སྨོན་ལམ་བསྟན་པ་དར་རྒྱས་ཡུན་གནས་དགེ་ལེགས་ཟད་མེད་རྒྱ་མཚོ་བཞུགས་སོ།།

སྨོན་ལམ་བསྟན་པ་དར་རྒྱས་ཡུན་གནས་དགེ་ལེགས་ཟད་མེད་རྒྱ་མཚོ་བཞུགས་སོ།།
གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད།

༄༅། །སྤངས་རྟོགས་མཐར་ཕྱིན་འབྱུང་ལྔའི་ཕང་བ་ལས། །སོན་པའི་མཚན་དཔེ་གསེར་རི་མུ་ཁྱུད་ལྡན། །མཁྱེན་བརྩེ་ཉི་ཟླ་མཛད་འཕྲིན་དཔག་བསམ་བརྟས། །རྣམ་འདྲེན་སངས་རྒྱས་རི་དབང་མཆོག་དེར་འདུད། །གང་དེའི་ཐུགས་གསང་ཡེ་ཤེས་སྒྱུ་འཕྲུལ་ལས། །བསྐྲུན་པའི་བཀའ་ལུང་རྡུལ་བྲལ་ས་ལེ་སྦྲམ། །འཛིན་སྐྱོང་སྤེལ་རྣམས་དར་རྒྱས་ཡུན་གནས་ཀྱི། །སྨོན་ཚིག་འདི་ལྟར་སྒོ་གསུམ་དད་པས་གདབ། །
ན་མོ་སད་གྱེར་སྤུངས་སོ་པ་ཏ་ཡ། །རྒྱལ་བའི་རྣམ་སྤྲུལ་གངས་ཅན་མཁས་གྲུབ་ཀྱི། །སྤྱི་བོའི་ཅོད་པན་སྐྱབས་ཀྱི་དྭངས་མ་རྗེ། །མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་ཞེས། །ས་གསུམ་འགྲོ་བའི་དཔལ་མགོན་ལ་ཕྱག་འཚལ། །དཀོན་མཆོག་གསུམ་དང་བླ་མ་རིག་འཛིན་དང༌། །ཡི་དམ་རྒྱ་མཚོ་མཁའ་འགྲོ་དམ་ཅན་སྡེ། །བསྟན་སྲུང་མ་བཙན་སྦོམ་ར་ལ་སོགས་ཏེ། །མཁྱེན་བརྩེའི་སྤྱན་ལྡན་ཐམས་ཅད་དགོངས་སུ་གསོལ། །གྲུབ་མཐའི་རྒྱལ་པོ་འཕྲུལ་ངག་རྟ་བདུན་དབང༌། །བསྲེ་བསླད་སྤྲིན་གྱི་དྲི་མ་རིང་དུ་བསྐལ། །ཕན་བདེ་གཟི་འོད་ཕྱོགས་ལས་རྣམ་རྒྱལ་ཆེ། །སྔ་འགྱུར་བོན་གྱི་བསྟན་པ་རྒྱས་གྱུར་ཅིག །རྣམ་འདྲེན་དབང་པོ་ཚངས་པའི་རལ་ཀླུང་ནས། །འོང་བའི་ཐེག་དགུ་སྒོ་བཞི་མཛོད་དང་ལྔ། །ཕྱི་ནང་གསང་གསུམ་བཀའ་བརྒྱུད་གངྒའི་རྒྱུན། །སྔ་འགྱུར་བོན་གྱི་བསྟན་པ་རྒྱས་གྱུར་ཅིག །རིག་འཛིན་ཆེན་པོ་དྲན་པ་ཡབ་སྲས་དང༌། །ཞང་བོད་འཕགས་གྲུབ་བརྒྱད་ཅུའི་མན་ངག་ལུང༌། །སྐྱེ་ལྔའི་དབྱིངས་བཞིན་རིང་བའི་ངོ་མཚར་ཅན།།སྔ་འགྱུར་བོན་གྱི་བསྟན་པ་རྒྱས་གྱུར་ཅིག །བསྟན་པའི་དབུ་བརྙེས་གཏེར་སྟོན་བརྒྱ་རྩ་དང༌། །ཁྱད་པར་གཤེན་གྱེར་རྨ་དབྱིལ་གཡུང་དྲུང་གླིང༌། །རྒྱལ་བསྟན་ནོར་བུའི་བང་མཛོད་སྒོ་འཕར་ཕྱེས། །སྔ་འགྱུར་བོན་གྱི་བསྟན་པ་རྒྱས་གྱུར་ཅིག །སྲོལ་འཛིན་བྲུ་ཞུ་སྤ་རྨེ་གཤེན་དང་ཁྱུང༌། །མདོ་སྔགས་ཟུང་འབྲེལ་ལྟ་སྤྱོད་རྣམ་པར་དག །དྲི་མེད་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས།།སྔ་འགྱུར་བོན་གྱི་བསྟན་པ་རྒྱས་གྱུར་ཅིག །སྤྲུལ་སྐུ་རྣམ་གསུམ་ཀུན་གྲོལ་གྲགས་པ་ཡི། །ཌཱ་ཀིའི་ཞལ་དྲོད་མ་ཡལ་ཡང་གསང་བོན། །ཟང་ཐལ་འཇའ་ལུས་འོད་སྐུར་གྲོལ་བའི་མཆོག །སྔ་འགྱུར་བོན་གྱི་བསྟན་པ་རྒྱས་གྱུར་ཅིག །མུ་མཐའ་བྲལ་བ་གདུལ་བྱའི་མཁའ་དབྱིངས་སུ། །འཆད་པའི་སྤྲིན་ཆར་རྩོམ་པའི་འབྲུག་སྟོང་ལྡིར། །རྩོད་པའི་ཐོག་མདས་ཕས་རྒོལ་བྲག་རི་གཞིལ། །སྔ་འགྱུར་བོན་གྱི་བསྟན་པ་རྒྱས་གྱུར་ཅིག །རང་དོན་ཡིད་བྱེད་བྲལ་བའི་ངེས་འབྱུང་གིས། །དབེན་པར་བསླབ་གསུམ་ཉམས་བཞེས་ལྷུར་བླངས་ནས། །ཚེ་གཅིག་སངས་རྒྱས་གོ་འཕང་མངོན་བྱེད་པ། །སྔ་འགྱུར་བོན་གྱི་བསྟན་པ་རྒྱས་གྱུར་ཅིག །འབྲས་བུ་གསང་ཆེན་རིམ་གཉིས་བསྙེན་སྒྲུབ་བོན། །ལོག་ལྟ་མཆོག་འཛིན་མཐའ་བརྒྱད་སྤྲོས་དང་བྲལ། །སྟོང་ཉིད་ཡེ་ཤེས་སྙིང་རྗེ་ཆེན་པོའི་འཕྲུལ། །སྔ་འགྱུར་བོན་གྱི་བསྟན་པ་རྒྱས་གྱུར་ཅིག །དབུ་རྫོགས་ཕྱག་གསུམ་དགོངས་པ་མཐར་ཐུག་དོན། །ངོ་བོ་སྟོང་ལ་རང་བཞིན་འགག་མེད་གསལ། །ཐུགས་རྗེ་ཀུན་གྲོལ་རིག་སྟོང་རྗེན་པའི་གདངས། །སྔ་འགྱུར་བོན་གྱི་བསྟན་པ་རྒྱས་གྱུར་ཅིག །མདོར་ན་ཡངས་པའི་རྒྱལ་ཁམས་འཁོར་ཡུག་ཏུ། །ངུར་སྨྲིག་རྒྱལ་མཚན་འཛིན་པ་འདུལ་བའི་གླིང༌། །གོས་དཀར་ལྕང་ལོ་ལྡན་པ་སྔགས་འཆང་སྡེ། །སྔ་འགྱུར་བོན་གྱི་བསྟན་པ་རྒྱས་གྱུར་ཅིག །དཀོན་མཆོག་རྩ་གསུམ་བསྟན་སྲུང་བྱིན་རླབས་དང༌། །རང་གཞན་དུས་གསུམ་ཚོགས་གཉིས་བསགས་པའི་མཐུས། །ཕན་བདེ་མ་ལུས་འབྱུང་བའི་གནས་གཅིག་པུ། །སྔ་འགྱུར་བོན་གྱི་བསྟན་པ་རྒྱས་གྱུར་ཅིག །བསྟན་པའི་བདག་པོ་རྣམས་ཀྱི་སྐུ་ཚེ་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་སུ་གང༌། །བསྟན་སྤྱིན་མངའ་ཐང་བདེ་སྐྱིད་ཕུན་ཚོགས་ལྡན། །བསྟན་པའི་སྙིང་པོ་དར་ཞིང་རྒྱས་གྱུར་ཅིག །ལྷག་བསམ་སྐྱ་རེངས་ཀྱིས་དྲངས་སྨོན་ལམ་ཚིག །འོད་ཟེར་ཕྱོགས་བརྒྱར་འཕྲོ་བ་ཉིན་བྱེད་གཟིས། །ལྟ་ངན་གྲུབ་མཐའི་ཐུན་གསུམ་སྨག་བསལ་ནས། །རིས་བྲལ་པད་ཚལ་བཞད་པའི་རྒྱུར་གྱུར་ཅིག །ཅེས་སྔ་འགྱུར་མདོ་སྔགས་ཟུང་འབྲེལ་གཡུང་དྲུང་བོན་གྱི་བསྟན་པ་རྒྱས་པའི་སྨོན་ལམ་དར་རྒྱས་ཡུན་གནས་ཞེས་བྱ་བ་འདི་ནི། རང་གི་སློབ་བུ་བོན་པོ་འབུམ་པ་རྒྱལ་དང་དྲང་སྲོང་དགེ་འདུན་བཟང་པོ། དགེ་སློང་དགེ་ལེགས་རྒྱ་མཚོ་གསུམ་གྱིས་སྔ་མོ་ནས་བསྐུལ་བ་དང༌། ཉེ་བར་གླིང་བརྒྱ་དང་སྨད་པའི་བོན་མང་གིས་བསྐུལ་ངོར། ༧བོན་བརྒྱའི་སྤྲུལ་མིང་པ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཀྱིས་ལྷག་བསམ་དག་པས་བྲིས་པ་དེ་དེ་བཞིན་དུ་འགྲུབ་པའི་རྒྱུ་རུ་གྱུར་ཅིག་གུ ཐ་ཚན་མུ་ཙུག་སྨར་རོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།