བསང་གི་དག་གཙང་དང་ཁ་བསྐང་བརྒྱུད་བསྐང་བཞུགས་སོ།།

བསང་གི་དག་གཙང་དང་ཁ་བསྐང་བརྒྱུད་བསྐང་བཞུགས་སོ།།
རྗེ་མཉམ་མེད་ཤེས་རབ་རྒྱ་མཚན།

༄༅། ། ཁྲུས་གསོལ་ནི། ཨཱོྃ ཁྲོ་རྒྱལ་ཆེན་པོའི་སྐུ་མཆོག་གི །སྐྱོན་གྱི་གངས་རི་རྩེ་བཅོམ་ནས། །དག་ཅིང་གཙང་མར་བཤམས་པ་ཡི། །བག་ཆགས་སྒྲིབ་སེལ་ཚན་ཆབ་འདིས། །སྟེང་གི་ལྷ་ཡང་གཙང་བར་བྱ། །འོག་གི་ཀླུ་ཡང་གཙང་བར་བྱ། །བར་གྱི་གཉན་ཡང་གཙང་བར་བྱ། །གདན་ཁྲི་རྣམས་ཀྱང་གཙང་བར་བྱ། །ཆས་གོས་རྣམས་ཀྱང་གཙང་བར་བྱ། །ཡོ་བྱད་རྫས་རྣམས་ཀུན་ཀྱང་གཙང་གྱུར་ཅིག །ཨཱོྃ་ཤུ་དྡྷོ་ཀུ་ཤུདྡྷོ་གཙང་ས་ལེ་སང་ངེ་ཡེ་སྭ་ཧཱ། སྤོས་བསང་ནི། ཨཱོྃ ཁྲོ་རྒྱལ་ཆེན་པོའི་སྐུ་མཆོག་གི །རི་རྒྱལ་རྩེ་ལ་ནགས་ཚལ་བཅུད། །དག་ཅིང་གཙང་མར་བཤམས་པ་ཡི། །དྲི་ཞིམ་མངར་ལྡན་ཡིད་འོང་སྤོས། །སྟེང་གི་ལྷ་ཡང་བསང་བར་བྱ། །འོག་གི་ཀླུ་ཡང་བསང་བར་བྱ། །བར་གྱི་གཉན་ཡང་བསང་བར་བྱ། །གདན་ཁྲི་རྣམས་ཀྱང་བསང་བར་བྱ། །ཆས་གོས་རྣམས་ཀྱང་བསང་བར་བྱ། །ཡོ་བྱད་རྫས་རྣམས་ཀུན་ཀྱང་བསང་གྱུར་ཅིག ། ཨཱོྃ་ཞིམ་ཞིམ་གྲམ་གྲམ་བུན་ནེ་ཐིམ་ཐིམ་ཡེ་སྭ་ཧཱ། བགེགས་བསྐྲད་ནི། ཨཱོྃ་བདག་གི་ཏིང་འཛིན་སྟོབས་དང་ནི། །དེ་བཞིན་ཉིད་ཀྱི་སྟོབས་མཆོག་གི །ཉུང་དཀར་རྒྱལ་བོ་འདི་དག་ཀྱང་། །ཁྲོ་བོའི་མཆོག་སྟེ་བགེགས་ལ་དཔའ། །གསེར་གྱི་མདོག་སྟེ་སྔགས་ལ་དཔའ། །འདི་དག་སྔགས་ཏེ་བྲིམས་པ་ཡིས། །གལ་ཏེ་གནོད་པའི་བགེགས་ཡོད་ན། །བགེགས་རྣམས་ཀུན་ཀྱང་ཞི་ཞིང་བརླག་པར་བྱའོ། བསྭོ་ཨཱོྃ་ཉེ་ལོ་ཡོ་རུ་རུ་སྤུ་རུ་ཛ་ལ་ཛ་ལ་ཏི་སྟ་ཡ་མན་ཐོར་ཙེ་པྲ་མོ་ཧ། བདག་གཞན་གྱི་ལས་དགེ་བ་བཅུ་ལ་བར་དུ་གཅོད་ཅིང་མི་དགེ་བ་བཅུ་ཡི་སྡོང་གྲོགས་བྱེད་པའི་ཞི་བ་བསང་མཆོད་མེ་ཐབ་ལ་བར་དུ་གཅོད་པའི་བགེགས་རིགས་ལོག་པ་ཅན་རྣམས་མཚམས་ཆོད་ཅིག ། མཁྱེན་པ་གསོལ་བ་ནི། ཨཱོྃ་གཤེན་རབ་བླ་མ་མ་རིག་མུན་སེལ་སྒྲོན། །ཐུགས་རྗེ་མངའ་བདག་ཡེ་ཤེས་འདུ་འབྲལ་མེད། །དཔོན་གསས་བླ་མ་བདག་ལ་དགོངས་སུ་གསོལ། །ཨ་ཨཱོྃ་ཧཱུཾ། བདག་ནི་སྟོང་ཁམས་སྲིད་གསུམ་འཇིག་རྟེན་གྱི། །སྙན་གྲགས་འདི་སྤྱོད་འདི་སྒྲུབ་མ་ལགས་ཏེ། །རིག་པ་རྟུལ་ཤུགས་ཐུགས་རྗེ་ཚད་མེད་ཀྱིས། །ཀུན་ཏུ་བཟང་བོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་སེམས་བདག་གིས་བསྐྱེད་པར་བགྱི། །འདི་ནས་གཡུང་དྲུང་སྙིང་བོར་མཆིས་ཀྱི་བར། །འགྲོ་བའི་དོན་དུ་སེམས་མཆོག་བསྐྱེད་པར་བགྱིའོ། །ཨ་ཨཱོྃ་ཧཱུཾ། སྐྱབས་འགྲོ་ནི། གཤེན་རབ་བླ་མ་སྐུ་གསུམ་འབྱུང་གནས་དཔལ། །དུས་གསུམ་བདེ་བཤེགས་འགྲོ་བ་ཡོངས་ཀྱི་མགོན། །སྐུ་གཟུགས་ཞལ་སྐྱིན་སྐུ་གདུང་གསུང་རབ་རྟེན། །ཕྱོགས་བཅུའི་གཤེན་རབ་ཐར་ལམ་སྟོན་པའི་སྒྲོན། །གནས་བཞིར་ཕྱག་འཚལ་འགྲོ་ཀུན་སྐྱབས་སུ་མཆིའོ། ཨ་ཨཱོྃ་ཧཱུྃ། བཤགས་པ་ནི། ན་མོ། སྲིད་པ་ཆགས་ནས་དུས་འདིའི་བར་དུ་ནི། །སྐུ་དང་ཡེ་ཤེས་དམ་དང་ཚིག་མནོས་ནས། །དེ་ལྟར་མ་རྟོགས་ཉམས་སྒྲིབ་སྐྱོན་གྱིས་གོས། །ཞི་ཁྲོ་རྫུ་འཕྲུལ་ལྷ་ཡི་དཀྱིལ་འཁོར་དུ། །ཉམས་དྲན་གནོང་འགྱོད་སེམས་དང་གདུང་ཚིག་གིས། །དམ་ཉམས་ཀུན་དང་དུས་དང་གནས་གཅིག་ཅིང་། །ཉམས་དང་ཚོགས་འདྲེས་ཉམས་པ་སྐོང་ལ་སོགས། །ཉམས་ཀྱི་ཟས་ཟོས་ཉམས་ཀྱི་ཆུ་འཐུང་པ། །རྫུ་འཕྲུལ་ཞི་ཁྲོའི་ལྷ་ལ་མཐོལ་ལོ་བཤགས། །མཐོལ་བཤགས་ཕུལ་ནས་ཚངས་པ་སྩལ་དུ་གསོལ། །ཨ་ཨཱོྃ་ཧཱུྃ། མེ་ལྷ་བསྐྱེད་པ་ནི། ཨ་ཨཱོྃ་ཧཱུྃཿཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། ཨ་བདག་ཉིད་སྐུ་གསུང་ཐུགས་ཀྱི་མེ་ལྷ་རུ་གསལ་བའི་ཐུགས་ཀ་ནས། ཨ་ཡཾ་རཾ་མཾ་ཁཾ་བྲུཾ་དེ་རྣམས་མེ་ཐབ་ཀྱི་ཞབས་སུ་འཕྲོས་ཏེ། འོད་དུ་ཞུ་བ་ལས་ཕོ་བྲང་འབར་བ་མེ་ཡི་གཞལ་ཡས་ཁང་། ཕྱི་ལྟར་ན་གཡུང་དྲུང་བཀོད་ལེགས་མཆོད་རྟེན་གྱི་དབྱིབས། ནང་ལྟར་ན་འབར་བ་མེ་ཡི་ཕོ་བྲང་། ཉམས་དགའ་བ་ཡིད་དུ་འོང་བ། རྒྱ་ཆེ་ལ་དཔང་མཐོ་བ། དེའི་དབུས་སུ་མེ་ལྷ་རྒྱུན་གྱི་ལྷ་ཚོགས། ཤར་དུ་ཞི་བའི་ལྷ་ཚོགས། བྱང་དུ་རྒྱས་པའི་ལྷ་ཚོགས། ནུབ་ཏུ་དབང་གི་ལྷ་ཚོགས། ལྷོ་རུ་དྲག་པོའི་ལྷ་ཚོགས། དེའི་ཕྱི་རིམ་དུ་བོན་སྐྱོང་དཔལ་མགོན་ནོར་ལྷ་སྡེ་བརྒྱད་རིགས་དྲུག་དང་བཅས་པ་རྣམས་ཀྱིས་བསྐོར་བ། དེ་དག་གི་ཐུགས་ལས་འོད་ཟེར་ཡར་འཕྲོས་དབྱིངས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས། བསྐྱེད་པའི་ལྷ་ཚོགས་རྣམས་ལ་ཐིམ་པས། གཉིས་མེད་ལས་ཀྱི་སེམས་དཔའ་རུ་གྱུར་ནས་འགྲོ་དོན་རྒྱ་ལག་ཕྱད་པར་གྱུར། ཡང་བདག་གི་ཐུགས་ལས་རཾ་ཡཾ་མཾ་གསུམ་འཕྲོས་ནས་མཆོད་རྫས་དང་སྲེག་རྫས་རྣམས་ལ་ཕོག་སྟེ་འོད་དུ་ཞུ་བ་ལས། ཕྱི་ལྟར་ན་གཟུགས་སྒྲ་དྲི་རོ་རེག་རྒྱན་བོན་གཏེར། ནང་ལྟར་ན་མཆོད་འབུལ་གྱི་ལྷ་མོ། གསང་བ་ལྟར་ན་རྟོག་མེད་ཡེ་ཤེས་ཀྱི་མཆོད་པ་རྒྱ་ཆེན་པོ་རུ་གྱུར་ནས། བསྐྱེད་པའི་ལྷ་ཚོགས་རྣམས་ལ་ཕུལ་བས། སྐུ་གསུང་ཐུགས་མཉེས་རབ་ཀྱི་ཕུལ་དམ་པ་དང་ལྡན་པར་གྱུར་ཅིག གསེར་སྐྱེམས་མཆོད་དེ་ཁ་སྐོང་བ་ནི། ཨ་ཨཱོྃ་ཧཱུྃཿརྨད་བྱུང་མཆོད་པའི་ལོངས་སྤྱོད། མི་ཟད་རྒྱུན་གྱི་བསང་མཆོད་འདི་འབུལ་བའི་གནས་སུ་གྱུར་བ་ནི། ཞིང་ཁམས་རྣམ་པར་དག་པའི་ཕོ་བྲང་ན། བོན་སྐུ་སྐྱེ་བ་མེད་པ། རྫོགས་སྐུ་མཚན་དང་ལྡན་པ། སྤྲུལ་སྐུ་འགྲོ་དོན་མཛད་པ། ཞི་བ་ལྷུན་གྱིས་གྲུབ་པ། རྒྱས་པ་མཐའ་རུ་ཕྱིན་པ། ཁྲོ་བོ་རྨད་དུ་བྱུང་བ། དྲག་པོའི་དགྲ་བགེགས་སྒྲོལ་བ། ཕོ་ཉ་ལས་ལ་མྱུར་བ། མ་སྲིང་མཐུ་རྩལ་ཆེ་བ། སྐུ་གསུམ་རྫོགས་པའི་སངས་རྒྱས། དུས་གསུམ་གྱི་བདེ་བར་གཤེགས་པ། ས་བཅུའི་གཡུང་དྲུང་སེམས་དཔའ། བརྒྱུད་ལྡན་གྱི་བླ་མ་དམ་པ། གནས་གསུམ་མ་སྲིང་མཁའ་འགྲོ། རྟེན་གསུམ་མ་རིག་མུན་སེལ། སྲིད་གསུམ་ཕྱོགས་བཅུའི་གཤེན་རབ་འཁོར་དང་བཅས་པ་རྣམས་ལ་མི་ཟད་རྒྱུན་གྱི་མཆོད་པ་འདི་ཕུལ་བས་ཐུགས་དམ་གཉན་པོ་རྒྱུད་ཡོངས་སུ་བསྐང་ངོ་། ཁྱད་པར་དུ་ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་ལ་སོགས། རྣམ་དག་སྲས་ཡུམ་གྱི་ལྷ་ཚོགས། བདེར་གཤེགས་གཙོ་བཞི་ལ་སོགས། གཡུང་དྲུང་ཀློང་རྒྱས་ཀྱི་ལྷ་ཚོགས། སྐུ་གསུམ་མེ་ལྷ་ལ་སོགས། སྦྱིན་སྲེག་རྒྱུན་གྱི་ལྷ་ཚོགས། ཀུན་ཏུ་བཟང་བོ་ལ་སོགས། བདེར་གཤེགས་ཞི་བའི་ལྷ་ཚོགས། ཀུན་སྣང་ཁྱབ་པ་ལ་སོགས། ངོ་མཚར་རྒྱས་པའི་ལྷ་ཚོགས། གཙོ་མཆོག་མཁའ་འགྱིང་ལ་སོགས། བྱིན་བརླབས་དབང་གི་ལྷ་ཚོགས། དབལ་གསས་རྔམ་པ་ལ་སོགས། མཐུ་སྟོབས་དྲག་པོའི་ལྷ་ཚོགས། འབྲུག་གསས་ཆེམ་པ་ལ་སོགས། སྒྲོལ་བྱེད་ཕུར་བའི་ལྷ་ཚོགས། མགོན་པོ་རྣམ་གསུམ་ལ་སོགས། གཙང་མ་ཞང་ཞུང་གི་ལྷ་ཚོགས། གསང་མཆོག་མཐར་ཐུག་ལ་སོགས། མ་རྒྱུད་མཁའ་འགྲོའི་ལྷ་ཚོགས། ཆེ་མཆོག་མཁའ་འགྱིང་ལ་སོགས། ཁྲག་འཐུང་རོལ་བའི་ལྷ་ཚོགས། གཡུ་འབྲང་ཕྱུག་མོ་ལ་སོགས། བདུད་རྩི་སྨན་གྱི་ལྷ་ཚོགས། རགྴ་དབུ་འབུམ་ལ་སོགས། ཁྲོ་བོ་སྤྱི་འདུལ་གྱི་ལྷ་ཚོགས། སྟག་ལ་མེ་འབར་ལ་སོགས། སྤུ་གྲི་དམར་ནག་གི་ལྷ་ཚོགས། འཆི་མེད་གཙུག་ཕུད་ལ་སོགས། གཡུང་དྲུང་ཚེ་ཡི་ལྷ་ཚོགས། ཁོད་སྤུངས་དྲན་པ་ལ་སོགས། དཔོན་གསས་རིག་འཛིན་གྱི་ལྷ་ཚོགས། བསྐལ་བ་བཟང་མོ་ལ་སོགས། མ་སྲིང་མཁའ་འགྲོའི་ལྷ་ཚོགས། ཚེ་དབང་རིག་འཛིན་ལ་སོགས། དཔའ་བོ་ཕོ་རྒྱུད་ཀྱི་ལྷ་ཚོགས། ཐུགས་རྗེ་ཀུན་སྒྲོལ་ལ་སོགས། དཔའ་མོ་རྒོད་ལྕམ་གྱི་ལྷ་ཚོགས། སྲིད་པའི་རྒྱལ་མོ་ལ་སོགས། བཀའ་སྲུང་བོན་སྐྱོང་གི་ལྷ་ཚོགས། མཁྱེན་བརྩེ་སྟོབས་དང་ལྡན་པ། འགྲོ་འདུལ་ཐབས་ལ་མཁས་པ། གཙོ་འཁོར་སྤྲུལ་བ་ཡང་སྤྲུལ་དང་བཅས་པ་རྣམས་ལ་མི་ཟད་པའི་རྒྱུན་གྱི་བསང་མཆོད་འདི་ཕུལ་བས་ཐུགས་དམ་གཉན་པོ་རྒྱུད་ཡོངས་སུ་བསྐང་ངོ་། གཡུང་དྲུང་བོན་གྱི་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པའི། མ་མཆོག་སྲིད་པའི་རྒྱལ་མོ། དམ་ཅན་གནམ་ཕྱི་མཆེད་གསུམ། སྲིད་པའི་རྒྱལ་མོ་སྡེ་དྲུག བཀའ་ཡི་བྱ་ར་མ་གསུམ། དྲེའུ་དམར་ནག་གི་ལྷ་ཚོགས། དམ་ཅན་ཡུམ་སྲས་སྡེ་ལྔ། མ་སྒྲ་བླའི་རྒྱལ་མོ་སྟག་རི་རོང་། བྱང་སྨན་རྒྱལ་མོ་ཀུ་མ་ར། གསང་ཡུམ་ཀླུ་མོ་འོད་འབར་མ་ལ་སོགས་དམ་ཅན་མོ་རྒྱུད་སྲུང་མའི་སྡེ་ཚོགས་རྣམས་ལ་མི་ཟད་རྒྱུན་གྱི་བསང་མཆོད་འདི་ཕུལ་བས་ཐུགས་དམ་གཉན་པོ་རྒྱུད་ཡོངས་སུ་བསྐང་ངོ་། གཞན་ཡང་མུ་བདུད་འབྱམས་པ་ཁྲག་མགོ བདུད་བཙན་དྲ་བ་དམར་ནག་གི་ལྷ་ཚོགས། བཙན་རྒོད་ཧུར་པ་གསོད་རྐྱེན། བྲག་བཙན་ཨ་བསྭེ་རྒྱལ་བ། བསྟན་སྲུང་རྨ་གཉན་པོམ་ར། དམག་དཔོན་རྒྱལ་པོ་ཡང་ནི་ཝེར། གནོད་སྦྱིན་ནོར་བདག་ཀུ་བེེ་ར། རྒྱལ་པོ་ཆེན་པོ་ཉི་པང་སད། གྲོགས་མཆོག་ཆེན་པོ་རྒྱལ་བ་འབར། རྒྱལ་བོ་ཆེན་པོ་ཤེལ་ཁྲབ་ཅན། རྒྱལ་ཆེན་ནོར་ལྷ་གྲགས་སེང་ལ་སོགས་དམ་ཅན་ཕོ་རྒྱུད་སྲུང་མའི་སྡེ་ཚོགས་རྣམས་ལ་མི་ཟད་རྒྱུན་གྱི་བསང་མཆོད་འདི་ཕུལ་བས་ཐུགས་དམ་གཉན་པོ་རྒྱུད་ཡོངས་སུ་བསྐང་ངོ་། གཞན་ཡང་འཇིག་རྟེན་གྱི་དཔལ་མགོན་བདུན་ཅུ་རྩ་གཉིས། བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད། བོན་གྱི་མགུར་ལྷ་བཅུ་གསུམ། བོན་ཁམས་བརྟན་མ་བཅུ་གཉིས། རྨ་རིགས་སུམ་བརྒྱ་དྲུག་ཅུ། སྨན་ཕྲན་དགུ་ཁྲི་དགུ་འབུམ། ཡུལ་རི་འདི་ཡི་གཞི་བདག་དབེན་རི་འདི་ཡི་སྲུང་མ་རྣམས་ལ་མི་ཟད་རྒྱུན་གྱི་མཆོད་པ་འདི་ཕུལ་བས་ཐུགས་དམ་གཉན་པོ་རྒྱུད་ཡོངས་སུ་བསྐངས་ནས་ལས་སྤྱོད་དཀར་པོ་དགེ་བའི་སྡོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། གཞན་ཡང་ཁམས་གསུམ་གྱི་སྐྱེ་བ་གནས་བཞི། ལམ་རྒྱུད་ལྔ་འགྲོ་བ་རིགས་དྲུག་བརྟེན་མེད་ཡིད་འཕྱོ་བའི་གནས་སུ་བདུད་རྩི་ཆར་བཞིན་འབེབས་པར་གྱུར་ཅིག དེ་ལྟར་སྲི་ཞིའི་མགྲོན་དང་ཡོན་ཏན་གྱི་མགྲོན་དང་། ལན་ཆགས་ཀྱི་མགྲོན་དང་། སྙིང་རྗེའི་མགྲོན་རྣམས་ལ་བླ་མེད་མཆོད་སྤྲིན་རྒྱ་ཆེན་པོ་འདི་ཕུལ་བས། རྒྱལ་བ་རྣམས་མཆོད་པས་མཉེས་པར་གྱུར་ཅིག དམ་ཅན་ཐུགས་དམ་བསྐང་བར་གྱུར་ཅིག ལྷ་སྲིན་གདུག་རྩུབ་ཞི་བར་གྱུར་ཅིག རིགས་དྲུག་སྦྱིན་པས་ཚིམས་པར་གྱུར་ཅིག དེ་ལྟར་གྱུར་ནས་ཀྱང་། འཕྲིན་ལས་དམ་པ་གསོལ་བ་ནི། སྒྲུབ་གཤེན་བདག་ཅག་འཁོར་དང་བཅས་པ་རྣམས་ལ། འཕྲལ་རྐྱེན་བར་ཆད་ཞི་བ་དང་། མཐུན་རྐྱེན་ཕུན་སུམ་འཚོགས་པ་དང་། བསམ་དོན་སྨོན་ལམ་འགྲུབ་པ་དང་། སྡང་དགྲ་གནོད་བགེགས་བརླག་པ་དང་། སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཕུམ་སུམ་ཚོགས་པར་མཛད་དུ་གསོལ། གཞན་ཡང་ཡས་ཀྱི་བདུད་གཡོས་པ་དང་། མས་ནས་སྲི་ལངས་པ་དང་། བྱེ་བོས་བཙན་འགྲོལ་བ་ཐད་ནས་དམུ་གཡོས་པ་ལ་སོགས་མི་མཐུན་པའི་ཕྱོགས་རྣམས་ཐམས་ཅད་མཁའ་ལ་ཟློག་པར་མཛད་དུ་གསོལ། ཀློང་དུ་མཉམ་པར་མཛད་དུ་གསོལ། གལ་ཏེ་ཞི་ཞིང་མཉམ་པར་མ་གྱུར་ན། རྟེན་ལ་འགུགས་པ་དང་། ཤུགས་ཀྱིས་བསྒྲལ་བ་དང་། སྟོབས་ཀྱིས་མནན་པ་དང་། དབྱིངས་སུ་གཟིར་བར་མཛད་དུ་གསོལ། རྒྱུད་བསྐང་བཞུགས། ན་མོ་སྔོན་དང་སྔོན་གྱི་དུས་ཙམ་ན། འཕྲུལ་གཤེན་སྣང་ལྡན་བཟང་བཟའ་རིང་བཙུན་དང་། འཆི་མེད་གཙུག་ཕུད་གསང་བ་འདུས་པ་ཡི། གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ། ཞི་བ་བསང་གི་ཕུད་བཤམས་ནས། བདེར་གཤེགས་ཞི་ཁྲོའི་ལྷ་ཚོགས་དང་། རིག་འཛིན་མཁའ་འགྲོ་བོན་སྐྱོང་ཚོགས། ཐུགས་དམ་ཅི་ལྟར་བསྐངས་བ་བཞིན། དོ་མོད་གནས་འདིར་ཐུགས་དམ་བསྐང། མ་འདའ་བཅོལ་བའི་འཕྲིན་ལས་མཛོད། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། གཤེན་དེའི་ཐུགས་དམ་རྒྱུད་འཛིན་པ། སྟག་ལ་མེ་འབར་ཡོངས་སུ་དག་པ་དང་། མི་ལུས་བསམ་ལེགས་ཡེ་ཤེས་སྙིང་བོ་དང་། སྣང་བ་མདོག་ཅན་མུ་ཁྲི་བཙན་པོ་དང་། ཧ་ར་ཅི་པར་སྟག་ཝེར་ལི་ཝེར་དང་། ཨ་ནུ་ཕྲག་ཐག་སད་ནེ་གའུ་དང་། ཐ་མི་ཐད་ཀེ་ཤ་པུ་ར་ཁུག་དང་། ཟིང་པ་མཐུ་ཆེན་སྤེ་བོན་ཐོག་འཕྲུལ་དང་། སྤེ་བོན་ཐོག་རྩེ་སྟོང་རྒྱུང་མཐུ་ཆེན་དང་། རྔམ་པ་ལྕེ་རིང་ཤ་རི་དབུ་ཆེན་དང་། གྱིམ་ཚ་རྨ་ཆུང་ལྕེ་ཚ་མཁར་བུ་དང་། ཧྲིས་པ་གྱེར་མེད་དམུ་ཚ་གྱེར་མེད་དང་། ཁོད་སྤུངས་དྲན་པ་ནམ་མཁའ་ཡིས། རང་རང་བཞུགས་པའི་སྒྲུབ་གནས་སུ། ཞི་བ་བསང་གི་ཕུད་བཤམས་ནས། བདེར་གཤེགས་ཞི་ཁྲོའི་ལྷ་ཚོགས་དང་། རིག་འཛིན་མཁའ་འགྲོ་བོན་སྐྱོང་ཚོགས། ཐུགས་དམ་ཅི་ལྟར་བསྐང་བ་བཞིན། དོ་ནུབ་གནས་འདིར་ཐུགས་དམ་བསྐང་། མ་འདའ་བཅོལ་བའི་འཕྲིན་ལས་མཛོད། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། གཤེན་དེའི་ཐུགས་དམ་རྒྱུད་འཛིན་པ། གཤེན་གྱེར་རྨ་དབྱིལ་བྲུ་ཞུ་སྤ་རྨེའུ་དང་། བྲུ་ཆེན་ཡབ་སྲས་བྲུ་རྗེ་ཁུ་དབོན་དང་། མེ་གཉོས་རྣམ་གཉིས་འགྲོ་མགོན་ཁུ་དབོན་དང་། འདུལ་བ་རྒྱལ་བ་ནམ་འོད་བསོད་རྒྱལ་དང་། བསོད་བློ་ནམ་བསོད་ཚེ་དབང་ནམ་རིན་དང་། རྣམ་རྒྱལ་ཀ་ར་མཁའ་གྲུབ་རིན་བློ་དང་། ཤེས་རབ་རྒྱལ་མཚན་རིན་ཆེན་རྒྱལ་མཚན་དང་། བསོད་ནམས་ཡེ་ཤེས་བསོད་ནམས་གཡུང་དྲུང་དང་། ཤེ་ཙུ་དྲུང་མུ་ཤེས་རབ་འོད་ཟེར་དང་། གཡུང་དྲུང་རྒྱལ་མཚན་ཤེས་རབ་བློ་གྲོས་དང་། ཤེས་རབ་འོད་ཟེར་གཙུག་ཕུད་འོད་ཟེར་དང་། གཡུང་དྲུང་ཚུལ་ཁྲིམས་རིན་ཆེན་འོད་ཟེར་དང་། རིན་ཆེན་ལྷུན་གྲུབ་ཤེས་རབ་བསྟན་འཛིན་དང་། ཤེས་རབ་དབང་རྒྱལ་གཡུང་དྲུང་དབང་རྒྱལ་དང་། ཕུན་ཚོགས་རྣམ་རྒྱལ་བསོད་ནམས་བློ་གྲོས་དང་། ཉི་མ་བསྟན་འཛིན་ཟླ་བ་རྒྱལ་མཚན་དང་། བསོད་ནམས་ཕུན་ཚོགས་ཤེས་རབ་གཡུང་དྲུང་དང་། སངས་རྒྱས་བསྟན་འཛིན་བསྟན་འཛིན་ཚུལ་ཁྲིམས་དང་། ཕུན་ཚོགས་བློ་གྲོས་རྒྱལ་བ་བློ་གྲོས་དང་། བསྟན་པ་བློ་གྲོས་ཉི་མ་དབང་རྒྱལ་སོགས། རྩ་བའི་བླ་མའི་རྗེས་འཇུག་གཤེན་རྣམས་ཀྱིས། རང་རང་བཞུགས་པའི་སྒྲུབ་གནས་སུ། ཞི་བ་བསང་གི་ཕུད་བཤམས་ནས། བདེར་གཤེགས་ཞི་ཁྲོའི་ལྷ་ཚོགས་དང་། རིག་འཛིན་མཁའ་འགྲོ་བོན་སྐྱོང་ཚོགས། ཐུགས་དམ་ཅི་ལྟར་བསྐང་བ་བཞིན། དོ་ནུབ་གནས་འདིར་ཐུགས་དམ་བསྐང་། མ་འདའ་བཅོལ་བའི་འཕྲིན་ལས་མཛོད། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། ཁྱད་པར་བསྐང་བ་ནི། ཨཱོྃ བདེར་གཤེགས་ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་། རྒྱས་པའི་ལྷ་ཚོགས་ཐུགས་དམ་བསྐང་། དབང་གི་ལྷ་ཚོགས་ཐུགས་དམ་བསྐང་། དྲག་པོའི་ལྷ་ཚོགས་ཐུགས་དམ་བསྐང་། ཡེ་ཤེས་ཁྲོ་ཚོགས་ཐུགས་དམ་བསྐང་། དབལ་མོའི་མ་ཚོགས་ཐུགས་དམ་བསྐང་། གྱད་དམག་རྒྱལ་ཆེན་ཐུགས་དམ་བསྐང་། གཏེར་བདག་བོན་སྐྱོང་ཐུགས་དམ་བསྐང་། ཕོ་ཉ་ལས་མཁན་ཐུགས་དམ་བསྐང་། འཇིག་རྟེན་སྨན་བཙུན་ཐུགས་དམ་བསྐང་། ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། ཡུལ་ས་གཞི་བདག་ཐུགས་དམ་བསྐང་། འགྲོ་བ་རིགས་དྲུག་ཐུགས་དམ་བསྐང་། ནམ་མཁའ་ལྷབ་ལྷུབ་རྒྱན་གྱིས་ཐུགས་དམ་བསྐང་། བར་སྣང་སྙན་པ་སྒྲ་ཡི་ཐུགས་དམ་བསྐང་། ས་གཞི་ཞི་བ་བསང་གི་ཐུགས་དམ་བསྐང་། ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། བདག་ཅག་གཤེན་གྲོགས་མཆེད་ལྕམ་གྱི། རྐྱེན་དང་བར་ཆད་ཞི་བར་མཛོད། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།