ཉམས་མྱོང་དམར་ཁྲིད་ཉུང་འདུས་ཞལ་ཆབ་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ།།

ལས་དང་པོ་བ་ལ་ཉེར་བར་མཁོ་བའི་སེམས་ཁྲིད་ཉམས་ལེན་བྱེད་ཚུལ་ཉམས་མྱོང་དམར་ཁྲིད་ཉུང་འདུས་ཞལ་ཆབ་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ།།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

ན་མོ་ཅི་པར་རཏྞ་གུ་དུན་ཧྲུན། །སྐུ་གསུམ་ངོ་བོ་བླ་མ་བཀའ་དྲིན་ཅན། །བྱང་ཆུབ་བར་དུ་ཕྱག་འཚལ་སྐྱབས་སུ་མཆི། །དགོངས་རྒྱུད་རྟོགས་པ་ཟབ་མོ་ཅི་ལྟ་བ། །བདག་གི་རྒྱུད་ལ་འཕོ་བར་བྱིན་གྱིས་རློབས། །ཐོག་མར་ལམ་གྱི་རྩ་བ་བཤེས་གཉེན་བསྟེན། །བློ་ལྡོག་རྣམ་བཞིས་རང་རྒྱུད་ལེགས་པར་སྦྱངས། །སྐྱབས་སྡོམ་བླངས་ནས་ཡང་དག་བོན་སྒོར་འཇུག །བྱང་སྡོམ་ཞུས་ནས་ཐེག་པ་ཆེན་པོར་འཇུག །དབང་བཞི་བླངས་ནས་གསང་ཆེན་སྔགས་ལ་འཇུག །སྨིན་གྲོལ་གདམས་པས་རྫོགས་པ་ཆེན་པོར་འཇུག །འཇུག་ཡུལ་གཞུང་ལ་ཐོས་བསམ་སྒོམ་སྒྲུབ་དགོས། །ཁ་ཙམ་ཚིག་ཙམ་མིན་པར་རྒྱུད་ལ་སྦྱོར། །ལྟ་བ་ཟབ་མོ་མཁའ་ལྟར་མཐོ་ན་ཡང་། །སྤྱོད་པ་ཞིབ་མོ་ཐེམ་སྐས་འཛེགས་བཞིན་སློབས། །མཐར་ཐུག་རྫོགས་པ་ཆེན་པོའི་ཉམས་ལེན་ནི། །བླ་མའི་རྣལ་འབྱོར་མི་འབྲལ་བསྟེན་པ་གནད། །དང་པོ་ཞི་གནས་སྦྱངས་པས་རྣམ་རྟོག་ཞི། །ཤེས་པ་རྣལ་དུ་གནས་ལ་དབང་འབྱོར་ཚེ། །ལྷག་མཐོང་སྦྱངས་པས་བདེན་པ་ལྷག་གེར་མཐོང་། །དེ་ཡང་རྟོག་བཅས་སེམས་འདི་དཔྱད་ནས་བཙལ། །འདི་ཞེས་མ་རྙེད་ངོ་བོ་སྟོང་བ་ཡིན། །རྟོག་མེད་རིག་པའི་སྟོང་ཆ་བོན་གྱི་སྐུ། །སྟོང་ཆད་མིན་པའི་གསལ་ཆ་ལོངས་སྐུ་ཡིན། །གསལ་སྟོང་ཟུང་འཇུག་སྤྲུལ་སྐུར་ངོ་སྤྲད་དོ། །སྐུ་གསུམ་གཞན་ན་མེད་པར་རང་རིག་ངོར། །ལྷུན་གྱིས་གྲུབ་པས་བདེ་གཤེགས་སྙིང་པོའམ། །རང་འབྱུང་ཡེ་ཤེས་ཡང་དག་ངོས་ཟིན་དགོས། །ངེས་པར་ཤེས་པས་ངེས་ཤེས་རྒྱུན་བསྐྱངས་ན། །རྫོགས་པ་ཆེན་པོའི་ལམ་གྱི་ཉམས་ལེན་ཡིན། །རྫོགས་ཆེན་ལ་ཡང་སེམས་སྡེ་ཀློང་སྡེ་དང་། །མན་ངག་སྡེ་བ་གསུམ་དུ་ཡོད་པ་ལ། །རྩ་རྒྱུད་ཡན་ལག་ལུང་དང་མན་ངག་སོགས། །རྒྱུད་སྡེ་རྣམ་གྲངས་མང་དུ་གསུངས་ན་ཡང་། །རྫོགས་ཆེན་སེམས་སྡེ་མན་ཆད་སེམས་ལམ་བྱེད། །དཔེར་ན་རྣམ་རྟོག་བཟང་ངན་གང་ཤར་ཡང་། །དེ་ཡི་ངོ་བོར་ཅེར་བལྟས་སྟོང་སང་ངེ། །རྟོག་པས་མ་གནོད་བདེ་ཞིང་ལྷག་གེར་གསལ། །བདེ་སྟོང་གསལ་གསུམ་མི་འབྲལ་རྒྱུན་དུ་སྐྱོངས། །མན་ངག་སྡེ་བས་རིག་པ་ལམ་དུ་བྱེད། །རྣམ་རྟོག་གང་ཤར་རིག་མཁན་རང་ངོ་ལ། །རིག་པས་བལྟས་པས་བལྟ་བྱ་ལྟ་མཁན་གཉིས། །དབྱེ་རུ་མེད་པས་ཀུན་བཟང་རང་ཞལ་མཐོང་། །དེ་ལས་ལྷག་པའི་ཟབ་ལམ་མེད་ཅེས་གསུངས། །དེ་ལ་སྐབས་འགར་མན་ངག་སྙིང་ཐིག་བཏགས། །ཀློང་སྡེ་བ་ཡིས་གཉིས་ཀ་ལམ་དུ་བྱེད། །རྣམ་རྟོག་ཅི་ཤར་སེམས་ཀྱི་ངོ་བོར་བལྟ། །ཡང་ན་སེམས་ཉིད་རིག་པའི་རང་ངོར་བལྟ། །གཉིས་ཀ་གང་ཡང་རུང་བར་ཉམས་སུ་ལེན། །མདོར་ན་ཆགས་སྡང་རྟོག་པ་ཅི་ཤར་ཡང་། །བརྩོག་ཏུ་མི་བལྟ་རང་ངོ་སྐྱོང་བ་གནད། །ཉོན་མོངས་དབང་དུ་མི་གཏོང་སྤང་དུ་མེད། །ཐུག་ཕྲད་ལམ་དུ་སློང་ནུས་དེ་ཡིས་གྲོལ། །དཔེར་ན་མེ་ལ་བུད་ཤིང་བསྣན་པ་ན། །མེ་སྟོབས་ཆེ་རུ་འགྲོ་བ་དེ་བཞིན་དུ། །རྣམ་རྟོག་དུག་ལྔ་ཡེ་ཤེས་ངང་དུ་གསལ། །བུད་ཤིང་ཟད་ཚེ་མེ་ཡང་ཟད་པ་བཞིན། །འཁྲུལ་རྟོག་ཟད་ན་གཉེན་པོ་ཉིད་ཀྱང་ཞི། །བློ་ཟད་བོན་ཟད་ཅེས་པ་དེ་ཡིན་ནོ། །དེ་ལྟར་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་བསྟེན། །དེ་ཡང་བླ་མ་དམ་པའི་ཞལ་ལུང་བཞིན། །ནང་པར་གཉིད་ལས་སད་ཚེ་ལང་མ་ཐག །རྣམ་རྟོག་བྱ་བྱེད་དབང་དུ་མ་འདྲེས་པར། །སྙིང་དབུས་བླ་མ་སྤྱི་བོར་གསལ་གདབ་ནས། །སྐྱབས་སེམས་གསོལ་འདེབས་གནད་དུ་འགྲོ་བར་བྱ། །རྩ་རླུང་ཉམས་ལེན་དག་ཀྱང་བྱ་འདོད་ན། །རྩ་གསུམ་གསལ་གདབ་རླུང་རོ་དགུ་ཕྲུགས་བསལ། །དེ་ནས་འཇུག་པ་ཨཱོྃ་དང་གནས་པ་ཨ། །འཕེན་པ་ཧཱུཾ་གི་རང་བཞིན་ཅན་གྱི་རླུང་། །ཁུག་པ་བདུན་ནམ་ཉེར་གཅིག་གང་ནུས་སྦྱངས། །དེ་ཡིས་ཉིན་པར་རླུང་གི་རྒྱུ་བ་རྣམས། །སྒྲ་གྲག་སྔགས་ཀྱི་འགྱུར་ཁྱད་ནུས་པ་ཆེ། །སྤྱོད་ལམ་ཀུན་ལ་རང་སེམས་རྒྱ་ཡན་དུ། །མི་གཏོང་དྲན་ཤེས་བསྟེན་ལ་གོང་བཤད་ལྟར། །སེམས་རིག་སྐྱོང་བའི་ཉམས་ལེན་དང་འབྲེལ་ན། །རྫོགས་ཆེན་ཉམས་སུ་ལེན་པའི་རྣལ་འབྱོར་བ། །མིང་ཙམ་མ་ཡིན་དོན་ལ་གནས་ཞེས་གསུངས། །སྔོན་དུ་ཀུན་སློང་བྱང་ཆུབ་སེམས་ཀྱིས་ཟིན། །དངོས་གཞི་དམིགས་མེད་ཡང་དག་སྟོང་ཉིད་སྒོམ། །རྗེས་སུ་འཁོར་གསུམ་བདེན་མེད་བསྔོ་བ་དང་། །སྨོན་ལམ་ཡོད་ན་དམ་པ་གསུམ་དང་ལྡན། །དེ་ཡིས་ཚོགས་རྫོགས་དོན་གཉིས་མྱུར་འགྲུབ་བཞེད། །དགུང་མོའང་སྔར་ལྟར་འཇུག་གནས་འབྱིན་གསུམ་རླུང་། །ཨཱོྃ་ཨ་ཧཱུཾ་སྦྱར་རླུང་ཁུག་བདུན་ཕྲག་གམ། །ཅི་ནུས་བཟུང་ལ་མཚན་མོར་རྒྱུ་བའི་རླུང་། །དེ་ལྟར་མོས་པས་ཉི་ཁྲི་ཆིག་སྟོང་དང་། །དྲུག་བརྒྱ་རྒྱུ་བ་སྔགས་སུ་འགྱུར་བས་ཟབ། །ཉལ་ཁར་སྤྱི་བོའི་བླ་མ་སྙིང་དབུས་སྒོམ། །བླ་མའི་ཐུགས་དང་རང་རིག་དབྱེར་མེད་དུ། །ཆུ་ལ་ཆུ་བཞག་ལྟ་བུར་རྟོག་མེད་ངང་། །གཉིད་དུ་སོང་ན་རྨི་ལམ་འོད་གསལ་ཟིན། །དགོས་པ་རྒྱ་ཆེན་ཡོད་པས་བརྩོན་པ་བསྐྱེད། །དེ་ལྟར་བླ་མའི་ཞལ་རྒྱུན་བདུད་རྩིའི་བཅུད། །སྣོད་ལྡན་སློབ་མའི་བུམ་པར་ལེགས་བསྐྱིལ་ན། །དད་གུས་དག་སྣང་ངང་ནས་དང་དུ་ལོངས། །འདི་བྲིས་དགེ་བས་རང་གཞན་ཐམས་ཅད་ཀུན། །འདི་ཕྱིར་ཕན་བདེ་འབྱུང་བའི་རྒྱུར་གྱུར་ཅིག ། ཅེས་པ་འདི་ཡང་སྣང་རའི་མཚོ་ཁ་ནས་རང་སློབ་དབང་ཆེན་རྒྱལ་ཞེས་པས། བྲི་གཞིའི་ཤོག་གུ། གོས་བཟང་གསེར་མདོག ལྷ་དར་ཟུར་དུ་རིང་བ་བཅས་རྟེན་འབྲེལ་ལོ་སར་ལེགས་སྐྱེས་སོགས་ཕུལ་ནས་བསྐུལ་བར། ཆོས་རྗེ་བོན་བརྒྱ་བའི་སྐྱེ་མིང་འཛིན་པ་ཁྱུང་དཀར་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའམ་གཞན་ཕན་འགྱུར་མེད་ཀུན་བཟང་རྒྱ་མཚོས་བློ་ངོར་ཡོད་པ་རྣམས་ཉུང་བསྡུས་སུ་བཀོད་ནས་བོན་བརྒྱ་བླ་བྲང་གི་རྩེ་མཆོག་གསུམ་མཆོད་པའི་ལྷ་ཁང་གི་གཡས་ཟུར་གསུང་རབ་ཁང་ནས་བྲིས་པ་དགེའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།