོག །བྱུ་རུའི་ས་གཞི་བདལ་བ་ ལ། །གཡུ་ཡི་གཡུང་དྲུང་མིག་མང་རིས། །མནན་ན་ནེམ་ཞིང་བཏེགས་ན་འཕར། །ངོ་མཚར་གནས་དེར་སྐྱེ་བར་ཤོག །རིན་ཆེན་ལས་གྲུབ་དཔག་བསམ་ཤིང༌། །དགོས་དགུ་ནོར་གྱིས་ཡོངས་ཕྱུག་ཅིང༌། །སྤྲུལ་བའི་བྱ་ཚོགས་བོན་སྒྲ་སྒྲོགས། །བདེ་བའི་གནས་དེར་སྐྱེ་བར་ཤོག །ཡན་ལག་བརྒྱད་ལྡན་ཆུ་བོ་དང༌། །རྙོག་མེད་དྲི་བྲལ་རྫིང་བུ་དག །རིན་ཆེན་ར་བས་ཡོངས་སུ་བསྐོར། །དག་པའི་ཞིང་དེར་སྐྱེ་བར་ཤོག །དོག་ཀུན་རིན་ཆེན་ནེ་རས་གང༌། །དེ་ལ་དེ་སྙེད་འོད་ཟེར་རྩེར། །སྤྲུལ་བའི་སངས་རྒྱས་མངོན་བཞུགས་པ། །དེ་དག་མདུན་དུ་བདག་སྐྱེ་ཤོག །སྣོད་ནི་ཕྱིན་བཅུའི་ཚུལ་དུ་ཆགས། །རིན་པོ་ཆེ་ལས་ས་རྡོ་བྲལ། །དུས་བཞི་ཆ་མཉམ་ཉིན་མཚན་མེད། །ཞིང་དག་གནས་དེར་སྐྱེ་བར་ཤོག །བཅུད་ནི་ལྷ་དང་ལྷ་མོ་དངོས། །ཀུན་ཀྱང་མཚན་དང་དཔེ་བྱད་ལྡན། །ཉོན་མོངས་མེད་ཅིང་སྡུག་བསྔལ་མེད། །སྐྱེ་འཆི་མེད་པའི་ཞིང་སྐྱེ་ཤོག །བདག་དང་གཞན་མེད་ཕྱོགས་རིས་བྲལ། །ངན་སོང་མཐོ་རིས་སྒྲ་མི་གྲགས། །ནད་དང་དབུལ་ཕོངས་འཐབ་རྩོད་མེད། །བདེ་སྐྱིད་ཞིང་དེར་སྐྱེ་བར་ཤོག །བུད་མེད་མེད་ཅིང་ལོག་གཡེམ་མེད། །ཐམས་ཅད་པདྨའི་སྦུབས་ནས་འཁྲུངས། །སྤྱན་ལྔ་རྩལ་དྲུག་ཀུན་ལ་མངའ། །སྒྲིབ་དག་ཞིང་དེར་སྐྱེ་བར་ཤོག །འདུག་ན་རིན་ཆེན་གཞལ་མེད་ཁང༌། །གང་འདོད་ལོངས་སྤྱོད་ལག་པའི་མཐིལ། །རྩོལ་སྒྲུབ་མི་དགོས་ཤུགས་ཀྱིས་འགྲུབ། །ཕུན་སུམ་ཚོགས་པའི་ཞིང་སྐྱེ་ཤོག །མངོན་པར་དགའ་དང་ལས་རབ་རྫོགས། །དཔལ་ལྡན་མཛེས་དང་སྟུག་པོ་བཀོད། །ཞིང་ཁམས་དེ་རྣམས་ལ་ཕྱིན་ནས། །གསལ་བ་རང་བྱུང་དགེ་ལྷ་ཕྱུག །དགའ་བ་དོན་འགྲུབ་ཀུན་སྣང་ཁྱབ། ། སངས་རྒྱས་རྣམས་ཀྱི་ཞལ་བལྟ་ཞིང༌། །དབང་དང་བྱིན་རླབས་གདམས་ངག་དང༌། །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །དེ་རྗེས་བདག་གིས་འགྲོ་བའི་དོན། །ཐུགས་རྗེ་བཞི་ཡི་རྒྱུན་བསྲིངས་ནས། །འཁོར་བ་མཐའ་མ་སྟོང་བ་རུ། །དཔག་ཏུ་མེད་པའི་དོན་བྱེད་ཤོག །མཐར་ནི་རང་གཞན་སེམས་ཅན་ཀུན། །ཐིག་ལེ་ཉག་གཅིག་དོན་རྟོགས་ནས། །ཀུན་ཀྱང་རྫོགས་སངས་རྒྱས་གྱུར་ཏེ། ། འཁོར་འདས་བོན་ཉིད་ངང་མཉམ་ཤོག །འོད་དཔག་མེད་ལ་ཕྱག་འཚལ་ལོ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨཱོྃ་མ་ཏྲི་མུ་ཡེ་སལེ་འདུ། བརྒྱ་སྟོང་ཁྲི་འབུམ་བགྲངས། མགོན་པོ་ཁྱེད་ལ་བདག་མོས་ཤིང༌། །ཤུགས་དྲག་དད་པས་བློ་བཀལ་ནས། །བདག་གི་སྨོན་ལམ་གང་བཏབ་པ། །མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། ། དེ་སྐད་ཞིང་སྨོན་ཉུང་བསྡུས་འདི། །ཁོད་པོའི་རུས་ཐོབ་གཡུང་དྲུང་མཚན། །གང་དེས་བསྐུལ་ཕྱིར་མངྒའི་མིང༌། །དེ་ཡིས་བྲིས་པ་དགེ་གྱུར་ཅིག ། དགེའོ།། བཀྲ་ཤིས་སོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།