ཀུན་བཟང་རྒྱལ་བ་རྒྱ་མཚོའི་ཕྱག་མཆོད་པོ་བསྟོད་ཉུང་བསྡུས་དད་པའི་སྙེ་མ་བཞུགས་སོ།།

ཀུན་བཟང་རྒྱལ་བ་རྒྱ་མཚོའི་ཕྱག་མཆོད་པོ་བསྟོད་ཉུང་བསྡུས་དད་པའི་སྙེ་མ་བཞུགས་སོ།།
ཚུལ་ཁྲིམས་ཕུན་ཚོགས།

༄༅། ། ཨཱོྃ། རྒྱལ་བ་ཀུན་འདུས་འཇིག་རྟེན་མགོན་དུ་གྱུར་པ་པོ། །བོན་སྐུའི་ངང་ལས་ལོངས་སྤྱོད་རྫོགས་སྐུར་བསྟན་པ་པོ། །སྐུ་ནི་ཁ་བ་དུང་ལྟར་འཇམ་ཞིང་གཞོན་པ་པོ། །ཞལ་ལྔ་ཕྱག་བཅུ་རྒྱལ་བ་ཀུན་གྱི་ཡབ་གཅིག་པོ། །དཀར་སེར་དམར་ལྗང་མཐོན་གའི་རིགས་སུ་གསལ་བ་བོ། །རྩ་བའི་ཞལ་གྱིས་དུག་ལྔའི་ཉོན་མོངས་འཇོམས་པ་པོ། །རྫོགས་པའི་ཞལ་གྱིས་རིགས་ལྔའི་དཀྱིལ་འཁོར་བཀྲ་བ་བོ། །སྤྲུལ་བའི་འཛུམ་ཞལ་དམར་པོས་ཐར་ལམ་འདྲེན་པ་པོ། །གཙུག་ཏོར་རྣམ་རྒྱལ་ཕུང་པོ་སྟོབས་དང་ལྡན་པ་པོ། །ཚངས་པའི་གསུང་གིས་འཁོར་བའི་མྱ་ངན་སངས་པ་པོ། །ཆེ་བརྗིད་སྐུ་ཡིས་འཁོར་འདས་ཟིལ་གྱིས་གནོན་པ་པོ། །ཕྱག་བཅུའི་དང་པོ་ཐུགས་ཀར་ཐལ་མོ་སྦྱར་བ་བོ། །གཡས་གཡོན་ཕྱག་མཐིལ་ཉི་ཟླ་ཨ་མས་མཚོན་པ་པོ། ། གཡས་གསུམ་རྒྱལ་མཚན་གཡུང་དྲུང་འཁོར་ལོ་བསྣམས་པ་པོ། །གཡོན་གསུམ་མདའ་གཞུ་ཞགས་པའི་ལྕགས་ཀྱུ་འཛིན་པ་པོ། །ཐ་མས་ས་གནོན་ཕྱག་རྒྱས་འགྲོ་བ་སྐྱོབ་པ་པོ། །རྫོགས་པའི་ཕྱག་རྒྱ་ཉི་ཤུས་ཏིང་འཛིན་མཛད་པ་པོ། །སྤྲུལ་བའི་ཕྱག་རྒྱ་བཞི་བཅུས་སྡིག་མཛུབ་གདེངས་པ་པོ། །ཅིར་ཡང་སྤྲུལ་བའི་ཕྱག་སྟོང་འཁོར་ལོ་སྒྱུར་བ་བོ། །རྩ་བའི་ཞབས་བཞིས་སྐྱེ་རྒ་ན་འཆི་གནོན་པ་པོ། །སོར་མོ་ཉི་ཤུ་པད་གདན་སྟེང་ལ་བརྗིད་པ་པོ། །ཡིད་བཞིན་ནོར་བུའི་རྩེ་ཕྲན་རྣམ་ལྔས་བརྒྱན་པ་པོ། །དབུ་རྒྱན་སྙན་ཆ་མགུལ་ཆུ་དཔུང་རྒྱན་ལྡན་པ་པོ། །ཕྱག་གདུབ་ཞབས་གདུབ་རིན་ཆེན་ཕྲེང་བས་སྤྲོས་པ་པོ། །སྟོད་གཡོགས་སྨད་ཤམ་ལྷབ་ལྷབ་ན་བཟའ་མཛེས་པ་པོ། །ཤི་ཤོན་སྐ་རགས་དར་གྱི་ཆུན་འཕྱང་འཕྲུལ་བ་བོ། །དགྱེས་འཛུམ་ཞལ་གྱིས་ཐམས་ཅད་དགའ་ཞིང་མགུ་བ་བོ། །ཐུགས་རྗེ་བཞི་དང་སེམས་བསྐྱེད་མ་བཞི་ལྡན་པ་པོ། །མཚན་དཔེ་ཡོན་ཏན་མ་ལུས་སྐུ་ལ་རྫོགས་པ་པོ། །སངས་རྒྱས་སེམས་དཔའ་ཀུན་གྱི་གཙོ་བོ་གྱུར་པ་པོ། །ཕྱོགས་བཅུའི་ཞིང་ན་ཉིད་ཀྱི་གདུལ་བྱར་གྱུར་པ་པོ། །འཇིག་རྟེན་གསུམ་གྱི་ལུས་ཅན་ཀུན་གྱིས་འདུད་པ་པོ། །རྒྱལ་བ་རྒྱ་མཚོའི་སྐུ་ལ་གུས་པས་ཕྱག་འཚལ་ལོ། །གང་ཞིག་འགྲོ་རྣམས་སྲོད་དང་ཐོ་རངས་ལངས་བྱས་ནས། །ཀུན་ཏུ་བཟང་པོ་རྒྱལ་བ་རྒྱ་མཚོར་སེམས་བསྐྱེད་ཅིང་། །བསྟོད་པ་འདི་ཉིད་གསལ་དག་སྙན་པས་བརྗོད་པ་ན། །ངན་འགྲོའི་འཇིགས་ལས་ཐར་ཞིང་སྡིག་སྒྲིབ་ངེས་པརའབྱང༌། །འདིར་ཡང་ཚེ་རིང་ནད་མེད་ལོངས་སྤྱོད་ཕུན་སུམ་ཚོགས། །ཕྱི་མར་མངོན་པར་བྱང་ཆུབ་སྐུ་རུ་འཚང་རྒྱ་འགྱུར།།ཅེས་པ་འདི་དགེ་སྦྱོང་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་དཔལ་དར་ལྡིང་སྐུ་འབུམ་རིག་བྱེད་ཁང་དུ་ཆུ་རྟ་ཟླ་བའི་ཚེས་ལ་སྦྱར་བ་དགེ་ལེགས་འཕེལ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།