ཚེ་དབང་སྨོན་ལམ་ནོར་བུ་དོན་འདུས་རིན་ཆེན་ཕྲེང་བ་བཞུགས་སོ།།

ཚེ་དབང་སྨོན་ལམ་ནོར་བུ་དོན་འདུས་རིན་ཆེན་ཕྲེང་བ་བཞུགས་སོ།།

 ༄༅། །ཨེ་མ་ཧོ། དབྱིངས་ཉིད་རྣམ་དག་ཞིང་ཁམས་རབ་འབྱམས་ནས། །བླ་མ་བདེར་གཤེགས་ཡི་དམ་མཁའ་འགྲོ་དང༌། །རྟེན་གསུམ་གཤེན་རབ་སངས་རྒྱས་སེམས་དཔའི་ཚོགས། །རང་བཞིན་དབྱིངས་ནས་གཤེགས་བཞུགས་མི་མངའ་ཡང༌། །བདག་སོགས་འགྲོ་རྣམས་ཐུགས་རྗེས་བཟུང་བའི་ཕྱིར། །སྤྱི་གཙུག་པདྨའི་གདན་ལ་བཞུགས་སུ་གསོལ། །སྐྱབས་གནས་མཁྱེན་བརྩེ་སྟོབས་ལྡན་ཁྱེད་རྣམས་ལ། །བདག་སོགས་འགྲོ་རྣམས་གུས་པས་ཕྱག་འཚལ་ལོ། །མི་དགེ་སྡིག་པའི་ལས་རྣམས་འཐོལ་ལོ་བཤགས། །ཕྱི་ནང་སྣོད་བཅུད་འདོད་ཡོན་མཆོད་པ་འབུལ། །རྟོག་མེད་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ། །བདག་གིས་དུས་གསུམ་དགེ་རྩ་ཅི་བགྱིས་རྣམས། །མཁའ་ཁྱབ་སེམས་ཅན་དོན་ཕྱིར་ཡོངས་སུ་བསྔོ། ཀུན་ཀྱང་རང་སེམས་གནས་ལུགས་རྟོགས་པར་ཤོག །ན་མོ་དབྱིངས་བཞུགས་སྐྱབས་གནས་ཐུགས་རྗེ་ཅན། །མ་ལུས་གསན་ཅིང་བདག་ལ་དགོངས་སུ་གསོལ། །བདག་གིས་མོས་གུས་སྨོན་ལམ་འདི་ལྟར་གདབ། །ཇི་ལྟར་བཟླས་བཞིན་འགྲུབ་པར་མཛད་དུ་གསོལ། །བདག་ནི་མི་ལུས་གཙང་མ་ཐོབ་དུས་འདིར། །སྒོ་གསུམ་དགེ་སྤྱོད་མཐའ་རུ་ཕྱིན་པ་དང༌། །རྣམ་རྟོག་བློ་ཡི་དྲི་མ་ཀུན་སངས་ནས། །རྟོག་མེད་ཡེ་ཤེས་རྒྱུད་ལ་འཆར་བར་ཤོག །རྐྱེན་ངན་དགེ་བའི་བར་ཆད་ཀུན་ཞི་ནས། །དགེ་བཅུ་མཐར་ཕྱིན་ཅི་བསམ་འགྲུབ་པ་དང༌། །བསྟན་པ་དར་ཞིང་སྐུ་ཚེ་རིང་ནས་ཀྱང༌། །འབྲེལ་ཚད་སེམས་ཅན་ཀུན་ལ་ཕན་ཐོགས་ཤོག །མི་རྟག་དུས་ཆེན་སླེབས་དུས་འཆི་ཁ་ན། །ལུས་ཀྱི་ན་ཚ་ཟུག་གཟེར་ཞི་བ་དང༌། །བྱིང་རྨུགས་འཐིབས་པའི་སྣང་བ་ཀུན་སངས་ནས། །སྒྲིབ་མེད་ཟང་ཐལ་རིག་པ་གསལ་བར་ཤོག །འཇིག་རྟེན་འདིར་སྣང་འཁྲུལ་བའི་ལས་སྤྱོད་ལ། །རེ་འདོད་ཕྱིར་འབྲང་ཞེན་ཆགས་མེད་པ་དང༌། །འཇིགས་སྐྲག་སྡུག་བསྔལ་ཉོན་མོངས་རབ་ཞི་ནས། །སེམས་ཉིད་གཡོ་མེད་ངང་ལ་གནས་པར་ཤོག །སྒྱུ་ལུས་གཟུགས་ཕུང་འབྱུང་ལྔ་འཇིག་དུས་ན། །འོད་ལྔ་འཁྲུལ་བའི་སྣང་བ་ཅི་ཤར་ཡང༌། །སེམས་ཀྱི་ཆོ་འཕྲུལ་རང་རྩལ་ངོ་ཤེས་ནས། །སྐུ་ལྔ་ཡེ་ཤེས་ལྔ་རུ་གྲོལ་བར་ཤོག །རྣམ་ཤེས་ཙིཏྟའི་དབུས་སུ་འདུས་པའི་ཚེ། །རང་སྣང་འཁྲུལ་བའི་སྒྲ་འོད་ཟེར་གསུམ་རྣམས། །སྐུ་གསུམ་ངོ་ཤེས་རང་སར་གྲོལ་ནས་ཀྱང༌། །འཁྲུལ་སྣང་བར་དོའི་འཕྲང་ལས་ཐར་བར་ཤོག །སེམས་ཉིད་ངོ་བོ་ཨ་ཡིས་མཚན་པ་ཅན། །དབུས་མཐིང་བདེ་བའི་རྩ་ལ་ལམ་ཐོན་ནས། །སྤྱི་གཙུག་ཀུན་བཟང་ངང་དུ་ཐིམ་ནས་ཀྱང༌། །བོན་ཉིད་དབྱིངས་སུ་རྫོགས་སངས་རྒྱས་པར་ཤོག །གལ་ཏེ་ལས་དབང་སྐྱེ་བ་ལེན་ན་ཡང༌། །དམྱལ་བ་ཡི་དྭགས་བྱོལ་སོང་ལྷ་མིན་དང༌། །མཐའ་འཁོབ་ཕམ་ལྟུང་གནས་ངན་ཀུན་སྤངས་ནས། །ལྷོ་རྒྱལ་འཛམ་གླིང་དབུས་སུ་སྐྱེ་བར་ཤོག །གཅན་གཟན་འདབ་ཆགས་བྱོལ་སོང་དུད་འགྲོ་དང༌། །བྲན་དང་བུད་མེད་དམག་དཔོན་ཤན་པ་སོགས། །སྐྱེ་སྒོ་མ་དག་རིགས་ངན་ཀུན་སྤངས་ནས། །རིགས་བཟང་ཁུངས་བཙུན་མི་ལུས་ཐོབ་པར་ཤོག །ཞ་བོ་འོན་པ་ལྐུགས་པ་ལོང་བ་དང། །དབང་བོ་མ་ཚང་ལུས་སུ་མི་སྐྱེ་ཞིང༌། །ཡིད་འོང་གཟུགས་བཟང་མཚན་དཔེ་རབ་རྫོགས་ནས། །འཕྲུལ་ངག་བདེན་པའི་སྣོད་དུ་རུང་བར་ཤོག །འཇིག་རྟེན་འཁྲུལ་སྤྱོད་མི་དགེ་སྤང་བ་དང༌། །དད་པ་གསུམ་ལྡན་དགེ་ལ་རབ་མོས་ཤིང༌། །གསུམ་ལྡན་བླ་མ་ཞིག་དང་མཇལ་ནས་ཀྱང༌། །གཞོན་ནུར་གྱུར་ལ་རབ་ཏུ་བྱུང་བར་ཤོག །བདུད་དང་འགོང་བོ་ལྷ་སྲིན་སྡེ་བརྒྱད་རྣམས། །འཁྲུལ་སེམས་གནོད་སེམས་གདུག་སེམས་ཞི་བ་དང༌། །བདག་གི་བཀའ་ཉན་བྲན་དུ་འཁོལ་ནས་ཀྱང༌། །དགེ་བའི་མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག །ངལ་དུབ་མེད་པའི་བརྩོན་འགྲུས་རབ་བསྐྱེད་ནས། །ལེ་ལོ་གཡེང་བའི་འདུ་འཛི་སྤང་བ་དང༌། །སྒོ་གསུམ་ཤེས་རྒྱུད་བོན་ལ་སྦྱངས་ནས་ཀྱང༌། །བསླབ་གསུམ་ཕུལ་ཕྱིན་མཁས་པར་འགྱུར་བར་ཤོག །དེ་དུས་མཁས་པའི་ངོ་བོ་ཀུན་སྤང་ནས། །ཚིག་ཕྱིར་མི་འབྲང་དོན་ལ་དྲིལ་བ་དང༌། །བརྟུལ་ཞུགས་སྟོབས་ཀྱིས་སྣང་བ་སྦྱང་ནས་ཀྱང༌། །ཐེག་ཆེན་ཟབ་མོ་ཉམས་སུ་ལེན་པར་ཤོག །འཇིག་རྟེན་དགྲ་གཉེན་ཟང་ཟིང་ནོར་རྫས་ལ། །ཆགས་ཞེན་འདོད་མེད་རྒྱུད་ལ་སྐྱེ་བ་དང༌། །གཟུང་འཛིན་སེར་སྣའི་མདུད་པ་གྲོལ་ནས་ཀྱང༌། །སེམས་ཉིད་འགག་མེད་ངང་ལ་གནས་པར་ཤོག །ཕྱི་ཡི་ཚོགས་དྲུག་སྣང་བ་བདེན་མེད་ལ། །ང་བདག་གཟུང་འཛིན་རང་སར་གྲོལ་བ་དང༌། །དངོས་པོ་ངོས་བཟུང་གཟའ་གཏད་བྲལ་ནས་ཀྱང༌། །སྣང་བ་སྣ་ཚོགས་སྒྱུ་མར་རྟོགས་པར་ཤོག །ནང་གི་རྣམ་རྟོག་བློ་ཡི་འགྱུ་བྱེད་རྣམས། །གཞི་མེད་ཀ་དག་ངང་དུ་སངས་པ་དང༌། །སྒོམ་བྱུང་འཁྲུལ་མེད་ཤེས་རབ་རྒྱས་ནས་ཀྱང༌། །སངས་རྒྱས་དགོངས་པ་རང་ལས་རྙེད་པར་ཤོག །བྱིང་རྨུགས་འཕྲོ་རྒོད་ཐེ་ཚོམ་རེ་དོགས་རྣམས། །དབྱེར་མེད་འོད་གསལ་ངང་དུ་གྲོལ་བ་དང༌། །སྐུ་གསུམ་མངོན་གྱུར་རང་ངོ་ཤེས་ནས་ཀྱང༌། །ངེས་ཤེས་ཡིད་ཆེས་གཏིང་ནས་སྐྱེ་བར་ཤོག །ཕྱི་ནང་གསང་གསུམ་ལམ་གྱི་དྲོད་རྟགས་ལ། །ཐུན་མོང་དངོས་གྲུབ་རྫུ་འཕྲུལ་མངའ་བ་དང༌། །ས་ལམ་བློ་ཡི་རིམ་པ་རྫོགས་ནས་ཀྱང༌། །སེམས་ཉིད་རོ་སྙོམས་བདག་ཞལ་མཐོང་བར་ཤོག །དོན་དམ་མཐའ་རུ་ཕྱིན་པའི་དྲོད་རྟགས་ལ། །རྟོག་མེད་ཡེ་ཤེས་འདུ་འབྲལ་མེད་པ་དང༌། །ཉམས་རྟོགས་ངོ་བོ་རོ་དང་བྲལ་ནས་ཀྱང༌། །མཆོག་གི་དངོས་གྲུབ་རྣམ་མཁྱེན་ཐོབ་པར་ཤོག །སྣང་སྲིད་ཕྱི་ནང་འཁོར་འདས་བོན་རྣམས་ཀུན། །ཡེ་སྟོང་རྩ་བྲལ་ངང་དུ་མཉམ་པ་དང༌། །སྣ་ཚོགས་དུ་མ་གཅིག་ཏུ་རྫོགས་ནས་ཀྱང༌། །བརྗོད་མེད་བོན་སྐུའི་ས་ལ་ཕྱིན་པར་ཤོག །ཐུགས་ཉིད་ངང་ལས་ཚད་མེད་བཞི་ཤར་ནས། །སེམས་ཅན་བློ་ཡི་མུན་པ་བསལ་བ་དང༌། །འགྲོ་བ་ཀུན་གྱིས་དད་ཅིང་མོས་ནས་ཀྱང། །གཡུང་དྲུང་བོན་གྱི་འཁོར་ལོ་བསྐོར་བར་ཤོག །གདུལ་བྱ་བསྟན་པ་དར་ཞིང་རབ་རྒྱས་ནས། །ཕ་རོལ་གཞན་སྣང་ཟིལ་གྱིས་གནོན་པ་དང༌། །ཀུན་གྱི་མགོན་སྐྱབས་རེ་གནས་གྱུར་ནས་ཀྱང༌། །བདག་ཉིད་ཐུགས་རྗེ་བཞི་དང་ལྡན་པར་ཤོག །སྙིང་རྗེ་ཆེ་ཞིང་ཐབས་ལ་མཁས་ནས་ཀྱང༌། །སེམས་ཅན་དོན་ལ་སྐྱོ་ངལ་མེད་པ་དང༌།།མཁའ་ཁྱབ་འགྲོ་དྲུག་སེམས་ཅན་མ་ལུས་ཀུན། །བདག་ཉིད་ཐུགས་རྗེས་མྱུར་དུ་འདྲེན་པར་ཤོག །སྐྱབས་གནས་མཁྱེན་ལྡན་ཐུགས་རྗེ་བྱིན་རླབས་དང༌། །བདག་གི་སྒོ་གསུམ་མོས་གུས་ནུས་མཐུ་ཡིས། །སྨོན་ལམ་རྣམ་དག་མྱུར་དུ་རབ་འགྲུབ་ནས། །འཁོར་བ་མ་ལུས་དོང་ནས་སྤྲུགས་པར་ཤོག །སྐྱབས་གནས་བདེར་གཤེགས་ཕྱི་ནང་ལྷ་ཚོགས་དང༌། །བདག་སོགས་མཁའ་མཉམ་འགྲོ་དྲུག་སེམས་ཅན་རྣམས། །དུ་མ་རོ་གཅིག་ངང་ལ་མཉམ་ནས་ཀྱང༌། །བརྗོད་མེད་བོན་ཉིད་དབྱིངས་སུ་ཐིམ་པར་ཤོག །ཅེས་སྨོན་ལམ་ནོར་བུ་དོན་འདུས་རིན་ཆེན་ཕྲེང་བ་འདི་ནི། གནམ་མཚོ་དོ་རིང་གི་གསང་ཕུག་ཏུ། ཚེ་དབང་རིག་འཛིན་ཆེན་པོས་རྫ་བོ་རིག་པ་རང་ཤར་ཉིད་ལ་སྙན་དུ་བརྒྱུད། རྫ་བོས་ཕྱི་རབས་ཀྱི་དོན་དུ་ཡི་གེར་བཀོད་པའོ། །མངྒ་ལཾ། །

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།