བླ་ཆེན་དྲན་པ་ནམ་མཁའི་ཞལ་གདམས་བཞུགས་སོ།།

བླ་ཆེན་དྲན་པ་ནམ་མཁའི་ཞལ་གདམས་བཞུགས་སོ།།
བླ་ཆེན་དྲན་པ་ནམ་མཁའ།

 ཨེ་མ་ཧོ། །མ་བཅོས་སྤྲོས་བྲལ་སེམས་ཉིད་དང་། །ཐམས་ཅད་རྫོགས་ལ་ཕྱག་འཚལ་ལོ། །གཞི་ལམ་འབྲས་གསུམ་གཅིག་རྫོགས་ངང་། །ངོ་བོ་ཉིད་ལ་ཕྱག་འཚལ་བསྟོད། །ལྟ་སྒོམ་སྤྱོད་གསུམ་སྤྲོས་བྲལ་ངང་། །མཉམ་པ་ཉིད་ལ་ཕྱག་འཚལ་བསྟོད། །བདེ་སྟོང་གསལ་གསུམ་གཉུག་མའི་ངང་། །ཐིག་ལེ་གཅིག་ལ་ཕྱག་འཚལ་བསྟོད། །སྒྲ་འོད་ཟེར་གསུམ་རང་བྱུང་ངང་། །ལྷུན་གྱིས་གྲུབ་ལ་ཕྱག་འཚལ་བསྟོད། །གཞི་དང་ལམ་དང་འབྲས་བུ་གསུམ། །གཞི་སྐྱེ་མེད་སྤྲོས་བྲལ་བདེ་ཆེན་ཀློང་། །ལམ་འགག་མེད་རང་ཤར་རིག་པའི་རྩལ། །འབྲས་བུ་སྐྱེ་འགག་གཉིས་མེད་ལྷུན་གྱིས་གྲུབ། །གཞི་དང་ལམ་དང་འབྲས་བུ་གསུམ། །མ་བཅོས་སེམས་ཉིད་ངང་དུ་ཞོག །ཡིན་དང་སྣང་དང་ཤར་དང་གསུམ། །གཅིག་ཡིན་ཀུན་མིན་ཐ་དད་མིན། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །ལྟ་བ་གཏད་མེད་མཐའ་དང་བྲལ། །སྒོམ་པ་དམིགས་མེད་ངང་གིས་གསལ། །སྤྱོད་པ་ཤུགས་འབྱུང་རང་སར་གྲོལ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །སེམས་ཉིད་ཐིག་ལེ་ཉག་གཅིག་ཡིན། །བདེ་བ་སྟོང་བ་གསལ་བ་གསུམ། །བདེ་བ་རང་བྱུང་རང་སར་དག །སྟོང་བ་དངོས་པོ་མཚན་མ་མེད། །གསལ་བ་མ་འགག་ཅིར་ཡང་ཤར། །བདེ་བ་སྟོང་བ་གསལ་བ་གསུམ། །ངོ་བོ་གཅིག་ལ་དབྱེ་རུ་མེད། །སྒྲ་དང་འོད་དང་ཟེར་དང་གསུམ། །སྒྲ་ནི་རིག་པའི་རང་སྒྲ་སྟེ། །སྟོང་པའི་རང་སྒྲ་བྲག་ཆ་འདྲ། །འོད་ནི་རིག་པའི་རང་འོད་དེ། །ཤེལ་ལ་འོད་ལྔ་བྱུང་དང་འདྲ། །ཟེར་ནི་རིག་པའི་རང་ཟེར་ཏེ། །རང་ཟེར་མར་མེའི་ཟེར་དང་མཚུངས། །སྒྲ་དང་འོད་དང་ཟེར་དང་གསུམ། །དྲན་པའི་སེམས་ཀྱི་ངོ་བོར་འདུས། །ད་ལྟ་འཆི་ཁ་བར་དོ་གསུམ། །ད་ལྟ་འཇིག་རྟེན་སྣང་བ་དང་། །འཆི་ཁ་བེམ་རིག་བྲལ་ཚུལ་དང་། །བར་དོའི་དུས་ཀྱི་འཁྲུལ་སྣང་གསུམ། །ཁྱད་པར་ཏིལ་འབྲུ་ཙམ་ཡང་མེད། །དེས་ན་ཐམས་ཅད་རང་སེམས་ཡིན། །རང་སེམས་དངོས་མེད་སྟོང་བ་འདི། །རྟོག་པས་མ་བསླད་ས་ལེ་ཞོག །དྲི་མ་མ་བགོ་རྗེན་ནེ་ཞོག །འགྱུ་བ་རང་འབྱུང་རང་ཡལ་གྱིས། །དྲན་སྟོང་དུས་མཉམ་སང་སང་ཐོང་། །དགྲ་གཉེན་དུས་ལ་རྩལ་སྦྱང་གྱིས། །བྱིང་རྨུགས་དུས་ལ་གསལ་ཆ་བསྐྱེད། །འཕྲོ་རྒོད་དུས་ལ་ལྷོད་ཀྱིས་ཀློད། །རྣམ་རྟོག་འཕྲོ་རུང་མ་འཕྲོ་རུང་། །སེམས་ངོ་བོ་སྟོང་བ་སང་ངེ་ཞོག །འཕྲོས་ཀྱང་རང་བྱུང་གསལ་ཆ་ཡིན། །མ་འཕྲོས་མཉམ་ཉིད་དགོངས་པ་ཡིན། །དགག་སྒྲུབ་མ་བྱེད་སེམས་ལ་བལྟོས། །བརྒྱད་ཁྲི་བཞི་སྟོང་བོན་ཆོས་བསམ་འདས་པ། །རང་སེམས་དྲན་པའི་ངོ་བོ་འདིར་འདུས་པའི། །བྱིང་རྨུགས་འཕྲོ་རྒོད་དབང་དུ་མ་གཏོང་ལ། །མ་བཅོས་སྤྲོས་བྲལ་སེམས་ཉིད་ངང་དུ་ཞོག །ཕྱི་སྣང་བ་སྣ་ཚོགས་སེམས་ཉིད་ངང་། །ནང་འགྱུ་བ་རྣམ་རྟོག་སེམས་ཉིད་ངང་། །སེམས་ཉིད་ངང་དུ་འུབ་ཆུད་ན། །ཐམས་ཅད་དུ་མ་རོ་གཅིག་བདེ། །ཐམས་ཅད་གཅིག་ཏུ་མ་རྟོགས་ན། །གཉིས་འཛིན་སྒོམ་གྱིས་སངས་མི་རྒྱ། །སངས་རྒྱས་སེམས་སུ་མ་མཐོང་ན། །ལོགས་སུ་བཙལ་བ་འཁྲུལ་བའི་ལས། །དོན་དམ་རང་ལ་མ་རྙེད་ན། །གཞན་ལ་རེ་བ་ཡིད་སྨོན་ཡིན། །དམར་ཐག་སེམས་སུ་མ་ཆོད་ན། །བདེ་ཆེན་ས་ལ་སླེབས་པ་དཀའ། །ཉམས་ལེན་བློ་དང་མ་བྲལ་ན། །བསྐལ་བའི་བསྒོམ་བསྒྲུབ་རང་བཅིང་ཡིན། །ཤུགས་འབྱུང་རང་རྩལ་མ་འབྱོངས་ན། །ཆེད་བསྒྲུབས་ཀྱི་རྩོལ་བ་རྟོག་འགོང་ཡིན། །རེ་དོགས་སེམས་སུ་མ་ཆོད་ན། །ཡང་དག་དོན་ལ་རྒྱང་ཐག་རིང་། །ཉིན་སྣང་བློ་དང་མ་བྲལ་ན། །རྨི་ལམ་ཡུལ་དུ་འདྲེས་པ་དང་། །བར་དོའི་གནས་སུ་གྲོལ་བའང་དཀའ། །དེ་བས་སེམས་སུ་དམར་ཐག་ཆོད། །སེམས་ངོ་བོ་སྟོང་བ་ས་ལེ་བ། །འཁོར་འདས་གཉིས་མེད་ས་ལེ་བ། །དབྱིངས་ཤེས་གཉིས་མེད་ས་ལེ་བ། །མཁའ་ཀློང་གཉིས་མེད་ས་ལེ་བ། །གསལ་སྟོང་གཉིས་མེད་ས་ལེ་བ། །ཐབས་ཤེས་གཉིས་མེད་ས་ལེ་བ། །བདག་གཉན་གཉིས་མེད་ས་ལེ་བ། །སྤང་བླང་གཉིས་མེད་ས་ལེ་བ། །སྣང་སྟོང་གཉིས་མེད་ས་ལེ་བ། །སྐུ་གསུམ་ངོ་བོ་ས་ལེ་བ། །གཞི་ལམ་འབྲས་གསུམ་ས་ལེ་བ། །ཡིན་སྣང་ཤར་གསུམ་ས་ལེ་བ། །བདེ་སྟོང་གསལ་གསུམ་ས་ལེ་བ། །ལྟ་སྒོམ་སྤྱོད་གསུམ་ས་ལེ་བ། །བརྒྱད་ཁྲི་བཞི་སྟོང་བོན་སྒོ་ཡང་། །དོན་ངོ་བོ་གཅིག་ལ་ས་ལེ་བ། །ཕྱི་ནང་སྣོད་བཅུད་ཡོད་མེད་དང་། །རྟག་ཆད་བདེ་སྡུག་རྣམས་ས་ལེ་བ། །བྱང་ཆུབ་སེམས་སུ་དམར་ཐག་ཆོད། །སེམས་ངོ་བོ་སྟོང་བ་ས་ལེ་བ། །མིང་བརྒྱ་མཁན་སྟོང་བླ་དགས་ཡིན། །དོན་ངོ་བོ་གཅིག་ལས་ཡོད་པ་མིན། །མཚར་ཨང་ས་ལེ་མཆོག་ཏུ་འཛིན་པ་གོལ་ས་ཡིན། །རྣམ་རྟོག་སྐྱོན་དུ་ལྟ་ན་གོལ་ས་ཡིན། །གཉིས་མེད་རང་ས་གསལ་ན་ལེགས་སོ་བསམས། །ཟག་མེད་སྐུ་ལ་མཆོག་འཛིན་གོལ་ས་ཡིན། །ཟག་བཅས་ལུས་ལ་སྐྱོན་བལྟ་གོལ་ས་ཡིན། །གཉིས་མེད་སཔྲོས་དང་བྲལ་ན་ལེགས་སོ་བསམས། །འོད་ལྔ་མཆོག་ཏུ་འཛིན་ན་གོལ་ས་ཡིན། །འབྱུང་ལྔ་སྐྱོན་དུ་བལྟ་ན་གོལ་ས་ཡིན། །གཉིས་མེད་སེམས་སུ་ཤེས་ན་ལེགས་སོ་བསམས། །ངོ་བོ་གསལ་སྟོང་མཆོག་འཛིན་གོལ་ས་ཡིན། །སྣ་ཚོགས་སྐྱོན་དུ་བལྟ་བ་གོལ་ས་ཡིན། །དམིགས་མེད་དམིགས་གཏད་བྲལ་ན་ལེགས་སོ་བསམས། །ལར་ལྟ་བ་སྟོང་གསལ་འཛིན་མེད་ལ། །རིག་པ་རྒྱུན་ཆགས་གསལ་ཐེབས་ཤིང་། །མ་ཡེངས་ངང་ལ་གནས་ཙམ་ན། །བོན་སྐུ་ལོགས་སུ་བཙལ་དུ་མེད། །དེ་ཡི་དོན་ལ་མ་གནས་ན། །རྒོམས་ཁ་སྤྱང་ཆེ་ཡང་ཁ་འཕང་ཡིན། །ཉམས་སྟོང་གསལ་ཡང་བློ་ཡི་དྲི་མ་ཡིན། །སྒོམས་ཆེན་ལ་ཤས་གཅིག་ཁ་ལྟ་ཧེད་པོ་ཡིན། །ལ་ཤས་གཅིག་ཡིད་སྤྱོད་ཀྱི་བསྒོམ་པ་ཡིན། །ལ་ཤས་གཅིག་ལྟ་བ་ཕྱོགས་འཇོག་གི་བསྒོམ་པ་ཡིན། །ལ་ཤས་གཅིག་དྲེད་པོའི་སྒོམ་པ་ཡིན། །ལ་ཤས་གཅིག་སྡུག་བཙིར་གྱི་བསྒོམ་པ་ཡིན། །ལ་ཤས་གཅིག་མཆོག་འཛིན་གྱི་བསྒོམ་པ་ཡིན། །ལ་ཤས་གཅིག་ངོ་ཤེས་ཡིད་མི་ཆེས། །ལ་ཤས་བྲེལ་འཕོང་སྡུག་བསྔལ་སྤྱོད། །ལ་ཤས་གཅིག་མེད་པར་ཡོད་འདོག་བྱེད། །ལ་ཤས་གཅིག་རང་མགོ་རང་གིས་བསྐོར། །ལ་ཤས་གོ་ཚུལ་གྱི་སྟེང་དུ་ལུས། །དེ་གཞན་ལ་ཟེར་བ་མ་ཡིན་ཏེ། །སྤྲང་པོ་ང་འབུ་དེ་ཙུགས་སོང་། །གནས་ལུགས་ངོ་ཤེས་སྤྲང་འཁྱམས་ཡིན། །ཉམས་མྱོང་གསལ་འདེབས་ཚིག་འགའ་བགོད། །མི་འཐད་ཐུགས་འགལ་ཡོད་སྲིད་ན། །མཁྱེན་ལྡན་ཡོངས་ལ་བཟོད་པར་གསོལ། །དད་ལྡན་རྣམས་ཀྱི་གསལ་འདེབབས་མཛོད། །ལོག་ལྟ་ཅན་ལ་ཨུ་ཡ་སྨར། །དགེའོ། ། བཀྲ་ཤིས་སོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།