སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསོལ་འདེབས་དོན་གཉིས་མྱུར་འགྲུབ་བཞུགས་སོ།།

སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསོལ་འདེབས་དོན་གཉིས་མྱུར་འགྲུབ་བཞུགས་སོ།།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

g

༧ ཨེ་མ་ཧོ། དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་འཕྲུལ། ། བསླབ་གསུམ་དྲི་མ་མེད་པའི་བཤེས་གཉེན་གར། ། གསང་གསུམ་འོད་ཟེར་འབར་བའི་རྗེ་བླ་མ། ། མཆོག་གསུམ་ཀུན་འདུས་ངོ་བོར་གསོལ་བ་འདེབས། ། ཤེས་བྱ་ཀུན་ལ་མཁྱེན་རྩལ་ཐོགས་ཆགས་མེད། ། སྡོམ་པ་གསུམ་ལ་ཉེས་བྱས་དྲི་མམེ། ། བྱམས་བརྩེའི་འོད་ཟེར་སྤྲོ་ལ་ཕྱོགས་རིས་མེད། ། ངེས་པ་དོན་གྱི་བླ་མར་གསོལ་བ་འདེབས། ། སྟོན་པའི་དྲུང་ན་ཚུལ་འབར་ཁྲི་ཤེས་ཞབས། ། ཕྱི་དར་དུས་ན་ཁུ་ཚ་ཟླ་བའི་འོད། ། སྙིགས་དུས་འདིར་ཡང་འགྲོ་ལ་རྗེས་ཆགས་གར། ། འཚོ་བྱེད་ལྷ་རྗེའི་ཚུལ་འཛིན་གསོལ་བ་འདེབས། །  བསྟན་འགྲོ་ཀུན་ལ་ཕན་མཛད་མཁྱེན་པའི་ཐུགས། ། བརྩེ་ཆེན་མི་འགྱུར་དྲི་བྲལ་གཡོ་བ་མེད། ། ནུས་མཐུ་ཉི་མའི་འོད་ཟེར་བཞིན་དུ་གསལ། ། འཁོར་བ་མ་སྟོང་བར་དུ་བཞུགས་གསོལ་འདེབས། ། མཆོག་གསུམ་སྲུང་མའི་ཐུགས་རྗེ་བྱིན་རླབས་དང་། ། བདག་གི་ལྷག་བསམ་སྨོན་པའི་ནུས་མཐུ་ཡིས། ། ཞབས་པད་མི་འཇིགས་གདོང་ལྔའི་ཁྲི་འཕང་ལ། ། རྟག་བརྟན་འགྱུར་བ་མེད་པར་གསོལ་བ་འདེབས། ། དེ་ལྟར་གསོལ་བ་བཏབས་པའི་བྱིན་རླབས་ཀྱིས། ། ཡང་དག་ཐུན་མོང་ལམ་ལ་བློ་སྦྱོང་ཚེ། ། བློ་ལྡོག་རྣམ་བཞིས་བཅོས་མིན་རྩོལ་བྲལ་དུ། ། ངེས་པར་འབྱུང་བས་བྱང་ཆུབ་སེམས་སྐྱེས་ཏེ། ། ལྟ་བ་རྣམ་པར་དག་པའི་ངེས་ཤེས་ཀྱིས། ། བདག་མེད་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། ། ཐུན་མོང་གསང་ཆེན་ཐེག་པའི་ཉེ་ལམ་ལ། ། ཞུགས་ཚེ་རིམ་གཉིས་ཟབ་མོ་སྒོམ་སྟོབས་ཀྱིས། ། ཐ་མལ་སྣང་ཞེན་གཞོམས་པའི་མཐུ་བརྙེས་ཏེ། ། རྩ་ཐིག་རླུང་གི་ཉམས་ལེན་མཐར་ཕྱིན་ནས། ། སྒྱུ་ལུས་འོད་གསལ་ཟུང་དུ་འཇུག་པའི་ལམ། ། མངོན་གྱུར་ལྷག་པའི་ལྷ་དང་དབྱེར་མེད་ཤོག ། བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་སྐབས། ། སེམས་ཀློང་མན་ངག་སྡེ་བའི་དགོངས་དོན་བཞིན། ། གཞི་ལམ་འབྲས་གསུམ་འཁྲུལ་བ་མེད་པར་རྟོགས། ། གེགས་དང་གོལ་ས་བར་ཆོད་མི་འབྱུང་བར། ། མཐར་ཐུག་བླ་མ་མཆོག་དང་དབྱེར་མེད་པར། ། སྐུ་བཞིའི་གོ་འཕང་མངོན་དུ་ཐོབ་པར་ཤོག ། དེ་ལྟར་སྙིང་ནས་གསོལ་བའི་དོན་ཀུན་གྲུབ། ། མར་གྱུར་འགྲོ་བ་གཅིག་ཀྱང་མ་ལུས་པར། ། རྣམ་མཁྱེན་གོ་འཕང་དཔལ་ལ་འགོད་པ་དང་། ། བསྟན་འགྲོའི་དོན་རྣམས་ཡིད་བཞིན་འགྲུབ་གྱུར་ཅིག ། ཅེས་པའང་གང་གི་སྣོད་ལྡན་གྱི་སློབ་མ་དོན་གཉེར་ཅན་རིན་སྤུངས་ཚུལ་བསྟན་སོགས་དད་ལྡན་དུ་མས་བསྐུལ་ངོར། ཆོས་རྗེ་བོན་བརྒྱ་བའི་སྐྱེ་མིང་ཙམ་འཛིན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའམ། མིང་གཞན་ངག་དབང་དབྱངས་ལྡན་དགྱེས་པའི་བློ་གྲོས་ནས། ལྷག་བསམ་དད་གུས་བཅོས་མིན་ངང་ནས་ཕུལ་བས་དེ་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག ། སརྦ་མངྒ་ལཾ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།