སྔོན་འགྲོའི་ངག་འདོན་བསླབ་གསུམ་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།

སྔོན་འགྲོའི་ངག་འདོན་བསླབ་གསུམ་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།
ཤར་རྫ་བཀྲ་ཤིས་རྒྱལ་མཚན།

༄༅། ། བླ་མ་དང་ལྷག་པའི་ལྷ་འོད་དཀར་གནས་འཛིན་ལ་ཕྱག་འཚལ་ལོ། ། དེ་ལ་འདི་དོན་རྣམ་པ་བཅུ་གཉིས་ཀྱིས་བསྟན་ཏེ། ཐོག་མ་ཐོ་རེངས་མལ་ནས་ལྡང་བའི་ཚེ། དུས་གསུམ་གྱི་བག་སྒྲིབ་ཐམས་ཅད་རླུང་རོ་གསུམ་མམ་དགུས་མ་ལུས་པ་ཕྱིར་དབྱུང་ཞིང་། ཤེས་པ་རྣལ་དུ་ཕེབས་ནས་བསམ་གཏན་གྱི་སྣོད་དུ་རུང་བར་བྱས་ལ། དེ་ནས། བླ་མ་མཁྱེན་ནོ། བླ་མ་མཁྱེན་ནོ། བླ་མ་མཁྱེན་ནོ། ཞེས་གདུང་ཤུགས་དྲག་པོས་བོས་ལ། སྙིང་དབུས་ཀྱི་བླ་མ་རུ་དབུ་མའི་ལམ་བརྒྱུད་དེ་སྤྱི་བོའི་གཙུག་གི་ནམ་མཁའ་ལ་ཡེ་རེ་བཞུགས་པར་བསམ་ཞིང་། སྙན་པའི་དབྱངས་ཀྱིས་འདི་སྐད་བརྗོད་དོ། ། སྙིང་དབུས་དག་པ་བདེ་ཆེན་ཞིང་ཁམས་ནས། ། ལྷན་སྐྱེས་ཡེ་ཤེས་ངོ་བོ་བླ་མ་རྗེ། ། ཉོན་མོངས་གདོན་གྱིས་གཟིར་བའི་སྐལ་ངན་བདག ། ཐར་མེད་འཁོར་བའི་མཚོ་ལས་བསྒྲལ་བའི་ཕྱིར། ། དབུ་མ་རྩ་མཆོག་ལམ་ནས་ཡར་བྱོན་ལ། ། སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས་བཞིགས་ནས། ། སྣང་བ་སྒྱུ་མར་འབྱོང་བར་བྱིན་གྱིས་རློབས། ། གཉིས་པ་དལ་འབྱོར་རྙེད་དཀའ་བ་ནི། ད་རེས་དམྱལ་བ་ཡི་དྭགས་དུད་འགྲོ་དང་། ། ཚེ་རིང་ལྷ་དང་ཞིང་ཁམས་སྟོང་བ་དང་། ། མཐའ་འཁོབ་ཀླ་ཀློ་དབང་བོ་མ་ཚང་བ། ། ལྟ་བ་ལོག་དང་མི་ཁོམ་བརྒྱད་སྤངས་ནས། ། མི་ཡིན་དབུས་སྐྱེས་དབང་བོ་སྒོ་ལྔ་ཚང་། ། ལས་མཐའ་མ་ལོག་སངས་རྒྱས་བསྟན་ལ་དད། ། སྟོན་པ་བྱོན་དང་བོན་གསུངས་དེ་ཉིད་གནས། ། འཇུག་པའི་སྟོབས་ཡོད་དགེ་བའི་བཤེས་ཀྱིས་ཟིན། ། འདི་འདྲའི་ལུས་རྟེན་རྙེད་པ་ད་རེས་ཙམ། ། བློ་སྣ་དགེ་ལ་བསྒྱུར་ཅིག་སྙིང་རྗེའི་ལྷ། ། ལོག་པའི་ལམ་ལ་མ་གཏོང་གྱེར་སྤུངས་ཆེ། ། མྱུར་དུ་ཐར་བར་དྲོངས་ཤིག་མཉམ་མེད་པ། ། དབྱེ་བ་མེད་དོ་དྲིན་ཆེན་བླ་མ་མཁྱེན། ། དུག་ལྔས་སེམས་དཀྲུགས་ལུས་ལ་ནད་ཀྱིས་གདུངས། ། བགེགས་ཀྱིས་རྒྱུད་རློམ་དགྲ་གཉེན་གྱིས་འཚེ་བ། ། འཁོར་བས་བསླུས་དང་ཤེས་རབ་དམན་པ་དང་། ། འདུ་འཛིས་གཡེང་ཞིང་དགེ་བསམ་མི་འགྲུབ་དུས། ། བློ་སྣ་དགེ་ལ་བསྒྱུར་ཅིག་སྙིང་རྗེའི་ལྷ། ། ལོག་པའི་ལམ་ལ་མ་གཏོང་གྱེར་སྤུངས་ཆེ། ། མྱུར་དུ་ཐར་བར་དྲོངས་ཤིག་མཉམ་མེད་པ། ། དབྱེ་བ་མེད་དོ་དྲིན་ཆེན་བླ་མ་མཁྱེན། ། གསུམ་པ་ཚེ་མི་རྟག་པ་ནི། ཕྱི་སྣོད་འཇིག་ཅིང་ནང་བཅུད་སེམས་ཅན་སྟོང་། ། སངས་རྒྱས་སྐུ་འདས་སྐྱེ་རྒུའི་བདག་པོའང་འཆི།། དེ་བཞིན་བདག་ཀྱང་ངེས་པར་འཆི་དགོས་ཤིང་། ། ནམ་འཆི་ཆ་མེད་འཆི་ཁར་ཅིས་མི་སྡོང་། ། འཆི་བའི་དུས་བབས་འབྱུང་བ་འཇིག་སྡུད་ཚེ། ། ལུས་ལ་ན་ཚ་སེམས་ལ་འཇིགས་སྐྲག་ཆེ། ། འདི་འདྲའི་སྡུག་བསྔལ་ཆེན་པོས་བདག་གནོན་ཚེ། ། ཐུགས་རྗེས་སྐྱོབ་པ་མ་ཆུང་སྙིང་རྗེའི་ལྷ། ། ངན་སོང་གཡང་ལ་མ་གཏོང་གྱེར་སྤུངས་ཆེ། ། ཕྱི་མའི་ལམ་སྣ་དྲོངས་ཤིག་མཉམ་མེད་པ། ། དབྱེ་བ་མེད་དོ་དྲིན་ཆེན་བླ་མ་མཁྱེན། ། བཞི་བ་འཁོར་བའི་ཉེས་དམིགས།  བདག་ནི་ཉོན་མོངས་དུག་གསུམ་དབང་གྱུར་བས། ། ཕྱི་མར་ངན་སོང་སྡུག་བསྔལ་མྱོང་གྱུར་ན། ། ཡང་སོས་ཐིག་ནག་བསྡུས་འཇོམས་ངུ་འབོད་དང་། ། ངུ་འབོད་ཆེན་པོ་ཚ་བ་ཚ་བ་ཆེ། ། མནར་མེད་པ་དང་ཉེ་འཁོར་བཅུ་དྲུག་སོགས། ། ལྕགས་བསྲེག་གཞི་ལ་འབར་བ་མེས་བསྲེག་ཅིང་། ། རྣོ་གཅོད་མཚོན་ཆས་གཤའ་གཏུབ་ཡང་ཡང་དང་། ། སོག་ལེས་གཤོག་ཅིང་རི་རབ་བར་དུ་གཅིར། ། ལྕགས་བསྲེག་ཁང་བ་མེ་འབར་ནང་དུ་བསྲེག ། ཁྲོ་ཆུས་ཀློང་འཚོད་གསལ་ཤིང་འབར་བས་ཕུགས། ། མེ་མར་མུར་གྱིས་རྐང་ལུས་གང་རེག་འཚིག ། རོ་མྱག་འདམ་དུ་མཆུ་རྣོན་འབུ་ཡིས་ཟ། ། སྤུ་གྲིའི་ལམ་ཕྱིན་རྐང་བའི་ཤ་རུས་གཅོད། ། རལ་གྲིའི་ཚལ་གྱིས་རང་ལུས་ཚལ་བར་གཤགས། ། ཐལ་ཚན་ཆུ་བོར་ཤ་རུས་སོ་སོར་བྱེ། ། ཤ་མ་རིར་འཛེགས་མི་ཐར་ཆུ་གྲིས་གཅོད། ། འདི་འདྲའི་འཇིགས་པའི་ཡུལ་དུ་བདག་ལྷགས་ཚེ། ། ཐུགས་རྗེས་སྐྱོབ་པ་མ་ཆུང་སྙིང་རྗེའི་ལྷ། ། ངན་སོང་གཡང་ལ་མ་གཏོང་གྱེར་སྤུངས་ཆེ། ། ཕྱི་མའི་ལམ་སྣ་དྲོངས་ཤིག་མཉམ་མེད་པ། ། དབྱེ་བ་མེད་དོ་དྲིན་ཆེན་བླ་མ་མཁྱེན། ། དེ་བཞིན་གངས་སྦུབས་རླུང་ནག་འཚུབ་མའི་ནང་། ། རང་ལུས་གྲང་ལྷགས་ཆེན་པོས་གཟིར་བའི་ཚེ། ། ལུས་ལ་ཆུར་བུར་བརྡོལ་དང་རྣག་ཁྲག་ཟག ། ཨ་ཆུ་ཀྱི་ཧུད་མྱ་ངན་སྨྲེ་ངག་འདོན། ། སྐད་འདོན་མི་ནུས་སོ་གཉིས་ཐིམ་ཐིམ་བསྒྲིག ། རང་ལུས་ཨུདྤལ་དང་ནི་པདྨ་དང་། ། པདྨ་ཆེ་ལྟར་ཚལ་པར་འགས་འགྱུར་ཏེ། ། གྲང་བའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཞིང་། ། ཉི་ཚེ་བའང་དེ་བཞིན་ཡ་ངའི་གནས། ། འདི་འདྲའི་སྡུག་བསྔལ་དྲག་པོས་བདག་མནར་ཚེ། ། ཐུགས་རྗེའི་གཟིགས་པ་མ་རལ་སྙིང་རྗེའི་ལྷ། ། སྡུག་བསྔལ་འདི་ལས་སྐྱོབས་ཤིག་གྱེར་སྤུངས་ཆེ། ། གནས་ངན་འདི་ལས་དྲོངས་ཤིག་མཉམ་མེད་པ། ། དབྱེ་བ་མེད་དོ་དྲིན་ཆེན་བླ་མ་མཁྱེན། ། ཡི་དྭགས་་གནས་ན་འདུག་དང་མཁའ་ལ་རྒྱུ། ། རྒྱུ་དྲུག་འཁོར་བ་ལ་སོགས་བཀྲེས་སྐོམ་དང་། ། ལུས་ལ་སྐྱོན་ཆགས་ཟས་སྐོམ་ཁར་མི་ཐར། ། སེམས་ལ་སྐྱོན་ཆགས་བཟའ་བཏུང་མི་གཙང་མཐོང་། ། མེ་ལྕེའི་ཕྲེང་བ་ཁ་ནས་འབར་བ་སོགས། ། འཇིགས་སྐྲག་ཡ་ངའི་སྣང་བ་དཔག་ཏུ་མེད། ། བྱོལ་སོང་གནས་ན་ལུས་ཀྱིས་སྦྱོང་བ་དང་། ། བར་ན་འཐུམ་དང་མཁའ་ལ་རྐྱེན་ཐར་སོགས། ། གཅིག་གིས་གཅིག་ཟ་གནོན་ཅིང་འཚེར་བ་དང་། ། མུན་པ་ནག་པོ་རབ་ཏུ་གཏིབས་པ་དང་། ། གསོད་གཅོད་གཤའ་གཏུབ་བརྡུང་བརྡེག་ལ་སོགས་པའི། ། བཀོལ་སྤྱོད་ངལ་དུབ་ལས་ལ་ཟད་པ་མེད། ། འདི་འདྲའི་མ་དག་ཡུལ་དུ་བདག་ལྷགས་ཚེ། ། ཐུགས་རྗེའི་གཟིགས་པ་མ་རལ་སྙིང་རྗེའི་ལྷ། ། སྡུག་བསྔལ་འདི་ལས་སྐྱོབས་ཤིག་གྱེར་སྤུངས་ཆེ། ། གནས་ངན་འདི་ལས་དྲོངས་ཤིག་མཉམ་མེད་པ། ། དབྱེ་བ་མེད་དོ་དྲིན་ཆེན་བླ་མ་མཁྱེན། ། ལྔ་བ་མཚམས་སྦྱར་ཏེ་ལས་ཀྱི་རྣམ་བཞག་ནི། མི་ལ་སྡུག་བསྔལ་ཡ་བཞི་ཟུང་བརྒྱད་རྒྱས། ། ལྷ་མིན་འཐབ་རྩོད་ལྷ་ལ་ཕམ་ལྟུང་དང་། ། མདོར་ན་འཁོར་བའི་གནས་རིགས་དྲུག་པོ་འདིར། ། གར་སྐྱེས་ཅི་བྱས་སྡུག་བསྔལ་རང་བཞིན་ལས། ། གཅིག་མེད་གྱུར་བ་འདི་ནི་རབ་ངེས་ན། ། ད་རེས་ཐར་བའི་ལམ་མཆོག་སྒྲུབ་པ་ལ། ། སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། ། རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་བ། ། མངན་སེམས་གནོད་སེམས་ལོག་ལྟ་ལ་སོགས་པའི། ། ལས་དང་ཉོན་མོངས་དྲག་པོས་བདག་གདུང་ཚེ། ། བློ་སྣ་དགེ་ལ་བསྒྱུར་ཅིག་སྙིང་རྗེའི་ལྷ། ། ལོག་པའི་ལམ་ལ་མ་གཏོང་གྱེར་སྤུངས་ཆེ། ། ཐར་བའི་ལམ་ལ་དྲོངས་ཤིག་མཉམ་མེད་པ། ། དབྱེ་བ་མེད་དོ་དྲིན་ཆེན་བླ་མ་མཁྱེན། ། དྲུག་པ་སྐྱབས་འགྲོ་ནི། མདུན་མཁར་སེང་ཁྲི་པད་ཉི་ཟླ་བའི་སྟེང། ། རྩ་བའི་བླ་མ་ལོངས་སྐུའི་ཆས་ཀྱིས་བརྒྱན། ། སངས་རྒྱས་བོན་དང་སེམས་དཔའི་ཚོགས་རྣམས་དང་། ། ཡི་དམ་མཁའ་འགྲོ་སྲུང་མས་བསྐོར་ནས་བཞུགས། ། གཤེན་རབ་བླ་མ་སྐུ་གསུམ་འབྱུང་གནས་དཔལ། ། དུས་གསུམ་བདེ་གཤེགས་འགྲོ་བ་ཡོངས་ཀྱི་མགོན། ། སྐུ་གཟུགས་ཞལ་སྐྱིན་སྐུ་གདུང་གསུང་རབ་རྟེན། ། ཕྱོགས་བཅུའི་གཤེན་རབ་ཐར་ལམ་སྟོནཔའི་སྒྲོན། ། གནས་བཞིར་ཕྱག་འཚལ་འགྲོ་ཀུན་སྐྱབས་སུ་མཆིའོ། ། བདུན་པ་སེམས་བསྐྱེད་ནི། ཀྱེ་མ་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། ། ཀུན་ཀྱང་ཕ་མར་མ་གྱུར་མེད་ངེས་པས། ། ཐམས་ཅད་སྡུག་བསྔལ་ལས་གྲོལ་བདེ་ལྡན་ཏེ། ། རྟག་ཏུ་བདེ་སྐྱིད་དཔལ་ལ་སྤྱོད་གྱུར་ཅིག ། ཅི་ལྟར་རྒྱལ་བ་འཕགས་པ་ཇི་བཞིན་དུ། ། འདི་སོགས་དུས་གསུམ་དགེ་བའི་མཐུ་དཔལ་གྱིས། ། སེམས་ཅན་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། ། བདག་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། ། བརྒྱད་པ་ཡིག་བརྒྱའི་སྒོམ་བཟླས་ནི། རང་གི་སྤྱི་གཙུག་པད་དཀར་ཉི་ཟླའི་སྟེང་། ། དྲིན་ཆེན་བླ་མ་གཤེན་ལྷའི་རྣམ་པ་རུ། ། དཀར་གསལ་རྒྱན་ལྡན་གཡོ་མེད་བཞུགས་པ་ཡི། ། ཐུགས་ཁར་ཟླ་སྟེང་བསྭོའིཿ་མཐར་ཡིག་བརྒྱའི་སྔགས། ། གཡས་སུ་ཀྱི་ལེར་འཁོར་ལས་ཡེ་ཤེས་ཀྱི། ། བདུད་རྩིའི་རྒྱུན་འབབ་སྐུ་དཀྱིལ་ཡོངས་ཁེངས་ནས། ། སྤྱི་བོ་ནས་ཐོན་ཕྱག་གི་བུམ་པར་ཞུགས། ། བུམ་པའི་ཁ་ལུད་བདག་གི་སྤྱི་བོ་ཡི། ། དབུ་མར་ཞུགས་པས་སྡུག་ལྟུང་བགས་ཆགས་ཀུན། ། འོག་སྒོར་དུད་ཁུའི་རྣམ་པར་བྱུང་བ་ཡིས། ། ལན་ཆགས་བདག་པོ་ཐམས་ཅད་ཚིམས་གྱུར་ནས། ། རང་ལུས་འོད་ཀྱི་ཕུང་བོར་སོང་བར་བསམ། ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུཾ་ཧྲུན། དམུ་ཏྲེ་དམུ་ཏྲེ་དམུ་ར་དམུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ།མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུད་ལ་ཝེར་རོ་ན་ཧུ་ཏ་ཀ། ཤུདྡྷོ་ཤུདྡྷོ་དུ་ཤུདྡྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན་ཁྲི་རྩེ་དྲུང་མུ། ཧ་ཧ་བྲུཾ་བྲུཾ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཊཿཕཊཿ ཅི་ནུས་བགྲང་ལ། སླར་ཡང་རང་ལུས་འོད་གསལ་བདུད་རྩའི་ཆར། ། བ་སྤུའི་བུག་སྒོ་ནས་འབབས་འགྲོ་ལ་ཕོག ། ཀུན་གྱི་སྡུག་ལྟུང་བག་ཆགས་དག་ནས་སུ། ། ཐམས་ཅད་ཀུན་བཟང་སྐུ་རུ་གྱུར་བར་བསམ། ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུཾ་ཧྲུན། དམུ་ཏྲེ་དམུ་ཏྲེ་དམུ་ར་དམུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུད་ལ་ཝེར་རོ་ན་ཧུ་ཏ་ཀ། ཤུདྡྷོ་ཤུདྡྷོ་དུ་ཤུདྡྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན་ཁྲི་རྩེ་དྲུང་མུ། ཧ་ཧ་བྲུཾ་བྲུཾ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཊཿཕཊཿ བགྲང་ལ། བདག་སོགས་ནམ་མཁའི་མཐའ་མཉམ་འགྲོ་ཀུན་གྱི། ། ཐོག་མའི་དུས་ནས་ད་ལྟ་ཡན་ཆད་དུ། ། མི་དགེ་སྡིག་པའི་ལས་རྣམས་གང་བགྱིས་པ། ། ཐམས་ཅད་རྒྱལ་བའི་དྲུང་དུ་མཐོལ་ཞིང་བཤགས། ། བྱང་ཞིང་དག་ནས་ཚང་བསྩལ་དུ་གསོལ། ། ཁྱད་པར་དཀོན་མཆོག་ཡོན་ཏན་མ་མཐོང་དང་། ། སྤྱོད་ལམ་རྣམ་བཞིར་སྐྱབས་འགྲོ་མ་བསླབ་པ། ། སྐྱབས་ཡུལ་སྨོད་དང་འཇིག་རྟེན་ལྷ་ལ་དད། ། གཞན་ལ་གནོད་བྱས་ལོག་ལྟ་ཅན་དང་འགྲོགས། ། སྐུ་གཟུགས་གླེགས་བམ་མཆེད་གྲོགས་མི་བཀུར་དང་། ། གཞན་ཡང་སྡོམ་གསུམ་ཉམས་འགལ་ཐམས་ཅད་བཤགས། ། དགུ་བ་མཎྜལ་འབུལ་བ་ནི། ཨེ་མ་འབྱུང་ལྔའི་སྟེང་དུ་རི་རབ་རི་བདུན་དང་། ། གླིང་བཞི་གླིང་ཕྲན་ཕྱི་ནང་འདོད་ཡོན་བཅས། ། ཉི་ཟླའི་བརྒྱན་པ་བྱེ་བ་ཕྲག་བརྒྱ་འདི། ། བདག་གི་བློས་བླངས་འབུལ་ལོ་བཞེས་སུ་གསོལ། ། གཞན་ཡང་བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས། ། གང་ཡང་རྒྱལ་བའི་ཞིང་ལ་འབུལ་ལགས་ཀྱི། ། ཐུགས་རྗེའི་བྱིན་གྱིས་རློབས་ལ་བཞེས་ནས་ཀྱང་། ། བདག་སོགས་འགྲོ་རྣམས་ཚོགས་གཉིས་རྫོགས་པར་ཤོག ། བཅུ་བ་བླ་མའི་རྣལ་འབྱོར་ནི། ཨེ་མ་ཧོ། སྐུ་གསུམ་རྫོགས་པའི་སངས་རྒྱས་ལ་གསོལ་བ་འདེབས། ། བདེ་གཤེགས་དགོངས་པའི་བརྒྱུད་པ་ལ་གསོལ་བ་འདེབས། ། སེམས་དཔའ་བརྡ་ཡི་བརྒྱུད་པ་ལ་གསོལ་བ་འདེབས། ། གྲུབ་ཐོབ་སྙན་ཁུངས་བརྒྱུད་པ་ལ་གསོལ་བ་འདེབས། ། སྒྲ་བསྒྱུར་ལོ་ཙཱའི་བརྒྱུད་པ་ལ་གསོལ་བ་འདེབས། ། ལས་འཕྲོ་གཏེར་གྱི་བརྒྱུད་པ་ལ་གསོལ་བ་འདེབས། ། རྟོགས་ལྡན་སྙན་ཁུངས་བརྒྱུད་པ་ལ་གསོལ་བ་འདེབས། ། དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། ། དེ་ལྟར་རྩེ་གཅིག་གསོལ་བ་བཏབས་པའི་ཚེ། ། བླ་མའི་ཐུགས་ལས་བདུད་རྩིའི་རྒྱུན་བབ་པས། ། བདག་སོགས་སེམས་ཅན་ཡོངས་ཀྱི་སྤྱི་བོར་ཐིམས། ། ཀུན་ཀྱང་འོད་ཀྱི་ཕུང་བོར་ལམ་ལམ་གྱུར། ། སྐྱབས་གནས་མ་ལུས་འོད་ཞུ་བླ་མར་ཐིམས། ། བླ་མ་སླར་ཡང་བདག་གི་སྤྱི་བོ་རུ། ། འདྲེན་པའི་དེད་དཔོན་ཆེན་པོར་བཞུགས་པར་གྱུར། ། སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་དུ། ། དྲིན་ཆེན་རྩ་བའི་བླ་མ་གསོལ་བ་འདེབས ། ། སངས་རྒྱས་སེམས་སུ་སྟོན་པ་རིན་པོ་ཆེ། ། རང་ངོ་རང་གིས་ཤེས་པར་བྱིན་གྱིས་རློབས། ། ཀྱེ་མ་དྲིན་ཆེན་བླ་མ་རིན་པོ་ཆེ། ། བདག་ལ་རེ་ས་ཁྱེད་ལས་གཞན་མེད་པས། ། གཡེལ་མེད་ཐུགས་རྗེས་གཟིགས་ཤིག་བཀའ་དྲིན་ཅན། ། བར་ཆད་གཅིག་ཆར་སོལ་ཞིག་རྫུ་འཕྲུལ་ཅན། ། བདག་འཛིན་རྩད་ནས་ཆོད་ཅིག་ཐུགས་རྗེ་ཅན། ། ཉོན་མོངས་གཏིང་ནས་ཆོམ་ཞིག་མཁྱེན་པ་ཅན། ། དངོས་གྲུབ་ད་ལྟར་སྩོལ་ཅིག་ཡོན་ཏན་ཅན། ། ཉམས་རྟོགས་མངོན་དུ་སྤོར་ཞིག་བྱིན་རླབས་ཅན། ། འཁོར་བ་འདི་ལས་དྲོངས་ཤིག་ནུས་རྩལ་ཅན། ། བཙོན་དོང་འདི་ལས་བཏོན་ཅིག་མཐུ་སྟོབས་ཅན། ། སྡུག་བསྔལ་འདི་ལས་སྒྲོལ་ཞིག་སྙིང་རྗེ་ཅན། ། འཇིགས་པ་འདི་ལས་སྐྱོབས་ཤིག་བརྩེ་ཆེན་བདག ། ད་ནས་བྱང་ཆུབ་སྙིང་བོ་མ་ཐོབ་བར། ། བསླུ་མེད་དྲིན་ཆེན་བླ་མས་ཐུགས་རྗེས་བཟུང་། ། བཅུ་གཅིག་པ་དབང་བཞི་ལེན་པ་ནི། རིགས་ཀུན་འདུས་གཙོ་དཔལ་ལྡན་བླ་མ་ཡི། ། གསང་གསུམ་ཡིག་འབྲུ་ཨཿཨཱོྃ་ཧཱུྃཿགསུམ་ལས། ། འོད་ཟེར་དཀར་དམར་མཐིང་དང་ཧཱུྃཿཡིག་འཕྲོས། ། བདག་གི་སྤྱི་མགྲིན་སྙིང་ག་ནས་ཐིམ་པས། ། ལུས་ངག་ཡིད་དང་ཀུན་གཞིའི་ལས་ངན་བྱང་། ། རྩ་རླུང་ཐིག་ལེ་ཤེས་བྱའི་སྒྲིབ་པ་དག ། སྐུ་གསུང་ཐུགས་དང་ཡེ་ཤེས་བྱིན་རླབས་ཞུགས། ། བུམ་གསང་ཤེས་རབ་དོན་གྱི་དབང་མཆོག་ཐོབ། ། བསྐྱེད་བཟླས་ཏིང་འཛིན་རྫོགས་ཆེན་སྣོད་དུ་གྱུར། ། རིག་འཛིན་རྣམ་བཞིའི་ས་བོན་རྒྱུད་ལ་ཐེབས། ། སྐུ་བཞིའི་འབྲས་ཐོབ་སྐལ་བ་ཅན་དུ་གྱུར། ། བཅུ་གཉིས་པ་ཉལ་ཁར་ཞུ་ཐིམ་ནི། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། ། བདག་གི་སྙིང་ག་པདྨོའི་ཟེའུ་འབྲུ་ལ། ། བྱང་ཆུབ་བར་དུ་འབྲལ་མེད་བཞུགས་ནས་ཀྱང་། ། འཁྲུལ་བ་འོད་གསལ་འབྱུང་བར་བྱིན་གྱིས་རློབས། ། ཞེས་པས། བླ་མ་སྙིང་གི་ཤེལ་གུར་དཀར་པོའི་དབུས་སུ་མར་སྤྱན་དྲངས་ལ། ཤེས་བྱ་བུམ་གཞུག་གི་དམིགས་པའི་ངང་དུ་གཉིད་ལོག་གོ ། ཞེས་སྔོན་འགྲོའི་ངག་འདོན་བསླབ་གསུམ་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ། བསྟན་གཉིས་གསང་སྔགས་གླིང་བའི་ཞལ་སྔ་ནས་འདི་བཞིན་བྲིས་ཤིག་གི་བཀའི་གནང་བ་མཛད་བཞིན། མཁའ་ལ་འཇའ་ཚོན་གྱི་དྲྭ་བ་དཀྲིག་ཅིང་ལྷའི་བུ་མོའི་དབྱངས་སྙན་འབྱིན་པའི་ཉིན་པར། ཌཀྐི་དབང་མོས་ཤོག་དཀར་དར་གྱིས་ཀླུབས་པ་བསྩལ་ནས་བསྐུལ་བ་དང་། གཞན་ཡང་མཆེད་གྲོགས་དམ་པ་འགའི་གསུང་གིས་རྟེན་དུ་གཤེན་གྱི་དགེ་སྦྱོར་བ་མངྒའི་མིང་གིས་བྲིས་པ་དགེ་གྱུར་ཅིག།། སརྦ་དཱ་ཀརྱ་ཎི་བྷཝནྟུ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།