ཀུན་སྐྱོབས་བྱམས་མའི་སྔགས་བསྟོད་ཀྱི་ཚིག་དོན་མདོ་ཙམ་བསྟན་པའི་སྡུད་འགྲེལ་ཐར་ལམ་ཐེམ་སྐས་ཞེས་བྱ་བའོ།།

ཀུན་སྐྱོབས་བྱམས་མའི་སྔགས་བསྟོད་ཀྱི་ཚིག་དོན་མདོ་ཙམ་བསྟན་པའི་སྡུད་འགྲེལ་ཐར་ལམ་ཐེམ་སྐས་ཞེས་བྱ་བའོ།།
ཀུན་མཁྱེན་ཉི་མ་བསྟན་འཛིན།

ཟབ་ཟབ་བོན་སྐུའི་མཁའ་ལས་མ་གཡོས་ཀྱང༌། ། གསལ་གསལ་མཚན་དཔེའི་དཀྱིལ་འཁོར་མངོན་བསྟན་པས། །

མང་མང་སྐྱེ་རྒུའི་སྐྱབས་གཅིག་ལྷ་ཡི་ལྷ། ། ཡང་ཡང་རབ་བསྟོད་ཀུན་ལ་ཤིས་པར་སྩོལ། །

རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མཐའ་ཀླས་ཀུན། ། རབ་བསྐྱེད་འབྱུང་གནས་ཐིམ་གསུམ་བྱེད་པའི་ཀློང༌། །

རབ་རྒྱལ་བླ་མེད་བྱམས་མའི་ལྷ་ཚོགས་ལ། ། རབ་ཏུ་རྟག་ཏུ་ལན་བརྒྱར་ཕྱག་བགྱིའོ། །

བོན་གྱི་ཉིང་ཁུ་བྱམས་མའི་སྔགས་བསྟོད་ཀྱི། ། དོན་གྱི་སྡུད་འགྲེལ་ཐར་ལམ་ཐེམ་སྐས་ཞེས། །

བློ་དམན་འགྲོ་ལ་ཕན་ཕྱིར་བཤད་པར་བྱ། ། ཚིག་དོན་ཕྱོགས་ཙམ་རྟོགས་ཕྱིར་དང་དུ་ལོང༌། །

ཞེས་སྟོན་པའི་ཞལ་ནས་གསུངས་པའི་བཀའ། བྱམས་མ་རྩ་བའི་མདོ་ལས་བྱུང་བའི་སྔགས་ཀྱི་རྒྱལ་པོ་ཉེར་གཅིག་པའི་སྒོ་ནས་བསྟོད་པ་འདི་ཡང༌། ཕུན་སུམ་ཚོགས་པ་ལྔའམ་བདུན་གྱི་གླེང་གཞི་ཅན་ཏེ།

སྟོན་པ་ཕུན་སུམ་ཚོགས་པ་ནི་རྣམ་མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་མཆོག་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཉིད་དོ། །དེའི་མཚན་གྱི་དོན་ཀྱང། རྣམ་མཁྱེན་ནི་འཁོར་འདས་དང་དུས་གསུམ་སོགས། ཤེས་བྱ་དང་དོན་གྱི་རྣམ་པ་ཐམས་ཅད་མ་སྒྲིབ་པ་མཁྱེན་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི། འོག་ཏུ་བཤད་འགྱུར་ལྟར་དང༌། སྣང་སྲིད་ཡེ་སྲིད་ས་ལེར་སྟོན་པས་སྟོན། ལྷ་ཡི་ལྷ་མཆོག་བླ་ན་མེད་པའི་མཆོག བོན་ཉིད་དབྱིངས་ནས་སེམས་ཉིད་བདལ་བས་གཤེན། རྒྱལ་དང་རྒྱལ་སྲས་རྣམས་ཀྱི་ནང་ནས་རབ་ཏུ་གྱུར་པས་རབ། སྐུ་མདོག་ཕྱག་མཚན་མི་རུ་བསྟན་པས་མི། བོན་སྒོ་བརྒྱད་ཁྲི་བཞི་སྟོང་བཀའ་ཡི་ཆར་ལྟར་བོ་བས་བོ། ཐམས་ཅད་ཀུན་གྱི་མགོན་དུ་གྱུར་བས་ཀུན། ལ་ནི་ལྟ་བ་བླ་མེད་ལ་ཆེན་བཟླ་བས་ལ། རྣམ་པར་མི་རྟོག་དབྱིངས་ལ་གནས་པས་རྣམ། དེ་ཡི་ངང་ལ་གཡོ་མེད་བཞུགས་པར་མཛད་པས་པར། མུ་སྟེགས་བདུད་ནི་བགེགས་ཀྱི་གཡུལ་ལས་རྒྱལ་བས་རྒྱལ། ཡོན་ཏན་དེ་རྣམས་ཀྱི་བདག་ཏུ་འགྱུར་བ་མེད་པས། ཞེས་པའོ། །

གནས་ཕུན་སུམ་ཚོགས་པ་ནི། སངས་རྒྱས་བཞུགས་པའི་གནས་སུ་འགྱུར་བས་གཡུང་དྲུང་གསལ་བ་འོད་ཀྱི་གླིང་དང༌། སངས་རྒྱས་ཐམས་ཅད་ཀྱི་རྟག་ཏུ་གཟིགས་ནས་བྱོན་པའི་ཞིང་ཁམས་སུ་འགྱུར་མེད་བརྟན་པས། རྟག་གཟིགས་འོལ་མོ་གླིང་ཆེན་དུ་གྲགས་པའི་གནས་མཆོག་དེའོ། །

འཁོར་ཕུན་སུམ་ཚོགས་པ་ནི། མཆོག་ཏུ་གྱུར་བ་ཞུ་འཁོར་ཡེ་གཤེན་འཕགས་པ་སེང་བཞི་ཞེས་པ། རྩལ་སྟོབས་སེང་གེ་ཤུགས་ཅན། དཔལ་ལྡན་སེང་གེ་ང་རོ་དང༌། སྨྲ་བའི་སེང་གེ་སྒྲ་སྒྲོགས་དང༌། མདོ་དོན་སེང་གེ་ཟབ་མོ་བཞི་དང༌། ཁམས་བརྒྱད་ཞུ་བའི་གཤེན་བརྒྱད། ཡེ་གཤེན་ཆེན་པོ་སུམ་བརྒྱ་དྲུག་ཅུ། སེམས་དཔའ་ལྔ་སྟོང་ལྔ་བརྒྱ། གཞན་ཡང་ལྷ་བརྒྱད་དང༌། ཀླུ་བརྒྱད་དང༌། གཟའ་བརྒྱད་དང༌། རྒྱུ་སྐར་ཕྱོགས་སྐྱོང་ལ་སོགས་ལྷ་ཀླུ་མི་གསུམ་ལྷ་མིན་དྲི་ཟ་ལ་སོགས་གྲངས་ལས་འདས་པའོ། །

དུས་ཕུན་སུམ་ཚོགས་པ་ནི། བསྐལ་བཟང་ཚེ་ལོ་བརྒྱ་པའི་དབུ་སངས་རྒྱས་ཞལ་མངོན་དུ་བཞུགས་པའི་དུས་ཚེས་ཁྱད་པར་ཅན་ལའོ། །

བཀའ་ཕུན་སུམ་ཚོགས་པ་ནི། ཡིད་བཞིན་ནོར་བུ་ལྟ་བུ་བླ་ན་མེད་པ་བྱམས་མའི་བོན་སྡེ་རྣམས་སོ། །

ཡོ་བྱད་ཕུན་སུམ་ཚོགས་པ་ནི། ཡིད་བཞིན་གྱི་ནོར་བུ་ལ་སོགས་བླ་ན་མེད་པ་མཆོད་པ་ཡོངས་སུ་གཏོང་བའི་སྤྲིན་ཞེས། གནམ་ས་བརསྣང་གང་བར་ཕུལ་བའོ། །

བསྡུས་པ་ཕུན་སུམ་ཚོགས་པ་ནི། མ་འོངས་ཚེ་ལོ་བཅུ་པའི་སངས་རྒྱས་ཡིན་ཀྱང༌། ད་ལྟ་སྟོན་པ་འདི་ཡི་འཁོར་དུ་སྤྲུལ་ནས་བཞུགས་སོ། །

གཤེན་རབ་ཐང་མ་འོད་རྒྱལ་དང་བྱམས་མའི་བོན་བསྒྲགས་པ་སྐོར་གསུམ་ནི། ལྷ་ཀླུ་མི་ཡི་གཤེན་གསུམ་དང༌། མ་རྒྱུད་ཕྱི་ནང་གསང་གསུམ་གཙོ་ཆེ་བ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་བསྡུས་པ་དང་འགྲེལ་བ་བཏབ་པར་མངོན་ནོ། །

དེས་ན་མདོ་ལས། སྟོན་པ་གནས་འཁོར་དུས་དང་བཀའ། །ཕུན་སུམ་ཚོགས་པ་ལྔས་ཤོད་ཅིག །ཅེས་དང༌། སྤ་དྲོའི་གཏེར་ལས། སྟོན་པ་གནས་འཁོར་དུས་དང་བཀའ། །ཡོ་བྱད་བསྡུས་པ་ཕུན་སུམ་ཚོགས། །ཞེས་གསུང་པ་ལྟར་དབུ་འཆད་དུ་བཀོད་པའོ། དེ་ནས་ཚིག་དོན་དངོས་ལ་ཐོག་མར།

མ་མཆོག་དུས་གསུམ་རྒྱལ་བའི་ཡུམ་ཆེན་མོ། བདེ་བར་གཤེགས་པ་བླ་ན་མེད་པ་ཡང་དག་མངོན་པར་རྫོགས་པའི་སངས་རྒྱས་བྱམས་མ་ཆེན་མོ་ཡུམ་ལ་ཕྱག་འཚལ་ལོ།  

ཞེས་པ་ནི། རྒྱལ་བ་ཀུན་གྱི་ཐུགས་ཉིད་ཡེ་ཤེས་ཀྱི་ངོ་བོ་འབྱུང་གནས་ཐིམ་གསུམ་བྱེད་པའི་སྟོང་ཆ། བོན་ཉིད་ཀྱི་ངོ་བོ་དེ་དག་འགྲོ་བ་སེམས་ཅན་ཀུན་ལ་བུ་གཅིག་གི་མ་ལྟར་བརྩེ་བས་གཟིགས་ཕྱིར་ལྷ་མོའི་ཚུལ་དུ་བསྟན་པར་མཛད་པའི་མཆོགའདས་དང་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་སྒྲིབ་གཉིས་བག་ཆགས་དང་བཅས་པའི་གཡུལ་ལས་རྣམ་པར་རྒྱལ་བའི་མཚན་རྟགས་འཆང་བའི། སྐུ་གསུམ་སངས་རྒྱས་ཐམས་ཅད་ཀྱི་བསྐྱེད་པའི་ཡུམ་ཆེན་མོ་ཞེས་པའོ། །སྤྱིར་ཡེ་ཤེས་ཀྱི་ལྷ་ལ་ཕོ་མོ་སྐྱེ་གནས་ཀྱི་མཐོ་དམན་གྱི་དབྱེ་བ་མེད་རུང༌། ངོ་བོ་གསལ་སྟོང་གཉིས་ཀྱི་ཁྱད་པར་ཚུལ་ཙམ་དུ་བསྟན་པའོ། །སྐུ་གསུམ་ཀྱང་ཐོས་ཆུང་འགའ་ཞིག་གིས་སོསོར་སྐུ་མདོག་ཕྱག་མཚན་རེ་ཡོད་པར་འདོད་ཀྱང༌། དོན་དུ་དབྱིངས་ལས་ཡེ་ཤེས་ཀྱི་རོལ་གར་བསྟན་པའི་ཡེ་ཤེས་ཀྱི་ངོ་བོ་དེ་ཉིད་ལ་སྐྱེ་མེད་བོན་སྐུ་བྱ་ཞིང༌། ཡེ་ཤེས་དེ་ཡི་རང་མདངས་སམ་འོད་ལས་ས་བཅུའི་སེམས་དཔའ་དང༌། སངས་རྒྱས་ཕན་ཚུན་གྱི་གཟིགས་སྣང་འཆར་བའི་མཚན་དཔེའི་བརྒྱན་པའི་སྐུ་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དེའི་སྤྲུལ་པའི་འོད་ཟེར་གདུལ་ཞིང་སེམས་ཅན་གྱི་བློ་ངོར་གང་འདུལ་དུ་བསྟན་པའི་སྤྲུལ་པའི་སྐུའོ། །བོན་ཉིད་དབྱིངས་སུ་བདེ་བ་ཆེན་པོ་རུ་གཤེགས་པ་ལགས་ཀྱང༌། ཀུན་གྱི་སྐྱབས་མཆོག་བླ་ན་གཞན་ནས་སྲིད་དུ་མེད་པས། སྒྲིབ་གཉིས་མ་དག་པའི་དྲི་མ་ཡང་ནས་ཡོངས་སུ་དག་པ་ཡོན་ཏན་ཐམས་ཅད་མངོན་པར་རྫོགས་པའི་སྐུ་ལ་སྐྱོན་རྣམས་སངས་ཤིང་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་པ། འཁོར་འདས་ཀུན་ལ་བུ་ལྟར་བྱམས་ཤིང་མ་ལྟར་བརྩེ་བ་ཆེན་མོས་ནམ་ཡང་མི་འདོར་བའི་ལྷ་མོ་རྒྱལ་བའི་ཡུམ་ཆེན་དེ་ལ་རྟག་ཏུ་གུས་པས་ཕྱག་འཚལ་ལོ། །ཞེས་པའོ།།

དེའི་སྔགས་སམ་སྙིང་པོ་ནི། ཨཱོྃ་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་མ་ཡེ་རུ་པ་ཡེ་ཏ་འདུ་འདུ་སྭཧཱ། ཞེས་པ་དེའི་དོན་ཡང༌།

ཨཱོྃ་ནི་ཀུན་གསལ་བྱམས་མ་ཆེན་མོ། །

ཐབས་ཆེན་སྨོན་ལམ་ཐུགས་རྗེ་ཉི་མ། །

སྟོབས་ཀྱི་བྱམས་མ་སྐུ་ལྔ་མཆོག་གི །

རྒྱས་པ་འབུམ་བདག་ཡུམ་ལ་ཕྱག་འཚལ།།

ཞེས་བྱ་སྟེ། ཨཱོྃ་ནི་སྐུ་ལྔ་ཚངས་པའི་སྙིང་པོ་སྟེ། ཐམས་ཅད་ཀུན་གསལ་བོན་སྐུ་ཤེས་རབ་བྱམས་མ་ཆེན་མོ་དང༌། རྫོགས་སྐུ་ཐབས་ཆེན་བྱམས་མ། སྤྲུལ་སྐུ་སྨོན་ལམ་བྱམས་མ། མངོན་བྱང་ཐུགས་རྗེའི་ཉི་མ་ལྟར་མཁའ་འགྲོ་ཡོངས་ཀྱི་གཙོ་མོར་གྱུར་པ་སྟེ། ཡུམ་ཆེན་ཀྱེ་མ་འོད་མཚོ་རུ་གྲགས་པའོ། །བདེ་ཆེན་གྱི་སྐུ་སྣང་སྲིད་སྟོབས་ཆེན་གྱི་བྱམས་མ་སྟེ། སྐུ་ལྔ་མཆོག་གི་ངོ་བོ་དང་རང་བཞིན་རྒྱས་པར་བསྟན་པ། ཁམས་བརྒྱད་བླ་ན་མེད་པའི་འབུམ་དང༌། གཡུང་དྲུང་ས་བཅུའི་ལམ་འབུམ། རྣམ་དག་ཚུལ་ཁྲིམས་འདུལ་འབུམ། ཡེ་གཤེན་བཀོད་པ་དོན་འབུམ། དགེ་རྒྱས་ཚོགས་ཆེན་རྫོགས་འབུམ་སྟེ། འབུམ་སྡེ་ལྔ་ཡི་མངའ་བདག་དུ་གྱུར་བའི་ཡུམ་ཆེན་དེ་ལ་ཕྱག་འཚལ་ལོ། །ཞེས་པའོ། །

མ་ནི་སྐྱེ་མེད་གདོད་དག་བོན་སྐུ། །

དྲན་པས་དགྲ་ཡི་འཇིགས་པ་སྐྱོབ་མ། །

ཀུན་ཁྱབ་སངས་རྒྱས་སྐྱེད་བྱེད་བདག་ཉིད། །

འབུམ་གཟུངས་མདོ་གསུམ་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། མ་ནི་འབུམ་ལྟར་ན། སྐྱེ་མེད་གདོད་དག་སྲིད་ཁམས་བོན་སྐུར་བསྟན་པའི་ཡུམ་དང༌། གཟུངས་ལྟར་ན། ཡིད་ལ་དྲན་པ་དང་གསོལ་བ་གདབ་པས་གཟུགས་ཅན་མི་དང་གཟུགས་མེད་ལྷ་འདྲེ་འབྱུང་ལྔ་དང་བཅས་པའི་དགྲ་ཡི་འཇིགས་པའི་སྐྱོན་ཐམས་ཅད་ཕྱིར་ལ་བཟློག་པར་བྱེད་པའི་བྱམས་མ་སྟེ། དགྲ་ཡི་འཇིགས་པ་སྐྱོབ་མའོ། །མདོ་ལྟར་ན། ཀུན་ཁྱབ་ཀུན་ཏུ་བཟང་མོ་ཞེས། གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོ་སྐྱེད་པར་བྱེད་པའི་བདག་ཉིད་ཀྱི་ཡུམ་ཆེན་མོ། ཡུམ་དེ་གསུམ་གཙོས། འབུམ་གཟུངས་མདོ་གསུམ་གྱི་ཡུམ་རྣམས་ལ་རིམ་བཞིན་ཕྱག་འཚལ་ལོ། །ཞེས་པའོ། །

བ་ནི་འགག་མེད་བོན་སྐུའི་རྩལ་མཆོག །

བརྩེ་བའི་བྱད་དང་རིགས་སྔགས་གཅོད་མ། །

ཀུན་ལྡན་ཡུམ་ཆེན་ཐར་པའི་ལམ་འདྲེན། །

སྐུ་གསུམ་དོན་ལྡན་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། བ་ཡི་ས་བོན་ནི། འབུམ་ལྟར་ན་འགག་མེད་རིན་པོ་ཆེ་རྒྱུན་ཁམས་ཀྱི་ཡུམ་བོན་སྐུའི་རྩལ་ལས་ཡེ་ཤེས་སུ་ཤར་བའི་ཡུམ་མཆོག་ཅེས་པའོ། །གཟུངས་ལྟར་ན། བརྩེ་བའི་བྱད་དང་ཅེས་པ། གནོད་ཅིང་འཚེ་བའི་བྱད་ཁ་དང་རྦོད་གཏོང་རིགས་སྔགས་ཀྱི་བྱོལ་ཟོར་ཐམས་ཅད་ཚར་གཅོད་པའི་བྱམས་མ་སྟེ། བྱད་ཀྱི་འཇིགས་སྐྱོབ་མའོ། །མདོ་ལྟར་ན། ཀུན་ལྡན་ལྷུན་གྲུབ་ཀྱི་བྱམས་མ་ཞེས། ཚེ་ལོ་དཔག་མེད་ཀྱི་སངས་རྒྱས་བསྐྱེད་པའི་ཡུམ་ཆེན་ཐར་པའི་ལམ་འདྲེན་མའོ། །བོན་ལོངས་སྤྲུལ་པའི་སྐུ་གསུམ་གྱི་དོན་རྟགས་དང་ལྡན་པའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པའོ། །

མ་མཆོག་ཚད་མེད་རྫོགས་སྐུ་ཆེན་མོ། །

བུ་འདོད་འགྲོ་ལ་རྒྱལ་རིགས་སྟེར་མ། །

ཀུན་བསྐྱེད་སེམས་ཅན་དོན་ལ་བརྩེ་མཛད། །

དོན་གསུམ་མངའ་བདག་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། འབུམ་ལྟར་ན། མ་མཆོག་སྣང་བའི་ཁམས་ཚད་མེད་བཞི་ལྡན་ལོངས་སྤྱོད་རྫོགས་པའི་སྐུ་ཡི་ཡུམ་ཆེན་མོ། ཞེས་པའོ། །གཟུངས་ལྟར་ན། སེམས་ཅན་ཉམ་ཐག་བུ་འདོད་པའི་འགྲོ་བ་རྣམས་ལ་ཆེ་བ་རྒྱལ་རིགས་ལ་སོགས་རིགས་བཟང་སྲིད་ཀྱི་དངོས་གྲུབ་སྟེར་བའི་བྱམས་མ་སྟེ། རིགས་ཀྱི་འཇིགས་སྐྱོབ་མའོ། །མདོ་ལྟར་ན། ཀུན་བསྐྱེད་སྲིད་གསུམ་བྱམས་མ་ཞེས། ཚེ་ལོ་འབུམ་དུས་ཀྱི་སེམས་ཅན་དོན་ལ་བརྩེ་མཛད་ཀྱི་སངས་རྒྱས་བསྐྱེད་པའི་ཡུམ་སྟེ། བདག་དོན་ལྷུན་འགྲུབ་གཞན་དོན་མཐར་ཕྱིན་གཉིས་དོན་གསུམ་བླ་མེད་འབྱུང་བའི་མངའ་བདག་ཡུམ་ལ་ཕྱག་འཚལ་འདུད་དོ། །ཞེས་པའོ། །

དེ་དོན་རྫོགས་སྐུ་རྟོགས་པའི་ཡེ་ཤེས། །

མཛེ་དང་སུར་ཡ་ཀླུ་གདོན་འདུལ་མ། །

ཀུན་གྲོལ་འཁོར་བའི་སྡུག་བསྔལ་ཞི་བྱེད། །

རྣམ་གསུམ་གདོན་འདུལ་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། དེ་ཡི་ས་བོན་ནི། འབུམ་ལྟར་ན། སྟོང་པ་ཉིད་ཀྱི་ཁམས་དོན་དམ་མཚན་མ་དངོས་པོ་མེད་པར་རྫོགས་སྐུར་རྟོགས་པའི་ཡེ་ཤེས་སུ་བསྟན་པའི་ཡུམ་མོ། །གཟུངས་ལྟར་ན། ནད་ངན་པ་མཛེ་དང་སུར་ཡ་སོགས་ཀླུ་ཡི་གདོན་རྣམས་འདུལ་བ་སྟེ། ཀླུ་ཡི་འཇིགས་སྐྱོབ་མའོ། །མདོ་ལྟར་ན། ཀུན་གྲོལ་ཐོགས་མེད་བྱམས་མ་ཞེས། ཚེ་ལོ་བརྒྱད་ཁྲིའི་དུས་ཀྱི་འཁོར་བའི་སྡུག་བསྔལ་ཞི་བྱེད་ཀྱི་སངས་རྒྱས་བསྐྱེད་པའི་ཡུམ་མོ། ས་ཡི་སྟེང་འོག་བར་རྣམ་པ་གསུམ་གྱི་གདོན་འདུལ་བའི་ཡུམ་ལ་ཕྱག་འཚལ་འདུད། ཅེས་པའོ། །

མ་གཅིག་སྤྲུལ་སྐུའི་ལམ་འབྲས་ཉིད་ནི། །

མུ་སྟེགས་ཕ་རོལ་རྒོལ་བའི་གཤེད་མ། །

ཀུན་མཁྱེན་ཐམས་ཅད་ཡུམ་གྱུར་ཇོ་མོ། །

རྟགས་གསུམ་སྟོན་མཛད་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། མ་ཡི་ས་བོན་ནི། འབུམ་ལྟར་ན། ཀུན་གྱི་མ་གཅིག་སོ་སོར་གསལ་བའི་ཁམས་སྤྲུལ་སྐུའི་ལམ་གྱི་འབྲས་བུར་བསྟན་པའི་ཡུམ་ཉིད་དོ། །གཟུངས་ལྟར་ན། མུ་སྟེགས་ལ་སོགས་ཀྱི་ཕ་རོལ་གྱི་རྒོལ་བའི་རིགས་ཐམས་ཅད་ཚར་ཐག་བཅད་པའི་གཤེད་མ་ལྟ་བུ་སྟེ། བློ་འཕེལ་མུ་སྟེགས་འཇིགས་སྐྱོབ་མའོ། །མདོ་ལྟར་ན་ཀུན་མཁྱེན་ཡེ་ཤེས་བྱམས་མ་ཞེས། ཚེ་ལོ་ཁྲི་བའི་དུས་ཀྱི་སྟོན་པ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་དུ་གྱུར་བའི་ཇོ་མོ་ཞེས་པའོ། །ཕོ་ཐམས་ཅད་ཀྱི་སྔ་ཤོས་དང༌། ཆེ་ཤོས་ལ་ཇོ་བོ་ཞེས་བྱ་བ་ལྟར་དུ། འདི་ཡང་དུས་དེ་ཡི་ལྷ་མོའི་སྔ་མ་དང་ཆེ་ཤོས་སུ་བསྟན་པའོ། །མཁའ་ཀློང་དབྱིངས་གསུམ་ལ་རྫུ་འཕྲུལ་ཐོགས་པ་མེད་པའི་རྟགས་གསུམ་མངོན་དུ་སྟོན་པར་མཛད་པའི་ཡུམ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །

ཧི་ནི་སྤྲུལ་སྐུ་རིག་པའི་ཁམས་ཉིད།  

མི་གཙང་སྐྱོན་རྣམས་འཇོམས་པར་མཛད་མ། །

ཀུན་སྐྱོབས་གཟི་བརྗིད་ཆེ་བའི་ལྷ་མོ། །

དག་པ་གསུམ་ལྡན་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། ཧི་ཡི་ས་བོན་ནི། འབུམ་ལྟར་ན། སྤྲུལ་པའི་སྐུ་རང་རིག་པའི་ཁམས་ཉིད་དུ་བསྟན་པའི་ཡུམ་མོ། །གཟུངས་ལྟར་ན། མི་གཙང་སྐྱོན་སྒྲིབ་རྣམས་འཇོམས་པར་མཛད་པའི་བྱམས་མ་སྟེ། སྐྱོན་གྱི་འཇིགས་སྐྱོབ་མའོ། །མདོ་ལྟར་ན། ཀུན་སྐྱོབས་རང་རིག་བྱམས་མ་ཞེས། ཚེ་ལོ་སྟོང་པའི་སངས་རྒྱས་བསྐྱེད་པའི་རྒྱལ་ཡུམ་གཟི་བརྗིད་ཆེ་བར་བསྟན་པའི་ལྷ་མོ་ཞེས་སོ། །སྒྲིབ་གསུམ་རྣམ་པར་དག་པ་གསུམ་དང་ལྡན་པའི་ཡུམ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །

མོ་ནི་གཡོ་མེད་ངོ་བོ་ཉིད་སྐུ། །

འཆི་བའི་འཇིགས་ལ་ཚེ་མཆོག་སྦྱིན་མ། །

ཀུན་རིག་མཚམས་སྦྱོར་ཐུགས་རྗེ་ཐབས་མཁས། །

མངོན་གསུམ་སྣང་མཛད་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། མོ་ཡི་ས་བོན་ནི། འབུམ་ལྟར་ན། གཡུང་དྲུང་དབྱིངས་ཁམས་གཡོ་མེད་ངོ་བོ་ཉིད་ཀྱི་སྐུ་རུ་བསྟན་པའི་ཡུམ་མོ། །གཟུངས་ལྟར་ན། འཆི་བའི་འཇིགས་པ་ཅན་ལ་ཚེ་ཡི་མཆོག་སྦྱིན་མ་སྟེ། ཚེ་ཡི་འཇིགས་སྐྱོབ་མའོ། །མདོ་ལྟར་ན། ཀུན་རིག་རྒྱལ་བཞེད་བྱམས་མ་ཞེས། ད་ལྟ་ཚེ་ལོ་བརྒྱ་པའི་མགོན་པོ་སྟོན་པ་གཤེན་རབ་བསྐྱེད་པའི་མཚམས་སྦྱོར་ཐུགས་རྗེ་ཐབས་ལ་མཁས་པའི་ཡུམ་ཞེས་སོ། །མིང་ཙམ་མིན་པར་ད་ལྟ་མངོན་གསུམ་དུ་སྣང་བར་མཛད་པའི་ཡུམ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །

ཧ་ནི་ངོ་བོ་ཉིད་ཀྱི་ཆེ་བ། །

གཟའ་སྐར་སྡེ་བརྒྱད་མ་ལུས་འདུལ་མ། །

ཀུན་འདུལ་མ་འབྱོན་སངས་རྒྱས་སྐྱེད་བྱེད། །

གནས་གསུམ་དག་པའི་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། ཧ་ནི་འབུམ་ལྟར་ན། མཉམ་པ་ཉིད་ཀྱི་ཁམས་ངོ་བོ་ཉིད་སྐུ་ཆེ་བའི་ངང་ཉིད་དུ་བསྟན་པའི་ཡུམ་མོ། །གཟུངས་ལྟར་ན། གཟའ་དང་རྒྱུ་སྐར་སོགས་སྡེ་བརྒྱད་མ་ལུས་འདུལ་བའི་བྱམས་མ་སྟེ། གཟའ་ཡི་འཇིགས་སྐྱོབ་མའོ། །མདོ་ལྟར་ན།ཀུན་འདུལ་གསལ་ཐང་བྱམས་མ་སྟེ། མ་འོངས་ཚེ་ལོ་བཅུ་ལ་འབྱོན་པའི་སངས་རྒྱས་བྱམས་ལྡན་མགོན་པོ་ཐང་མ་མེ་སྒྲོན་སྐྱེད་པར་བྱེད་པའི་ཡུམ་ཞེས་སོ། །ལུས་ངག་ཡིད་གསུམ་གྱི་གནས་གསུམ་དག་པར་བསྒྱུར་བའི་ཡུམ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །

ཨེ་ནི་ཞི་རྒྱས་དབང་དྲག་རྩ་བ། །

འཕྲིན་ལས་རྣམ་བཞི་དགྱེས་མཛད་ཉིད་མ། །

ལྷ་སྨན་མཁའ་འགྲོ་མ་མོའི་ཚོགས་བཅས། །

སྟོབས་བཞི་ལྷུན་གྲུབ་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། ཨེ་ནི་ས་བོན་ནི། ཞི་བའི་ལས་གྲུབ་ལྷ་མོ་བཅུ་གསུམ། རྒྱས་པའི་ལས་མཛད་སྨན་མོ་བཅུ་གསུམ། དབང་གི་ལས་མཛད་མཁའ་འགྲོ་བཅུ་གསུམ། དྲག་པོའི་ལས་མཛད་མ་མོ་བཅུ་གསུམ་སོགས་རྩ་བ་འཕྲིན་ལས་རྣམ་བཞིའི་དགྱེས་མཛད། བདག་ཉིད་བྱམས་མ་ལྔ་བཅུ་ང་གཉིས་ཚོགས་བཅས་ཏེ། ཞི་རྒྱས་དབང་དྲག་གི་སྟོབས་བཞི་ལྷུན་གྱིས་གྲུབ་པའི་བྱམས་མའི་ཡུམ་དེ་ལ་ཕྱག་འཚལ་བསྟོད། ཅེས་སོ། །

མ་ཞེས་བླ་མེད་སྲིད་པའི་བྱམས་ཆེན། །

ཡེ་ཤེས་བཀྲ་ཤིསསྣ་ཚོགས་སྟོན་མ། །

རྣམ་དག་པད་མ་གཡུང་དྲུང་ཀློང་གི །

སྡེ་བཞི་རྒྱས་མཛད་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། མ་ཞེས་ས་བོན་ནི། བླ་མེད་ཕར་ཕྱིན་གྱི་ཡུམ་བཅུ། སྲིད་པའི་ལྷ་མོ་བྱམས་ཆེན་བདུན། ཡེ་ཤེས་རྣམ་བརྒྱད་ཀྱི་ཡུམ་བརྒྱད། བཀྲ་ཤིས་རྟགས་བརྒྱད་ཀྱི་ཡུམ་བརྒྱད་སོགས་སྣ་ཚོགས་ཕར་ཕྱིན་གྱི་ཡུམ་བཅུ་སྟོན་པའི་བྱམས་མ། རྣམ་དག་པད་མ་གཡུང་དྲུང་ཀློང་གི་རྒྱུད་ལས་བྱོན་པའི་ཡུམ་སོ་གཉིས། བླ་མེད། ཡེ་ཤེས། བཀྲ་ཤིས།། སྲིད་པ་སྟེ། སྡེ་ཚན་བཞི་རུ་རྒྱས་པར་མཛད་པའི་ཡུམ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །

ཧོ་ལས་ཕྱི་ནང་གསང་བ་ཡང་གསང༌། །

མངོན་རྟོགས་ཐབས་དང་གནས་དག་ལམ་འབྱེད། །

བཅུ་དྲུག་ལམ་འབྱེད་མངོན་བཞུགས་ཆེན་མོ། །

སྒོ་བཞི་སྲུང་མཛད་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། ཧོ་ཡི་ས་བོན་ནི། ཕྱི་མངོན་རྟོགས་རིག་པའི་སྒོ་བཞི། ནང་ཐབས་ཀྱི་ཐར་པའི་སྒོ་བཞི། གསང་བ་གནས་སུ་དག་པའི་སྒོ་བཞི། ཡང་གསང་ལམ་སྐབས་འབྱེད་པའི་སྒོ་བཞི། བྱམས་མ་རྒྱས་པའི་དཀྱིལ་འཁོར་ལ། སྒོ་སྲུང་སྒོ་མ་ཆེན་མོ་བཅུ་དྲུག ཚོགས་སྦྱོར་མཐོང་ལམ་སྒོམ་ལམ་ལམ་བཞི་འབྱེད་ཅིང་མངོན་དུ་བཞུགས་པའི་ཡུམ་ཆེན་མོ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །

མ་ཆེན་བྱམས་ཆེན་བརྒྱ་དང་རྩ་བརྒྱད། །

འབུམ་དང་ལུང་དང་རིག་པའི་གནས་མ། །

མདོ་སྡེའི་མངའ་བདག་རྒྱུད་ཀྱི་དབང་འབུམ། །

མཛོད་དོན་མཆོག་བཞིའི་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། མ་ནི་བྱམས་ཆེན་བརྒྱ་དང་རྩ་བརྒྱད་སྟེ། འབུམ་སྡེའི་བྱམས་མ་ཉེར་ལྔ་དང༌། ལུང་སྡེའི་བྱམས་མ་ཉེར་ལྔ་དང༌། རིག་པའི་གནས་སྡེ་བྱམས་མ་ཉེར་ལྔ་དང༌། མདོ་སྡེའི་མངའ་བདག་བྱམས་མ་ཉེར་ལྔ་དང༌། རྒྱས་པའི་རྒྱུད་ཀྱི་བྱམས་མ་བརྒྱད་དང༌། བརྒྱ་རྩ་བརྒྱད། ཡོངས་རྫོགས་དབང་འབུམ་གྱི་མཛོད་དོན་གྱི་དཀྱིལ་འཁོར་ཆེན་པོ་བརྒྱ་དང་རྩ་བརྒྱད་གསུངས་པའི་ཡུམ་མཆོག་སྡེ་ཚན་བཞིའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། །

ཡེ་ནི་བྱམས་ཆེན་སུམ་བརྒྱ་དྲུག་ཅུ། །

ཁམས་དང་གནས་དང་རིགས་པའི་ཡུལ་ལ། །

ལྟོས་མཛད་འགྲོ་བའི་དོན་དུ་བཞེངས་མ། །

ཡུལ་བཞི་སངས་རྒྱས་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། ཡེ་ནི་བར་ཁྱམས་ཀྱི་བྱམས་ཆེན་སུམ་བརྒྱ་དྲུག་ཅུ་སྟེ། ཁམས་ལ་ལྟོས་པའི་བྱམས་མ་བརྒྱ་དང་རྩ་བརྒྱད་དང། གནས་ལ་ལྟོས་པའི་བྱམས་མ་བརྒྱ་དང་ཉི་ཤུ། རིགས་ལ་ལྟོས་པའི་བྱམས་མ་བརྒྱ་དང་ཉི་ཤུ། ཡུལ་ལ་ལྟོས་པའི་བྱམས་མ་བཅུ་གཉིས་ཏེ། ལྟོས་མཛད་འགྲོ་བའི་དོན་དུ་བཞེངས་པའི་བྱམས་མ། ཁམས་གནས་རིགས་གསུམ་ཡུལ་དང་བཞིའི་སངས་རྒྱས་མདོ་རྒྱུད་ཆེན་པོ་སུམ་བརྒྱ་དྲུག་ཅུ་བསྟན་པའི་ཡུམ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །

རུ་ནི་བྱམས་སྲས་ལྔ་སྟོང་ལྔ་བརྒྱ། །

ཡེ་གཤེན་གཡུང་དྲུང་སེམས་དཔའི་ཡུམ་མ། །

གནམ་ས་སྲིད་པའི་བོན་གཤེན་རྔ་ཐོག །

མུ་བཞི་སྲས་བསྐྱེད་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། རུ་ཡི་ས་བོན་ནི། བྱམས་སྲས་ཚོགས་སྦྱོར་མཐོང་སྒོམ་སོགས་ཐེག་ཆེན་སློབ་ལམ་བཞི་རེ་རེ་ལའང་ལྔ་སྟོང་ལྔ་བརྒྱ་གཡུང་དྲུང་སེམས་དཔའི་སྡེ་དང༌། ཡེ་གཤེན་གཡུང་དྲུང་སེམས་དཔའ་ཆེན་པོ་སུམ་བརྒྱ་དྲུག་ཅུ་བསྐྱེད་པའི་ཡུམ་བྱམས་མ་དང༌། གནམ་ས་བར་གསུམ་སྲིད་གསུམ་ཡངས་པའི་འཇིག་རྟེན་བོན་གྱི་བསྟན་ལ་ཞུགས་པ་གཤེན་སྲས་ཀྱི་ཕྱག་ཆ་རྔ་གཤང་ཐོག་པ་སྟེ། གཤེན་རབ་རྣམ་རྩོད། རང་རྟོགས་གཤེན་རབ། ཐུགས་རྗེ་སེམས་དཔའ། གཡུང་དྲུང་སེམས་དཔའ་སྟེ། ཐེག་རིམ་བཞིའི་མུ་ལ་ཞུགས་པ་བཞིའི་བྱམས་སྲས་རྣམས་དང༌། དེ་དག་ལ་བསྐྱེད་པའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། །

པ་ནི་བྱམས་ཕྲན་འབུམ་ཕྲག་མཐའ་ཡས། །

ལྷ་མོ་སྨན་མོ་འཁའ་འགྲོ་མ་མོ། །

སྣ་ཚོགས་སྤྲུལ་སྐུ་འགྲོ་དོན་མངོན་བཞུགས། །

ཚོགས་བཞི་དཔག་མེད་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། པ་ཡི་ས་བོན་ནི། བྱམས་མའི་ཕྱི་འཁོར་དུ་གཏོགས་པའི་བྱམས་ཕྲན་འབུམ་ཕྲག་མཐའ་ཡས་ཏེ། ཤར་ཐབས་ཀྱི་བྱམས་མའི་ཕྱི་འཁོར་ཞི་བའི་ལྷ་མོ་འབུམ་ཕྲག་བཅུ་གསུམ། བྱང་ནམ་མཁའ་མཛོད་འཛིན་མའི་ཕྱི་འཁོར་རྒྱས་པའི་སྨན་མོ་འབུམ་བཅུ་གསུམ། ནུབ་ཐུགས་རྗེ་བྱམས་མའི་ཕྱི་འཁོར་དབང་གི་མཁའ་འགྲོ་འབུམ་ཕྲག་བཅུ་གསུམ། ལྷོ་སྟོབས་ཀྱི་བྱམས་མའི་ཕྱི་འཁོར་དྲག་པོའི་མ་མོ་འབུམ་ཕྲག་བཅུ་གསུམ་སྟེ། འཕྲིན་ལས་སྣ་ཚོགས་སྒྲུབ་ཕྱིར་སྤྲུལ་པའི་སྐུ་འགྲོ་བའི་དོན་དུ་འདས་དང་མ་འདས་པའི་ཞིང་ཀུན་ཏུ་མངོན་པར་རྒྱུན་དུ་བཞུགས་པ་རིགས་བཞིའི་མ་ཚོགས་དཔག་ཏུ་མེད་པའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། །

ཡེ་ནི་རྒྱས་པ་རྒྱ་ཆེའི་ཡུམ་རྣམས། །

ཐུགས་ཀྱི་ཡང་སྙིང་བྱམས་མར་འདུས་མ། །

རྩ་བའི་སྔགས་བསྟོད་འདི་ཡིས་འགྲུབ་མ། །

གསང་གསུམ་མཛོད་འཛིན་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། ཡེ་ཡི་ས་བོན་ནི། རྒྱས་པ་རྒྱ་ཆེའི་ཡུམ་ནམ་མཁའི་ཁྱབ་ཚད་ཀྱི་བྱམས་སྲས་རྣམས་ཀྱི་ཐུགས་ཀྱི་ཡང་སྙིང་བྱམས་མ་ཆེན་མོའི་ཀློང་དུ་འབྱུང་གནས་ཐིམ་གསུམ་ཀུན་འདུས་བྱམས་མ་ཡིན་པས། རྩ་བའི་མདོ་ལས་བྱུང་བའི་སྔགས་བསྟོད་འདི་ཡིས་ལྷ་དང་ལྷ་མོ་ཐམས་ཅད་འགྲུབ་མ་ཞེས་སོ། །སྐུ་གསུང་ཐུགས་ཉིད་གསང་གསུམ་མི་ཟད་ཡེ་ཤེས་ཀྱི་འཁོར་ལོའི་མཛོད་འཛིན་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། །

ཏ་ནི་འཇིག་རྟེན་གསུམ་གྱི་དཔལ་མགོན། །

ལྷ་ཀླུ་གནོད་སྦྱིན་ཕྱོགས་སྐྱོང་འདུལ་མ། །

སྡེ་བརྒྱད་ཀུན་ལ་མངའ་མཛད་ཆེན་མོ། །

འགྲོ་དྲུག་སྒྲོལ་མཛད་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། ཏ་ཡི་ས་བོན་ནི། ས་འོག་ས་བླ་ས་སྟེང་བར་གྱི་འཇིག་རྟེན་གསུམ་གྱི་དཔལ་དང་མགོན་པོ། ལྷ་བརྒྱད་ཀླུ་བརྒྱད་གནོད་སྦྱིན་བཞི། ཕྱོགས་སྐྱོང་བཅུ། གཟའ་དང་རྒྱུ་སྐར་ལ་སོགས་དཔལ་མགོན་བདུན་ཅུ་འདུལ་བའི་བྱམས་མ་དང། ལྷ་སྲིན་སྡེ་བརྒྱད་ཀྱི་སྡེ་ཚོགས་ཀུན་ལ་མངའ་མཛད་པའི་བྱམས་མ་ཆེན་མོ་རྣམས་དང༌། འགྲོ་བ་རིགས་དྲུག་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བར་མཛད་པ་ལྷ་མོ་སུམ་བརྒྱ་མདོ་ཆོག་དང༌། མོ་སྦྱོང་པད་མ་མུན་སེལ་ལས་རྣམ་གྲངས་སོ་སོར་བསྟན་པའི་ཡུམ་རྣམས་ལ་ཕྱག་འཚལ་ལོ། །ཞེས་སོ། །

འདུ་འདུ་འཁོར་འདས་གཉིས་ལ་གནས་ཀྱི། །

ས་བཅུའི་སེམས་དཔའ་རྣམས་ཀྱི་བསྟོད་མ། །

སངས་རྒྱས་མ་ལུས་ཀུན་གྱི་ཡུམ་གཅིག །

ས་གསུམ་འདུལ་མཛད་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། འདུ་འདུ་ནི། འཁོར་བ་ལས་འདས་པའི་ལམ་གཉིས་གང་རུང་ལ་གནས་པ་ཐེག་གསུམ་གྱི་སོ་སྐྱེས་འཕགས་པ་ཀུན་དང༌། ཁྱད་པར་དུ་ཐེག་ཆེན་འཕགས་པ། གཡུང་དྲུང་ས་བཅུའི་སྒོ་ནས་སེམས་ལ་དཔའ་པའི་དྲོད་ཚད་བསྙེམས་པ་རྣམས་ཀྱི་བསྟོད་ཡུལ་བྱམས་མ་དང༌། སངས་རྒྱས་མ་ལུས་པ་ཀུན་གྱི་བསྐྱེད་པའི་ཡུམ་གཅིག་ཁམས་གསུམ་གྱི་ས་གསུམ་འདུལ་བར་མཛད་པའི་ཡུམ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །སྤྱིར་ས་གསུམ་ཞེས་པ་ལའང༌། ཁམས་གསུམ་འཁོར་བའི་ས་དང༌། མོས་པར་སྤྱོད་པའི་ས་དང༌། གཡུང་དྲུང་སེམས་དཔའི་ས་དང་གསུམ་ལ་བཤད་པའང། ཐེག་ཆུང་རྣམ་རྩོད་པའི་ས་དང༌། ཐེག་འབྲིང་རང་རྟོགས་པའི་ས་དང༌། ཐེག་པ་ཆེན་པོའི་ས་དང་གསུམ་ལ་བཤད་པ་དང༌། ཡང་དག་པའི་ས་གསུམ་ནི། གཡུང་དྲུང་སེམས་དཔའི་ས་བརྒྱད་པ་དགུ་པ་བཅུ་པ་གསུམ་ལ་བཤད་པ་སོགས་མང་དུ་ཡོད་ཀྱང༌། བྱམས་མའི་སྐྱབས་འགྲོ་ལས་གསུངས་པ་ནི། ཐེག་པ་གསུམ་གྱི་ས་ལ་འདོད་དེ། སྤངས་རྟོགས་ལམ་གྱི་སྣ་འདྲེན། ཞེས་གསུངས་པའི་ཕྱིར། སྐབས་འདི་ནི་ཁམས་གསུམ་གྱི་ས་ལ་འདོད་དེ། འདུལ་མཛད་ཅེས་པའི་ཚིག་དང་འབྲེལ་བས་སོ། །

སྭ་ཡི་ཡི་གེ་རྫོགས་པའི་བར་དེར། །

ཀུན་གསལ་འབུམ་ལྔ་ཁམས་བརྒྱད་བྱམས་མ། །

ཤེས་དང་ཤེས་བྱ་མ་ལུས་ཉིད་དོན། །

མཐའ་གསུམ་བྲལ་གྱུར་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ། སྙིང་པོའི་དབུས་ནས་སྭ་ཡི་ཡི་གེ་རྫོགས་པའི་བར་དེར། ཀུན་གསལ་འབུམ་ལྔ་ཁམས་ཆེན་བརྒྱད་སོགས་ཀྱི་བྱམས་མ་ཕྱི་ནང་གསང་བའི་དོན་རྣམས་ལ། ཤེས་བྱེད་བློ་དང་ཤེས་བྱའི་ཡུལ་དང་ཤེས་པའི་ཚུལ་ཏེ། མ་ལུས་འདུས་པའི་ངོ་བོ་ཉིད་ཀྱི་དོན་ནི་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ངང་ལས་བསྡུ་བའོ། །སྔོན་དང་མ་འོངས་ད་ལྟའི་མཐའ་གསུམ་མམ། རྟག་ཆད་ཡོད་མེད་སྣང་སྟོང་གཉིས་འཛིན་གྱི་མཐའ་དང་མཐའ་གསུམ་བྲལ་བར་འགྱུར་བའི་ཡུམ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །

ཧཱ་ནི་མདོ་ཡི་སངས་རྒྱས་ཡུམ་སྟེ། །

བདེ་བར་གཤེགས་པ་བླ་ན་མེད་པ། །

ཡང་དག་མངོན་པར་རྫོགས་པའི་སངས་རྒྱས། །

བྱམས་མ་ཆེན་མོ་ཡུམ་ལ་ཕྱག་འཚལ། །

ཞེས་བྱ་སྟེ།  ཡང་ཧཱ་ཡི་ངོ་བོ་ནི། བྱམས་མ་རྩ་བའི་མདོ་ཡི་ནང་ལས་བྱུང་བ་བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་ལ་སོགས་སངས་རྒྱས་སྟོན་པ་ཐམས་ཅད་བསྐྱེད་པའི་ཡུམ་སྟེ། སྟེ་ཞེས་པ་ནི་ལྷག་བཅས་ཀྱི་སྒྲ་སྟེ། སླར་ཡང་མདོ་ཡི་ཡུམ་དེ་གཙོར་བཟུང་ནས་དེ་ལ་སོགས་ཏེ། བདེ་བ་ཆེན་པོའི་དབྱིངས་སུ་ཞི་བར་གཤེགས་པ་བླ་ན་མེད་པ་མངོན་དུ་བརྙེས་ཤིང་ཡང་དག་པ་མངོན་པར་རྫོགས་པའི་སངས་རྒྱས། སྐྱེ་དགུ་ཡོངས་ལ་བུ་གཅིག་ལྟ་བུར་བྱམས་སེམས་བརྩེ་བར་མཛད་པའི་མ་གཅིག ཤེས་རབ་ཀྱི་བླ་ན་མེད་པའི་བྱམས་མ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡུམ་གཙོ་འཁོར་ཀུན་ལ་རྟག་ཏུ་མི་འབྲལ་བའི་དད་མོས་དྲག་པོས་ཕྱག་འཚལ། །ཞེས་སོ། །

སླར་ཡང་དེའི་སྙིང་པོ། ཨཱོྃ་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་མ་ཡེ་རུ་པ་ཡེ་ཏ་འདུ་འདུ་སྭཧཱ། ཞེས་ལན་གཅིག་གསུངས་ན། ཕན་ཡོན་མདོ་རུ་སྟོན་པས་གསུངས་པ།

སྔགས་ཀྱི་རྒྱལ་པོ་ཉི་ཤུ་རྩ་གཅིག  

བོན་གྱི་རྒྱལ་པོ་བྱམས་མའི་བསྟོད་པ། །

ལུང་གི་རྒྱལ་པོ་ཀུན་གསལ་ཆེན་མོ། །

བཀའ་ཡི་རྒྱལ་པོ་སྟོན་པས་གསུངས་པ། །

ཉེར་གཅིག་ལེའུ་འཁོར་འདས་མ་ལུས། །

མཚན་བརྗོད་ཐམས་ཅད་ཚངས་པར་ཉིད་དོ། །

འདི་བཀླག་བོན་རྣམས་རྫོགས་པར་འགྱུར་ཏེ། །

ཕན་ཡོན་བསམ་མཐའ་ཡས་པར་འཐོབ་བོ། །

ཞེས་གསུངས་པ་དེའི་དོན་ཡང། བྱམས་མ་རྩ་བའི་སྔགས་སྙིང་པོ་འབྲུ་ཉེར་གཅིག་པ་འདི་ནི་གསང་རིགས་གཟུངས་གསུམ་གྱི་སྔགས་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུའི་སྙིང་པོ་ཉི་ཤུ་རྩ་གཅིག་པའོ། །དེ་ཉིད་སྔགས་སུ་བསྟན་པ་ནི།  གཉན་ཞིང་ཟབ་པའི་ཚད་ཀྱང་ཡིན་ཏེ།  བྱམས་མའི་རྩ་རྒྱུད་ལས། ལེགས་པར་ཡེ་ཤེས་སྙིང་པོ་ཉོན། །རྒྱ་ཆེ་རྒྱས་པའི་འབུམ་ལྔ་ཡིན། །མདོ་དོན་བཞེད་ལུགས་ཉི་ཤུ་ཡོད། །ཡང་སྙིང་བྱམས་མ་རྩ་རྒྱུད་ཡོད། །ཅི་ཕྱིར་རྩི་ཐོག་སྙིང་པོ་ལས། །འོ་མའི་བཅུད་ལོན་མར་བཞིན་དུ། །གྲུབ་པར་སླ་ལ་འདུས་དོན་ཆེ། །ཐེག་པ་མཐོ་ལ་མན་ངག་ཟབ། །གདམས་པ་ཉུང་ལ་འབྲས་བུ་མྱུར། །དེ་ཕྱིར་བྱམས་མའི་རྒྱུད་འཆད་པས། །བོན་གྱི་སྙིང་པོ་ཡིན་པ་ནི། །གཉན་ཞིང་ཟབ་པའི་ཚད་ཡིན་པས། །ཀུན་ལ་བསྟན་པར་མ་གསུང་སྟེ། །ཁ་སྦུབ་ཞབས་རྡོལ་དུག་ཅན་སྣོད། བཀའ་རྒྱུད་ཅི་ཡང་མི་འཆད་ན། །བོན་གྱི་ཡང་སྙིང་ཡིན་པས་ན། །སེང་གེ་ལྟ་བུའི་འོ་མ་འདི། །ཡེ་གཤེན་སེང་བཞི་མ་གཏོགས་པ། །ཕལ་པ་ཡོངས་ལ་བསྟན་འགྱུར་ན། །སྣོད་ཀྱང་ཆག་ལ་བཅུད་ཀྱང་འབོ། །དེ་བས་ཐེག་པའི་དྭངས་མ་བཅུད། །དངོས་གྲུབ་བདུད་རྩི་མ་ཡལ་ཞིང༌། །སྨིན་གྲོལ་རྒྱལ་མཚན་མ་ནུབ་ན། །བྱིན་རླབས་རྒྱུད་རྐ་མི་ཆད་པའི། །མ་རྒྱུད་གསང་བ་འདི་སྤྱོད་པ། །སྐལ་ལྡན་རྣམས་ཀྱི་རྒྱལ་པོ་སྟེ། །ཚེ་གཅིག་ལུས་གཅིག་འདི་ཉིད་ལ། །མཆོག་དང་ཐུན་མོང་གཉིས་འགྲུབ་པའི། །ཡང་དག་གདམས་པ་ངོ་མཚར་ཆེ། །ཞེས་གསུངས་པའོ། །གཡུང་དྲུང་གི་བོན་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུ་ཡིན་ཏེ། བོན་སྡེ་འདི་ནི། བོན་ཐེག་པ་རིམ་དགུ་གསུངས་པའི་ནང་ནས་བརྒྱད་པ་ཡེ་གཤེན་གྱི་ཐེག་པ་སྟེ། མདོ་སྔགས་སེམས་གསུམ་གྱི་ཀུན་འདུས་བྱམས་མའི་བསྟོད་པ་བསྟན་པའོ། །དེ་ཡང་བྱམས་མའི་དབང་འབུམ་ལས། ང་ཡི་བསྟན་པ་འདི་ལ་ཉོན། །བོན་ལ་རྒྱ་ཆེ་གྲངས་མང་ཡང༌། །ཡེ་གཤེན་ཐེག་པ་ཆེན་པོ་འདི། །དམན་པའི་ཐེག་པ་བདུན་པོ་དང༌། །མི་མཐུན་ཕྱོགས་ཀྱི་ཕྱི་རོལ་ན། །ཀུན་ལས་ཁྱད་པར་འཕགས་པ་སྟེ། །དཔེར་ན་ནམ་མཁའ་ལྟ་བུ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཚིག་ཏུ་བརྗོད་པ་ལུང་གི་བོན་ཐམས་ཅད་ཀྱི་རྒྱལ་པོ་ནི་ཀུན་གསལ་བྱམས་མ་ཆེན་མོ་ཡི་བོན་སྐོར་རོ། །ཞེས་སོ། །རྫོགས་པའི་སངས་རྒྱས་ཀྱི་བདག་རྐྱེན་ལས་བྱུང་བའི་ཁྱད་པར་བཞི་ལྡན་གྱི་བཀའ་རྒྱལ་བའི་གསུང་རབ་གྲངས་ལས་འདས་པ་ཡི། རྒྱལ་པོ་སྟོན་པ་སངས་རྒྱས་ཉིད་ཀྱི་ཞལ་ནས་གསུངས་པའོ། །ཞེས་སོ། །ཕྱག་འཚལ་ཞེས་པའི་ཤོ་ལོ་ཀ་ཉེར་གཅིག་ལེའུ་རུ་བཞུགས་པ་འདི་ལ། འཁོར་བ་དང་འདས་པ་བྱམས་མའི་ལྷ་ཚོགས་མ་ལུས་པ་མཚན་གྱི་རྣམ་གྲངས་མདོ་ཙམ་རེ་བརྗོད་ནས་བསྟོད་པས། ངེས་ཤེས་ཡིད་ཆེས་ལྡོག་མེད་ཀྱི་གསོལ་བ་གདབ་ན་བོན་ཐམས་ཅད་ཚང་བའི་བདག་ཉིད་དོ། །དེ་ནས་འདི་ཉིད་བཀླག་ན་བོན་རྣམས་ཡོངས་སུ་རྫོགས་པར་བཀླག་པར་འགྱུར་བ་ཡིན་པས། ཕན་པའི་ཡོན་ཏན་ནི་བསམ་མཐའ་ཡས་པ་འཐོབ་པར་གསུངས་པ་ཡིན་པས། སྟོན་པས་བརྗོད་ལས་འདས་པ་གསུངས་ན། ཕྲན་སོ་སོའི་སྐྱེ་བོ་ཡི་སྨོས་པར་ག་ལ་ནུས་ཀྱང༌། ལུང་ལས་གསུངས་ཚུལ་མདོ་ཙམ་བསྟན་ན།

བྱམས་མ་རྩ་འབུམ་ལས། དེ་ནས་བྱམས་མ་ཆེན་མོ་འདི། །ངོ་བོ་ཉིད་ལས་མ་གཡོས་ཀྱང། །བོན་སྐུ་ཁོ་ནར་གནས་པར་བྱེད། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །རྒྱལ་བ་ལོངས་སྤྱོད་རྫོགས་པའི་ཚུལ། །བྱམས་མ་རིགས་ལྔ་བཞུགས་པར་སྟོན། །ཤིན་ཏུ་འདུལ་དཀའི་འདོད་ཁམས་སུ། །སེམས་དཔའི་མ་ཚོགས་དུ་མར་འགྱུར། །དྲན་པ་ཙམ་གྱིས་འཕོངས་སེལ་མ། །གཡུང་དྲུང་སེམས་དཔའི་སྣང་ངོས་ལ། །ཁམས་བརྒྱད་ལ་ཡང་ཡུམ་བརྒྱད་སྤྲུལ། །ལྷ་མིའི་དགེ་སྦྱོང་ཐམས་ཅད་ལ། །སྲིད་པའི་རྒྱལ་མོ་བརྒྱད་དུ་སྟོན། །དག་པ་དྲང་སྲོང་སྡེ་རྣམས་ལ། །བཀྲ་ཤིས་ལྷ་མོ་གཙོ་འཁོར་དགུ། །ས་ལམ་བསྒྲོད་པའི་སེམས་དཔའ་ལ། །ཡེ་ཤེས་ལྷ་མོ་དགུ་འགྱུར་མཛད། །ཡེ་ཤེས་ཆེན་པོ་ཐམས་ཅད་ལ། །བླ་མེད་བྱམས་མ་བཅུ་རུ་སྤྲུལ། །བར་དུ་རྩོད་པ་བཟློག་པ་ལ། །འཇིགས་པ་བརྒྱད་སྐྱོབ་བྱམས་མ་བརྒྱད། །འགྲོ་དྲུག་འདུལ་ལ་མ་དྲུག་སྟེ། །སྐྱེ་རྒས་ན་འཆི་བགེགས་༼འགེགས༽པ་ལ། །སྒོ་བཞི་སྲུང་པའི་སྒོ་མ་བཞི། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་དུ། །མ་མོ་བསམ་ཡས་སྲིད་གསུམ་སྐྱོངས། །སྨིན་མོ་༼སྨན་མོ༽གྲངས་འདས་ཁྲིམས་སྡེ་ཚོགས། །མཁའ་འགྲོ་དཔག་མེད་ལམ་གནས་སྲུང༌། །ལྷ་མོ་རབ་འབྱམས་ཡེ་ཤེས་མགོན། །ཐེག་པའི་རིམ་པ་ཇི་བཞིན་དུ།  །མ་ཡི་བཀོད་པ་དེ་བཞིན་སྟོན།  །ཞེས་དང༌། དཔེ་ནི་འདི་ཉིད་འདོན་བྱེད་མ། །གསོ་སྦྱོང་ཁྲུས་དང་གཙང་དག་གི། །ཚངས་པའི་དབྱངས་དྲུག་འགྱུར་བཅས་སུ། །ལྷ་མོ་ལ་ནི་བསྟོད་བྱེད་ན། །སྣང་སྲིད་ལྷ་ཡི་གཞལ་ཡས་སུ། །སེང་གེ་འབྲུག་དང་ཁྱུང་གླང་ཁྲིར། །འབུམ་ལྔ་བདག་ཉིད་བྱམས་མ་ལྔ། །འཁོར་དང་བཅས་པ་དམིགས་བྱས་ལ། །དེ་ཡི་ཡོན་ཏན་ཐམས་ཅད་ཀུན། །ཐོབ་པའི་ཆེད་དུ་བསྟོད་བྱས་པས། །

ཤེས་རབ་བྱམས་མའི་ཕན་ཡོན་དུ། །ཁམས་བརྒྱད་བཀླག་པ་ཅི་ལྟར་འགྱུར། །སྲིད་གསུམ་སྡུག་བསྔལ་གཏན་བཅོམ་ནས། །རིན་ཆེན་རྒྱུན་གྱི་གཏེར་ལ་སྤྱོད། །སྣང་སྲིད་ཡོངས་ཀྱི་ཁ་འཛིན་ནུས། །མི་རྟག་ཚད་མེད་རྒྱུད་ལ་སྐྱེ། །སྡིག་བཅུ་དག་ནས་དགེ་བཅུ་འཕེལ། །རང་རིག་རང་ལ་འཆར་བ་དང༌། །དབྱིངས་ཉིད་ཀློང་དུ་མངོན་སངས་རྒྱས། །མཉམ་ཉིད་བདེ་ཆེན་ངང་ལ་གནས། །སྣང་སྲིད་བོན་གྱི་རྒྱལ་པོར་འགྱུར།  །འཁོར་འདས་བོན་རྣམས་དབང་དུ་སྡུས། །བོན་གྱི་ས་ཆེན་འདུལ་བར་བྱེད། །

སྟོབས་ཀྱི་བྱམས་མའི་ཕན་ཡོན་དུ། །དགེ་རྒྱས་འབུམ་བཀླག་ཇི་བཞིན་འགྱུར། །ཡོངས་སུ་དག་པའི་རྒྱལ་ཁམས་སྐྱེ། །ཉོན་མོངས་དགྲ་ཚོགས་ཟིལ་གྱིས་གནོན། །ཕས་ཀྱི་རྒོལ་བ་ཚར་ཐག་གཅོད། །རང་ལ་སྟོབས་བཅུ་རྫོགས་པར་འགྱུར། །ཕྱི་རོལ་སྣང་ཡུལ་ཀུན་ལ་མཁས། །ཚེ་དང་སྲོག་དང་དབང་ཐང་འཕེལ། །བུ་དང་ནོར་དང་འབྱོར་བ་ཐོབ། །ནད་གདོན་གདུག་པ་མཛེ་རིགས་སོགས། །སྡེ་བརྒྱད་འབྱུང་པོས་རླག་མི་རྙེད། །ནང་གི་རིག་པའི་གནས་ལ་མཁས། །བཞི་བརྒྱ་རྩ་བཞིའི་ནད་ལས་ཐར། །འགོ་བའི་དལ་ཡམས་ཐམས་ཅད་ཐུབ། །གསོ་བྱེད་སྨན་གྱི་རྒྱལ་པོ་འགྱུར། །ཕས་ཀྱི་རྒོལ་བ་ཚར་གཅོད་ཅིང༌། །བསྟན་ལ་སྡང་བ་ཐམས་ཅད་ཟློག །གྲུབ་མཐའ་ངན་པ་སུན་འབྱིན་འགྱུར། །དགེ་བའི་ཚོགས་རྣམས་མ་ལུས་འཕེལ། །སྒྲིབ་པ་ཀུན་ལས་རྣམ་པར་ཐར། །ཉོན་མོངས་ལས་ཀྱི་བདུད་དཔུང་འདུལ། །ཡོངས་སུ་མ་དག་གནས་ངན་གཅོད། །ཡོན་ཏན་རྣམས་དང་དགེ་བ་རྣམས། །ཟད་པ་མེད་པའི་གཏེར་དུ་འགྱུར། །

སྨོན་ལམ་བྱམས་མའི་ཕན་ཡོན་དུ། །འདུལ་བའི་འབུམ་བཀླག་ཇི་བཞིན་འགྱུར། །སྡིག་པ་སྒྲིབ་པ་ཐམས་ཅད་དག །ཡོན་ཏན་ཐམས་ཅད་རྒྱུད་ལ་སྐྱེ། །ཉེས་པའི་སྐྱོན་གྱིས་མ་གོས་ཤིང༌། །འདམ་གྱི་པད་མ་ལྟ་བུར་འགྱུར། །ལུས་ལ་དཔལ་འབྱོར་ཚོགས་པ་དང༌། །སེམས་ལ་བཅུད་ཀྱི་འགེངས་པར་བྱེད། །འདོད་ཡོན་རྒྱ་མཚོ་ལྟ་བུར་འདུས། །སྤྱོད་པ་ཆགས་མེད་གཞན་ལ་སྟོན། །བདུད་ཀྱི་རྒྱལ་མཚན་སྙིལ་བ་དང༌། །བོན་གྱི་རྒྱལ་མཚན་ཚུགས་པར་འགྱུར། །སྙན་པ་ནམ་མཁའི་མཐའ་མཉམ་གྱིས། །ལོག་ལྟ་སྐྲག་དུ་འཇུག་པ་དང༌། །ཐུགས་ཉིད་ཞི་ཞིང་བདེ་བ་རྙེད། །མ་ཞི་འཕྱར་བའི་ཉེས་ཚོགས་སེལ། །སྣང་སྲིད་ཡོངས་ལ་དབང་བསྒྱུར་ནས། །འགྲོ་བའི་དེད་དཔོན་སྟོབས་ཆེན་ཐོབ། །ཀུན་གྱི་གདུགས་བཞིན་བསྐུར་བ་ཡིས། །གཙུག་གི་མཆོད་གནས་ཉིད་དུ་གྱུར། །

ཐུགས་རྗེ་བྱམས་མའི་ཕན་ཡོན་དུ། །དོན་འབུམ་བཀླག་པ་ཇི་བཞིན་འགྱུར། །རང་གཞན་དབུལ་བ་སེལ་བ་དང༌། །ལོངས་སྤྱོད་གཏེར་ཆེན་ཐོབ་པར་བྱེད། །ཚུལ་ཁྲིམས་དྲི་མ་མེད་པ་དང༌། །ཉེས་པ་ཐམས་ཅད་ཟད་པར་བྱེད། །མ་རུང་སྡུག་བསྔལ་རང་སར་ཞི། །ཡང་དག་བདེ་བའི་འབྱོར་བ་ཚོགས། །ཡོན་ཏན་ཐམས་ཅད་སྡུད་པ་དང༌། །དགེ་བའི་རྩ་བ་ཡིད་བཞིན་འགྲུབ། །བདེ་ཞིང་དགེ་བའི་ས་ལ་གནས། །ཡོན་ཏན་མཆོག་གི་དབང་པོ་ཐོབ། །སྟོབས་ཆེན་གཞན་གྱིས་འགྲན་མི་ཚུགས། །གཟི་བརྗིད་མདངས་དང་བཀྲག་རྣམས་རྒྱས། །སྙིང་རྗེ་ཚད་མེད་རྒྱུད་ལ་སྐྱེ། །སེམས་ཅན་གཞན་གྱི་དོན་བྱེད་ནུས། །ཅི་བསམ་བྱ་བ་དྲན་པས་འགྲུབ། །སྨོན་ལམ་བཏབ་པ་མཐར་ཕྱིན་འགྱུར། །ལོག་རྟོག་དགྲ་དཔུང་གནས་སུ་ཞི། །ལེགས་པའི་ཐབས་ཀྱི་ཐམས་ཅད་དུ། །ལྷན་གཅིག་སྐྱེས་པའི་ཤེས་རབ་སྐྱེ། །ཐོས་རྩོད་འཆད་པའི་ཤེས་རབ་འཕེལ། །སེམས་ཅན་གཞན་དོན་རྒྱལ་པོར་འགྱུར། །

ཐབས་ཀྱི་བྱམས་མ་ལམ་འབུམ་གྱི། །ཕན་ཡོན་ཐམས་ཅད་བསྟན་པ་ནི། །སྨེ་མནོལ་ནལ་དང་མི་གཙང་སྐྱོན། །སྒྲིབ་པ་ཐམས་ཅད་དག་པ་སྟེ། །ལུས་ལ་ནད་མེད་བདེ་བ་དང༌། །ཡན་ལག་མཛེས་སྡུག་བཟོ་རིག་བྱེད། །དངོས་དང་མཚན་མའི་འཇིགས་པ་འཇོམས། །ངག་སྙན་དབྱངས་བདེ་བོན་རྣམས་སྒྲོག །ཡོན་ཏན་དྲི་ངད་ལྡན་པ་ཡིས། །སེམས་ཅན་ཐམས་ཅད་བདེ་ལ་བཀོད། །སྣང་སྲིད་བཅུད་ལ་དབང་བསྒྱུར་ཞིང༌། །ཟས་དང་ལོངས་སྤྱོད་ཐམས་ཅད་འདུ། །རིན་ཆེན་གཏེར་གྱི་ནོར་ཐོབ་ནས། །བསོད་ནམས་གཏེར་ལ་འགྲིབ་པ་མེད། །ཤེས་རབ་གསལ་བའི་མཆོག་གྱུར་པ། །རྨོངས་པ་མ་ལུས་གཏན་ནས་སྤངས། །ཁམས་གསུམ་ཉོན་མོངས་སེམས་ཅན་ཀུན། །འདྲེན་པའི་སྟོན་པ་བྱེད་པར་འགྱུར། །གཞན་ཡང་དབང་པོ་ཚོགས་བརྒྱད་ལ། །སྐྱོན་མེད་དག་པའི་མཆོག་ཐོབ་ནས། །ལོང་ལྐུགས་འོན་འཐིབ་རྨོངས་པ་རུ། །ཚེ་རབས་ནམ་ཡང་མི་འགྱུར་རོ། །

གང་ཞིག་གསེར་གྱིས་བྲིས་བྱས་ཏེ། སྤྱི་བོའི་གཙུག་ཏུ་བཏགས་བྱས་ན། །གཟའ་དང་ཐོག་དང་ནད་མི་ཚུགས། །མཐར་ཡང་འཁོར་ལོ་བསྒྱུར་རྒྱལ་ཐོབ། །དད་པས་ངག་ཏུ་འདོན་པ་ཡིས། །ཕལ་གྱི་རྐྱེན་རྣམས་ཟློག་པ་དང༌། །ཚངས་པའི་དབྱངས་དང་ལྡན་པ་སྟེ། །བོན་གྱི་རྒྱལ་སྲིད་སྟོན་པར་འགྱུར། །འཆང་ཞིང་བཀུར་བསྟི་རིམ་གྲོ་བྱེད། །རིན་ཆེན་གཏེར་འཆང་ལྟ་བུ་སྟེ། །དགོས་འདོད་ཐམས་ཅད་བསམ་པས་འགྲུབ། །ཡོན་ཏན་རྣམས་ཀྱི་མངའ་བདག་བྱེད། །གང་ཞིག་མཉེས་པར་བྱེད་པ་རྣམས། །ཐེག་པ་ཐམས་ཅད་གྲོལ་བ་ཡི། །འབུམ་སྡེ་ལྔ་ཡི་དོན་རྟོགས་པས། །ཐམས་ཅད་མཁྱེན་པའི་རྒྱལ་པོར་འགྱུར། །སྒྲ་ཐོས་ཙམ་གྱིས་ངན་འགྲོར་ཐར། །མཐོ་རིས་ལྟུང་བ་ཁེགས་པ་དང༌། །ཉེས་པ་ཐམས་ཅད་སེལ་བར་ནུས། །འདི་ཐོས་དོན་བཞིན་བསྒོམ་པ་ན། །སངས་རྒྱས་ལྷག་པའི་སངས་རྒྱས་ཐོབ། །ཅེས་སྟོན་པས་གསུངས་པ་ལ་ཡིད་ཆེས་པར་བྱ་དགོས་ཏེ། ལུང་ལས། ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བ་མི་འགྱུར་རྒྱུ་མེད་ཕྱིར། །ཞེས་དང༌། རི་རབ་གཞན་དུ་འཕོ་བ་དང༌། །རྒྱ་མཚོ་ཆེན་པོ་སྐེམས་པ་དང༌། ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །སངས་རྒྱས་བཀའ་ཡི་བསླུ་མི་སྲིད། །ཅེས་གསུངས་སོ། །

རྩ་བ་སྔགས་ཀྱི་བསྟོད་པ་ཉི་ཤུ་རྩ་གཅིག སྟོན་པས་གསུངས་པ་ལ་མངོན་པར་བསྟོད་དོ། །

ཞེས་པས་སོ། །བྱམས་མ་རྩ་བའི་མདོ་ལས་བྱུང་བའི་སྔགས་ཀྱི་བསྟོད་པ་ཕྱག་འཚལ་ཉི་ཤུ་རྩ་གཅིག་པ་སངས་རྒྱས་སྟོན་པས་གསུངས་པ་དེ་ལ་ཡེ་གཤེན་སེང་བཞི་སོགས་གཤེན་རབ་གཡུང་དྲུང་སེམས་དཔའ་རྣམས་དང༌། ལྷ་ཀླུ་མི་དང་དྲི་ཟར་བཅས་པའི་འཁོར་ཚོགས་ཀུན་གྱིས་མོས་པ་ཆེན་པོས་མངོན་པར་བསྟོད་ནས་རྗེས་སུ་ཡི་རངས་བྱེད་དོ། དོ་ཞེས་པ་ནི། རྫོགས་ཚིག་གོ། །ཞེས་སོ། །

ཞེས་པ་འདི་ཡི་རྒྱུད་ཚུལ་ནི་སངས་རྒྱས་བསྟན་པའི་གཙོ་བོས། ཡེ་གཤེན་གཡུང་དྲུང་སེམས་དཔའ་རྣམས་ལ་གསུངས། བཀའ་བསྡུ་བ་པོ་གཤེན་ཐང་མ་འོད་རྒྱལ་གྱིས་མཛད་ནས། ལྷ་ཀླུ་མི་ཡི་གཤེན་སོགས་བླ་མ་ཆེ་དྲུག དེ་ནས་བར་གྱི་གདུང་བརྒྱུད་བཅུ་གསུམ་གྱི་ནང་ཚན། གྲུབ་རྩལ་ཐོགས་པ་མེད་པའི་གཤེན་དགུ་རྣམས་རིམ་པར་བརྒྱུད་ནས། རྒྱལ་གྲི་གུམ་གྱི་རིང་ལ་བོན་དར་ནུབ་བྱུང་ནས་གཏེར་དུ་གཤེགས། ཕྱིས་ཕྱྭ་སྲས་ཀེང་ཙེ་ལན་མེད་ཀྱིས་ལུང་བསྟན། སྤྲུལ་པའི་སྐུ་མཆོག་རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་གཏེར་ཞལ་ཕྱེས་ནས། དེ་ནས་རྒྱུད་འགྲེལ། གཞུང་ཆ་ལག་ཆ་རྐྱེན་དང་བཅས་པའི་དབང་ལུང་གི་རྒྱུད་པ་རྣམས། རྗེ་འབྲུག་ལྷ་ཉིད་ཀྱིས། ཨ་ད་ལྷ་སྲས་ལ་གཏད། དེས་ཨ་ད་ལྷ་བཙན་ལ་བརྒྱུད། དེས་ཨ་ད་ལྷ་རྒྱལ་ལ་བརྒྱུད། དེས་ཨ་ད་ལྷ་མགོན་ལ་བརྒྱུད། ལྷ་མགོན་གྱི་རིང་ལ། སྔོན་རྗེ་འབྲུག་ཆེན་པོའི་ཞལ་ནས་ལྷ་སྲས་ལ་གནང་སྐབས། ལྷ་ལུས་བོར་ནས་མི་ལུས་སྐྱེ། །གཞོན་ནུས་མཚན་ཅན་རྣལ་འབྱོར་འབྱུང༌། །མ་རྒྱུད་བོན་གྱི་སྐལ་པ་ལེན། །ཚེ་དང་བསྟན་པ་མཐར་ཕྱིན་ཞིང༌། །སངས་རྒྱས་འབྲས་བུ་ཐོབ་པར་འགྱུར། །ཞེས་ལུང་བསྟན་པ་ལྟར། དམྱལ་སྟོན་གཞོན་རྩེ་ལ་དངོས་གྲུབ་འབབ། དེ་ནས་སྒོམ་པ་གཡུང་དྲུང་སྐྱབས་ལ་བརྒྱུད། དེས་སྒོམ་པ་རིན་དཔལ་ལ་བརྒྱུད། དེས་བཀའ་གདམས་ཡེ་ཤེས་རྒྱལ་མཚན་ལ་བརྒྱུད། དེས་ཞང་སྟོན་བསོད་ནམས་དཔལ་ལ་བརྒྱུད། དེས་ཞང་སྟོན་བསོད་རྒྱལ་ལ་བརྒྱུད། དེས་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ལ་བརྒྱུད། དེས་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་ལ་བརྒྱུད། དེས་ནམ་མཁའ་ཡེ་ཤེས་ལ་བརྒྱུད། དེས་ཀུན་བཟང་རྒྱལ་མཚན་ལ་བརྒྱུད། དེས་རིན་ཆེན་རྒྱལ་མཚན་ལ་བརྒྱུད། དེས་ཚུལ་ཁྲིམས་རྒྱལ་མཚན་ལ་བརྒྱུད། དེས་བསོད་ནམས་ཡེ་ཤེས་ལ་བརྒྱུད། དེས་བསོད་ནམས་གཡུང་དྲུང་ལ་བརྒྱུད། དེས་ཤེ་ཙུ་དྲུང་མུ་ལ་བརྒྱུད། དེས་ཤེས་རབ་འོད་ཟེར་ལ་བརྒྱུད། དེས་གཡུང་དྲུང་རྒྱལ་མཚན་ལ་བརྒྱུད། དེས་ཤེས་རབ་བློ་གྲོས་ལ་བརྒྱུད། དེས་ཤེས་རབ་འོད་ཟེར་ལ་བརྒྱུད། དེས་གཙུག་ཕུད་འོད་ཟེར་ལ་བརྒྱུད། དེས་མཁས་གྲུབ་གཡུང་དྲུང་ཚུལ་ཁྲིམས་ལ་བརྒྱུད། དེས་བྲུ་སྟོན་རིན་ཆེན་རྣམ་རྒྱལ་ལ་བརྒྱུད། དེས་སྐུ་མདུན་རིན་ཆེན་ལྷུན་གྲུབ་ལ་བརྒྱུད། དེས་བྲུ་སྟོན་ལྷུན་གྲུབ་དབང་རྒྱལ་ལ་བརྒྱུད། དེས་སྐུ་མདུན་ཤེས་རབ་དབང་རྒྱལ་ལ་བརྒྱུད། དེས་དྲང་སྲོང་གཡུང་དྲུང་བསྟན་འཛིན་ཚུལ་ཁྲིམས་ལ་བརྒྱུད། བླ་མ་དེ་ཉིད་ཀྱི་དྲུང་ནས་སྐམ་བླ་མ་ཤེས་རབ་ཕུན་ཚོགས་ལ་བརྒྱུད། དེས་མཁས་གྲུབ་གཡུང་དྲུང་ཉི་རྒྱལ་ལ་བརྒྱུད། དེས་བདག་ལ་གནང་བའོ། །

ཅེས་བྱམས་མའི་བསྟོད་འགྲེལ་འདི་ཡང་ཞིབ་རྒྱས་སུ་བསྟན་པར་ནུས་ན། ལྷ་ཡི་མཚན་དང་ལུང་དང་རིག་པ་སྦྱར་ན། ལེའུ་ཚན་ཆེན་པོ་ཉེར་གཅིག་བྱས་ན་པོ་ཏི་དུ་མར་ལོན་པ་འདུག་ཀྱང༌། ཕྲན་རང་ཚེ་དཔག་མེད་ཀྱི་ལུང་ལས། ཚེ་ཟད་པ་བསྲིང་བ་ནུས་ཀྱང་ལས་ཀྱིས་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་གཏོགས་སོ། །ཞེས་གསུངས་པ་ལྟར། ལས་རྐྱེན་ཟུང་འབྲེལ་གཟུགས་གཞི་ཤིན་ཏུ་མི་བདེ་བའི་གཙེས་པའི་ཚེ་འདི་ཡི་སྐལ་པ་ཐོབ་ལོང་ཙམ་དུ་སྒོ་བཙུན་ཉི་མིང་པས་བྲིས། ཉེས་འགལ་ནོར་འཁྲུལ་སོང་ན་མཁའ་འགྲོ་གཉེན་ལ་མཐོལ་བཤགས་ཕུལ་ནས།

སྨྲས་པ། བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །

བདག་ལྟ་འཁོར་བའི་ས་བོན་གཏན་སྤངས་ནས། །

བདག་མེད་དོན་རྟོགས་སྟོང་ཉིད་མངོན་འགྱུར་ཏེ། །

བདག་གཞན་དོན་རྣམས་ལྷུན་གྲུབ་མཐར་ཕྱིན་ཤོག།

ཐ་ཚན་མུ་ཙུག་སྨར་རོ། བཀྲ་ཤིས།

 

གལ་ཆེའི་ཕྱག་དཔེ་འདིའི་མ་ཕྱི་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས་དགེ་ལེགས་རྒྱ་མཚོ་མཆོག་གིས་མཁོ་སྤྲོད་གནང་བྱུང་བས་དམིགས་བསལ་བཀའ་དྲིན་ཆེ་ཞུ།

ཧི་བོན་ཟིན་བྲིས་ལས་ཁྱུངཿསྨོན་ལམ་གྱི་ཟིན་བྲིས་ལས་དྲངས།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།