གསོལ་འདེབས་སྣ་ཚོགས་བཞུགས་སོ།།

གསོལ་འདེབས་སྣ་ཚོགས་བཞུགས་སོ།།

ཨེ་མ་ཧོ། བདེ་ཆེན་རྒྱལ་བོ་ཀུན་བཟང་རྒྱལ་བ་འདུས། །
ཀུན་མཁྱེན་དབང་པོ་ཤེས་རབ་སྨྲ་བའི་སེང༌། །
འཛམ་གླིང་མཁས་མང་གཙུག་རྒྱན་མཉམ་མེད་པ། །
ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།།

༧ཤེས་རབ་ཕར་ཕྱིན་ཀུན་བཟང་བོན་སྐུ་རྗེ། །
ཤེས་རབ་སྨྲ་སེང་ཀུན་གསལ་རྫོགས་སྐུ་རྗེ། །
ཤེས་རབ་རྒྱལ་མཚན་ཀུན་མཁྱེན་སྤྲུལ་སྐུ་རྗེ། །
ཤེས་རབ་དགོངས་རྒྱལ་རྗེ་ལ་གསོལ་བ་འདེབས། །

༧སྐྱབས་གནས་མ་ལུས་འདུས་པའི་ངོ་བོ་ཉིད། །
བླ་མེད་ཐེག་པའི་མཛོད་འཛིན་རྣལ་འབྱོར་བ། །
ཡང་སྲིད་ཆེན་པོ་ནམ་མཁའ་རྒྱལ་མཚན་ལ། །
གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ།།

༧ཟླ་བྲལ་ཨ་དཀར་བོན་བསྟན་དར་རྒྱས་ཡུལ། །མ
དོ་སྨད་སྣང་ཞིག་གདུང་ལས་འཁྲུངས་པའི་སྟོན། །
རྒྱལ་ཀུན་ངོ་བོ་མཚན་དཔེའི་ཡོན་ཏན་རྫོགས། །
སངས་རྒྱས་མི་གཟུགས་སྤྲུལ་ལ་གསོལ་བ་འདེབས།།

༧འགྲོ་མགོན་ཚེ་དབང་ཐུགས་ཀྱི་སྤྲུལ་བ་ལས། །
དབང་དྲག་རྒྱ་མཚོ་ཚེ་དབང་ལྷུན་གྲུབ་དང༌། །
ཀུན་བཟང་ལྷུན་གྲུབ་ཚེ་དབང་མཆོག་ལེགས་དང༌། །
གཡུང་དྲུང་དབང་རྒྱལ་རྗེ་ལ་གསོལ་བ་འདེབས། །

༧ཐུགས་རྗེ་བྱིན་རླབས་མཆོག་ཐུན་དངོས་གྲུབ་སྩོལ། །
མི་འགྱུར་གཡུང་དྲུང་དབྱིངས་ཀྱི་རང་བཞིན་ཉིད།།
མ་འགག་གསལ་བ་སྲིད་པའི་དབལ་བོན་རྗེ། །
སྔོན་བྱོན་བསྟན་པའི་སྲོལ་འཛིན་སྤྲུལ་བའི་སྐུ། །
རིགས་ཀུན་ཁྱབ་བདག་རྗེ་ལ་གསོལ་བ་འདེབས། །

༧བསླབ་གསུམ་བསྟན་པའི་བདག་ཉིད་འགྲོ་བའི་མགོན།།
སྔོན་ཚེ་བྱ་བཏང་རྣལ་འབྱོར་དྲུང་མུའི་མཚན། །
ཐང་གཤེན་ཆབ་དཀར་འགྲོ་འདུལ་ཐབས་མཁས་པ། །
ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །

༧རྒྱལ་གཤེན་དྲན་པའི་ཐུགས་བསྐྱེད་རྣམ་རོལ་བ། །
རྒྱལ་བསྟན་འཛིན་པའི་དཔལ་ཤར་སྣང་ཞིག་པ། །
རྒྱལ་ཚབ་ཤེས་རབ་བློ་ལྡན་དབང་རྒྱལ་ཞབས། །
རྒྱལ་བསྟན་ཉིན་མོར་བྱེད་མཛད་གསོལ་བ་འདེབས། །

༧དྲི་མེད་རྒྱལ་བསྟན་སྙིང་བོ་མཛོད་བརྒྱའི་སྒོ། །
འབྱེད་ལ་འཇིགས་མེད་སྨྲ་བའི་དབང་བོ་མཆོག།
ཀ་དག་རིག་པའི་རང་མདངས་རང་ཤར་བ། །
འདྲེན་མཆོག་མངྒ་ཝེར་ཞིར་གསོལ་བ་འདེབས།།

༧ཨེ་མ་ཧོ། སྐུ་གསུམ་རྣམ་རོལ་གྲུབ་བརྙེས་གྱེར་མི་འོད། །
རང་གྲོལ་སྐྱང་ལ་འགྲོ་བའི་མགོན་དུ་སྤྲུལ། །
བསྟན་པ་མཁའ་མཐར་སྤེལ་བའི་སྲོལ་འཛིན་པ། །
བསླབ་གསུམ་དབང་གི་རྒྱལ་བོར་གསོལ་བ་འདེབས། །

༧གང་ཁྱོད་གཡུང་དྲུང་ལྷུན་པོར་སྐུ་བསྟན་ནས། །
བཤད་སྒྲུབ་སྒོམ་པའི་བསྟན་པ་རིན་པོ་ཆེ།།
ཆུ་བོའི་རྒྱུན་དང་མེ་བཞིན་རབ་འཕེལ་ཏེ། །
འགྲོ་རྣམས་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག།

༧ཨེ་མ་ཅི་པར་རཏྣ་པ་ཏ་ཡ། །
ཐོས་པས་རྒྱུད་སྦྱོང་བསམ་པའི་སྒྲོ་འདོགས་ཆོད། །
སྒོམ་པས་ལ་བཟླ་ཤུགས་འབྱུང་གཉུག་མའི་ངང༌། །
བསྟན་འགྲོ་ཕན་བདེ་བསྐྱེད་ལ་བདག་གིར་བ། །
ལུང་རྟོགས་སྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །

༧ལྷག་པའི་ལྷ་མཆོག་དུ་མས་རྗེས་སུ་བཟུང་། །
སྣ་ཚོགས་སྣང་བ་སྒྱུ་མའི་རྨི་ལམ་བཞིན། །
རིག་སྟོང་བོན་སྐུའི་ཀློང་དུ་རང་སར་གྲོལ། །
ནམ་མཁའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །

༧རྨད་བྱུང་རྣམ་དཀར་དགེ་བའི་གྲུ་ཆར་གྱིས། །
སྐལ་ལྡན་ཞིང་སར་ངེས་ལེགས་མྱུ་གུའི་རྩེར། །
སྤང་རྟོགས་ལྷུན་གྱིས་གྲུབ་པའི་འབྲས་བཟང་སྨིན། །
གདུལ་བྱ་རྒྱ་མཚོའི་དཔལ་ལ་གསོལ་བ་འདེབས། །

༧བསླུ་མེད་མཆོག་གསུམ་སྲུང་མའི་བྱིན་རླབས་ལས། །
དཔལ་ལྡན་བླ་མའི་ཞབས་པད་རྟག་བརྟན་ཏེ། །
བཤད་སྒྲུབ་སྒོམ་པའི་བསྟན་པ་ཡུན་རིང་དུ། །
འཛིན་སྐྱོང་སྤེལ་བ་གེགས་མེད་འགྲུབ་པར་ཤོག །

༧རྒྱལ་གཤེན་བསྟན་པ་རི་རྒྱལ་ལྷུན་པོའི་རྩེར། །
བཤད་སྒྲུབ་འཁོར་ལོས་ལུས་ཅན་མྱུར་བཏེགས་ཏེ། །
ཐར་བ་བསིལ་སྒྲིབ་འཇིག་རྟེན་གསུམ་དུ་གྱུར། །
ཚུལ་ཁྲིམས་བསྟན་འཛིན་ཞབས་ལ་གསོལ་བ་འདེབས། །

༧ཚུལ་ཁྲིམས་རྣམ་པར་དག་པའི་ལེགས་བྱས་ཀྱིས། །
ཐུགས་བསྐྱེད་ནམ་མཁའ་ལྟ་བུར་རྒྱ་ཆེ་ཞིང་། །
རྒྱལ་བསྟན་ཉི་མའི་འོད་སྣང་འཛིན་པ་ཡི། །
སྐལ་བཟང་པད་ཚལ་སྐྱོང་མཛད་གསོལ་བ་འདེབས། །

༧བསླུ་མེད་མཆོག་གསུམ་སྲུང་མའི་བདེན་སྟོབས་ཀྱིས། །
སྐུ་ཚེ་རྟག་བརྟན་མཛད་འཕྲིན་རྒྱས་པ་དང་། །
བདག་རྒྱུད་སྨིན་གྲོལ་གདམས་པའི་བདུད་རྩི་ཡིས། །
གནས་ལུགས་རྫོགས་ཆེན་དོན་རྟོགས་མཐར་ཕྱིན་ཤོག །

༧ཨེ་མ་ཧོ།གདོད་ནས་བོན་སྐུའི་དབྱིངས་སུ་སངས་རྒྱས་ཀྱང་།།
འཕགས་མཆོག་རྒྱ་མཚོའི་སྣང་ངོར་ལོངས་སྐུར་ཤར། །
སྐལ་བཟང་འགྲོ་ལ་སྤྲུལ་སྐུའི་དོན་མཛད་པ། །
སྐུ་གསུམ་བླ་མ་མཆོག་ལ་གསོལ་བ་འདེབས། །

༧ལུང་གི་མཁའ་ལ་རྟོགས་པའི་ཉི་མ་ཤར། །
སྐལ་བཟང་པད་དཀར་བཞད་པའི་མཛད་བཟང་ཅན། །
གདུལ་བྱ་རྒྱ་མཚོ་འདྲེན་པའི་སྟོན་པ་རྗེ། །
ང་སྟོན་རྒྱལ་བའི་ཞབས་ལ་གསོལ་བ་འདེབས། །

༧གང་གི་ཐུགས་བསྐྱེད་ནམ་མཁའ་ཡངས་པ་ལས། །
སྡོམ་གསུམ་ཚུལ་ཁྲིམས་འོད་སྣང་འབུམ་སྤྲོ་བས། །
བསྟན་པ་གསལ་བར་བྱེད་པའི་འདུལ་འཛིན་མཆོག །
ཆོག་སྤྲུལ་སྨྲ་བའི་ཉི་མར་གསོལ་བ་འདེབས། །

༧མགོན་ཁྱོད་ཞབས་པད་གཡུང་དྲུང་འབར་བའི་ཁྲི། །
བསྐལ་བར་བསྟན་ཅིང་བཤད་སྒྲུབ་ཟུང་འཇུག་གིས། །
རྒྱལ་བའི་བསྟན་པ་འཛིན་མའི་མཐར་སྤེལ་ཏེ། །
འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་དུ་གསོལ། །

༧དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ། །
སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང༌། །
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།