གཡུང་དྲུང་བོན་གྱི་ཡིག་ཆ་གོང་འོག་བར་གསུམ།

གཡུང་དྲུང་བོན་གྱི་ཡིག་ཆ་གོང་འོག་བར་གསུམ།
དགེ་བཤེས་ཉི་མ་དོན་འགྲུབ།

དེ་ཡང“ཚད་གསུམ་ཟུང་དུ་མ་འབྲེལ་ན། སྟོན་པའི་བཀའ་མིན། བདེན་གཉིས་དོ་རུ་མ་མཉམ་ན། གཡུང་དྲུང་གི་བོན་མིན།”ཞེས་བསླུ་མེད་ལུང་གིས་ཡང་ནས་ཡང་དུ་བསྔགས་པ་ལྟར། ཟབ་ཅིང་རྒྱ་ཆེ་བའི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ་ཆ་མཚོན་ན། སྤང་ལམ་གཙོ་བོར་སྟོན་པ་མདོ་ཡི་གཞུང་དང། བསྒྱུར་ལམ་གཙོ་བོར་སྟོན་པ་སྔགས་ཀྱི་གཞུང། གྲོལ་ལམ་གཙོ་བོར་སྟོན་པ་སེམས་ཕྱོགས་ཀྱི་གཞུང་བཅས་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཆེ་ཁག་གསུམ་དང། སྟོན་པ་སངས་རྒྱས་ཉིད་ཀྱིས་གསུངས་པའི་བཀའ་ལ་ཡང། ནང་གསེས་གྱི་ཚན་པ་བཅུ་གསུམ་དང། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལ་ཡང་སངས་རྒྱས་ཀྱི་བསྟན་པ་རྣམ་གསུམ་རྗེས་བཞག་གི་གནས་ཁྱད་པར་ཅན་གསས་ཁང་དཀར་ནག་བཀྲ་གསལ་དུ་བཞུགས་པ་བྱེ་མའི་ལ་ཙམ་དང། རང་ཅག་ཁ་བ་རི་པའི་ལྗོངས་སུ་བཞུགས་པ་གླེགས་བམ་བརྒྱ་དང་བཅུ་ཕྲག་བརྒྱད་ལ་ཉེ་བའི་གྲངས་ལྡན་དང། རྗེས་སུ་འཛིན་པའི་ལུང་ཟིན་གྱི་སྐྱེས་བུ་དག་གིས་མཛད་པའི་གསུང་རབ་ཀྱི་དགོངས་འགྲེལ་བསྲེགས་དཔྱད་བརྡར་བའི་གསེར་བཞིན་བསྟན་པའི་གསལ་བྱེད་དུ་གྱུར་པའི་གླེགས་བམ་བརྒྱ་ཕྲག་གསུམ་ལས་བརྒལ་བ། གཞན་ཡང་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་གསལ་བ་ལྟར་ན། མདོ་མཛོད་འདུལ་བ་ཚད་མ་རྣམ་འགྲེལ་བཞི། བླ་མེད་ཤེས་རབ་ཕར་ཕྱིན་ཐེག་པ་ལྔ། ཞེས་གཞུང་ལུགས་པོད་ཆེན་ལྔ་དང། དེ་དག་གི་སྟེང་སྔགས་ཀྱི་གཞུང་ཆེན་མནན་པས་པོད་ཆེན་དྲུག་པོ་དེ་དག་ང་ཚོས་ལུང་རིགས་ཀྱི་གནད་ལ་བརྟེན་ནས་དང་ཐོག་ཤེས་པར་བྱ་དགོས་པ་ཡིན་ནོ། གཉིས་པ་ཤེས་ནས་ཉམས་སུ་ལེན་པའི་བསྟན་པ་འཛིན་པའི་སྐྱེས་བུ་ལ་ཡང། སྔོན་བྱོན་རྒྱལ་བ་དགོངས་རྒྱུད་ནས་བཟུང་ཕྱི་དར་རྒྱལ་བ་བྲུ། དབང་ལྡན་ཞུ། གྲུབ་ཐོབ་སྤ། མཁས་པ་རྨེའུ། གདུང་འཛིན་གཤེན། དམ་པ་ཁྱུང་བཅས་ཀྱི་བསྟན་འཛིན་གྱི་སྐྱེས་བུ་བགྲང་གི་མི་ལོང་བ་ཞིག་བསམ་བཞིན་སྲིད་པར་བྱོན་པ་དེ་དག་ཀྱང། རིགས་ཀྱི་བསྡུས་ན། བསྟན་པ་འཆད་ཉན་གྱི་ལམ་ནས་སྐྱོང་བ་མཚན་ཉིད་པའི་སྡེ་དང། བསྟན་པ་སྒོམ་སྒྲུབ་ཀྱི་ལམ་ནས་སྐྱོང་བ་སྒྲུབ་ཞུགས་པའི་སྡེ་པ་དང་གཉིས་ཀྱི་ཁོངས་སུ་འདུ་བར་སེམས། བསྟན་པ་ཚུལ་བཞིན་སྐྱོང་བ་དང་སྤེལ་བའི་དབང་དུ་བྱས་ན་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་ཞུགས་པའི་མཚན་ཉིད་ཀྱི་ལམ་ལུགས་མཆོག་ཏུ་གྱུར་པ་ཞིག་ཡིན་ལ། བསྟན་པ་ཚུལ་བཞིན་འཛིན་པའི་དབང་དུ་བྱས་ན་བདག་དོན་དུ་ཐོས་བསམ་སྒོམ་གསུམ་དང་འབྲེལ་བའི་སྒྲུབ་རྒྱུད་ཉམས་ལེན་གྱི་སྡེ་པ་མཆོག་ཏུ་བསྔགས་པར་འོས་པ་ཡིན། དེ་གཉིས་ཟུང་དུ་འབྲེལ་ནུས་པའི་སྐྱེས་བུ་ཆེན་པོ་དེ་དག་ནི་ཨེ་མ་ངོ་མཚར་ཆེ་བའི་མཁས་གྲུབ་གཉིས་ལྡན་གྱི་སེམས་དཔའ་ཆེན་པོ་སྟེ་བོན་གྱི་རྒྱལ་མཚན་འཛིན་པའི་གྲངས་འཛིན་གྱི་ཁོངས་སུ་གཏོགས་པའོ། སྐབས་འདིར་གླེང་བར་བྱ་བ་ནི། རྒྱུ་འབྲས་རྣམ་པར་འབྱེད་པའི་མདོ་ལས། འཆད་པས་མི་ནུབ་བསྟན་པའི་རྒྱལ་མཚན་འཛུགས། རྩོད་པས་བསྟན་པའི་རུ་དར་མཁའ་ལ་ཕྱར། རྩོམ་པས་བསྟན་པའི་སྒྲོན་མེ་ཡོངས་ལ་འདེགས། དེ་གསུམ་ཟུང་འབྲེལ་བསྟན་པའི་རྒྱལ་མཚན་ཏེ། དེ་ཕྱིར་བསླབ་པ་དག་ལ་རབ་ཏུ་གུས། ཞེས་དང། རྗེ་བཙུན་ཡར་འབྲོག་པས། མཁས་བཙུན་བཟང་གསུམ་གྱི་སྒོ་ནས་འཆད་ཉན་བྱེད་པ་འདི་ཉིད་བསྟན་པའི་དངོས་གཞི་རུ་གསུངས་པ་དང། འདི་ཡོད་བསྟན་པ་ཡོད་པ་ཡིན། ཞེས་དང། སྙིགས་དུས་ཀྱི་རྒྱལ་བ་གཉིས་པས། རྩོད་པ་ཁྱད་པར་ཅན་གྱི་མ་ཟིན་པའི་གང་ཟག་ལ་ཡང་དག་པའི་དོན་སྤྱི་འཆར་བ་དཀའ་སྟེ་ལོང་བ་ལྷ་ཁང་དུ་ཕྱིན་པའི་ལག་ཏུ་རྫས་ཁྲ་བོ་གཏད་པ་བཞིན་ནོ། ཞེས་དང། མདོ་སྔགས་ཀུན་མཁྱེན་ཉི་མའི་དབང་པོ་མཆོག་གིས། རྩོད་པའི་རྒྱ་མཚོ་གཏིང་ཟབ་བརྒལ་མིན་ན། འཆད་པ་རིན་ཆེན་གླིང་དུ་མི་ཕྱིན་པས། རྩོམ་པ་ནོར་བུའི་མཛོད་ལ་སྤྱོད་བྱ་ཅི། དེ་ཕྱིར་ཀུན་གྱི་ཚུལ་འདིར་འཇུག་པར་རིགས། ཞེས་གསུངས་པ་དེ་ལྟར་ན། གདན་ས་འཛིན་ཞིང་འདུས་སྡེ་སྐྱོང་སྟེ་བསྟན་པའི་གཞུང་ཤིང་འཛིན་པ་ལ་འཆད་ཉན་གྱི་རིམ་པ་མེད་དུ་མི་རུང་བ་ཞིག་ཡིན་པ་མངོན་སུམ་ཚད་གྲུབ་ཡིན་པས་སྒྲུབ་བྱེད་ཀྱི་ངལ་བ་ཅི་ལ་དགོས་ཏེ་མི་དགོས་སོ། མཐོ་སྒང་བོད་ཀྱི་ལྗོངས་སུ་ཡ་ཐོག་བསྟན་པ་སྔ་དར་གྱི་དུས་རིགས་པ་སྨྲ་བའི་བསྟན་འཛིན། ཁྱད་པར་མཚན་ཉིད་ཀྱི་བོན་ལ་མངའ་བསྙེམས་པའི་བླ་ཆེན་དྲན་པ་ནམ་མཁའ་དང། བསྭེ་བོན་ཤ་རི་དབུ་ཆེན། སྙ་ཆེན་ལི་ཤུ་སྟག་རིང་སོགས་བསྟན་འཛིན་སྒྱུ་སྐར་གྱི་འཕྲེང་བ་ལྟར་རིམ་པར་བཞད་པ་མཁས་གྲུབ་དེ་རྣམས་ཀྱིས་མཛད་པའི་ཆེས་རྨད་དུ་བྱུང་བའི་གསུང་རྩོམ་དེ་དག་གི་བདེན་དཔང་ར་སྤྲོད་བྱས་ཟིན་པ་ཡིན། བསྟན་པ་ཕྱི་དར་གྱི་སྐབས་རིགས་པ་སྨྲ་བའི་སེང་ཆེན་བླ་མ་གཤེན་ཆེན་པོའི་མཚན་ཉིད་ཀྱི་བཀའ་བབས་བུ་ཆེན་བྲུ་ཤ་ཁྱུང་གི་རྒྱལ་མཚན་དང། སེམས་ཕྱོགས་ཀྱི་བཀའ་བབས་བུ་ཆེན་ཞུ་ཡས་ལེགས་པོ། སྔགས་ཀྱི་བཀའ་བབས་བུ་ཆེན་སྤ་སྟོན་དཔལ་མཆོག་བཟང་པོ། གསུང་རབ་ཁམས་ཆེན་གྱི་བཀའ་བབས་བུ་ཆེན་ཅོག་ལ་གཡུ་སྐྱིད་བཅས་ཡིན། རིགས་པ་སྨྲ་བའི་སྐྱེས་བུའི་ཁོངས་དམུ་རྒྱལ་གཤེན་གྱི་རིགས་རྒྱུད་འཛིན་པ་གཤེན་སྟོན་ནམ་མཁའ་རྒྱལ་མཚན་དང་གཤེན་གསུང་ཆེན་པ་ཀུན་མཁྱེན་ཡེ་ཤེས་བློ་གྲོས་སོགས་བྱུང། དུས་ཕྱིས་གྲུབ་མཐའ་བཅུ་དྲུག་འཛིན་ཞིང་རང་གཞུང་གི་དཀྱིལ་འཁོར་སྟོང་དང་དྲུག་བརྒྱའི་མངའ་བདག་དམུ་རྒྱལ་རྣལ་འབྱོར་ཉི་མ་རྒྱལ་མཚན་མཆོག་ཏུ་གྱུར། རྒྱལ་བ་བྲུའི་རིང་ལུགས་འཛིན་པ་གཡས་རུའི་རིགས་པ་སྨྲ་བའི་སྟོན་པ་བཅོ་བརྒྱད་དང། དུས་ཕྱིས་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་རྗེ་བཙུན་སྨན་རི་བ་གཙོས་པའི་སྨན་རིའི་མཁན་རབས་རིམ་བྱོན་རྣམས་མཆོག་ཏུ་བསྔགས་པར་འོས། དབང་ལྡན་ཞུ་ཡི་ཁོངས་ཞུ་ཡས་ལེགས་པོའི་རྗེས་འཛིན་ཞུ་སྐྱེ་སེ་ཆེན་པོ་དང་སྲས་སྒྲོལ་བ་གཤེན་རྒྱལ་ཡབ་སྲས་གཉིས་གཙོ་བོར་འཛིན་སྲོལ་ཡོད། དམ་པ་དེ་གཉིས་ཀྱི་རྗེས་སུ་འཛིན་པའི་སྐྱེས་ཆེན་སྨྲ་བའི་སེང་གེ་འགྲན་པའི་ཟླ་མཐའ་དག་དང་བྲལ་བ་རྗེ་བཙུན་ཆེན་པོ་མེ་སྟོན་ཤེས་རབ་འོད་ཟེར་མཆོག་དང་གཤེན་སྟོན་ནམ་མཁའ་རྒྱལ་མཚན་རྣམ་གཉིས་ཡིན། གཞན་ཡང་མཚུངས་མེད་མཁས་གྲུབ་ཆེན་པོ་བོན་གྱི་རྒྱལ་མཚན་མཁའ་ལ་འཕྱར་ནུས་པ་སྐྱབས་གྱི་སྟོན་པ་རིན་ཆེན་འོད་ཟེར་མཆོག་དང། ཞང་སྟོན་བསོད་ནམས་རིན་ཆེན། དུས་ཕྱིས་སྒ་རིགས་ཀྱི་སྟོན་པ་ཚུལ་ཁྲིམས་རྒྱལ་མཚན་སོགས་སྒྲུབ་དང་སུན་འབྱིན་གྱི་གནས་ལ་མངའ་བསྙེམས་པའི་མཁས་གྲུབ་ཆེན་པོ་འགའ་ཞིག་ཀྱང་བྱུང་བའོ། མཁས་པ་རྨེའུ་ཚང་གི་ཁྲོད་རྨེའུ་སྟོན་ལྷ་རི་གཉེན་པོ་དང་རྨེའུ་མཁས་པ་དཔལ་ཆེན་རྣམ་གཉིས་གཙོས་རྨེའུ་ཚང་གི་རིགས་པ་སྨྲ་བའི་སློབ་དཔོན་བསམ་གྱིས་མི་ཁྱབ་པ་ཞིག་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་མགུལ་རྒྱན་དུ་རྣམ་པར་མཛེས་ཤིང་བཞུགས་སོ། གཡས་རུ་དབེན་ས་ཁ་དང། རྨེའུ་བཟང་པོ་རི། ཞུ་དབང་ལྡན་ལྷུན་གྲུབ་སྒང། གཤེན་དར་ལྡིང་དང་བཞི་ལ་གྲྭ་ས་ཡ་བཞིར་གྲགས་ཀྱང། མཁས་པ་རྨེའུ་ཚང་དང། རྒྱལ་བ་བྲུའི་གདན་ས་རྣམ་གཉིས་ནི་བསྟན་པ་ཕྱི་དར་གྱི་དུས་ཆེས་སྔ་བའི་རིགས་པ་སྨྲ་བའི་འདུས་སྡེ་ཆེ་ཤོས་གཉིས་པོ་དེ་ཆགས་ཡོད། འདུས་སྡེ་ཆེན་པོ་དེ་གཉིས་ལ་རིགས་པ་སྨྲ་བའི་སློབ་གཉེར་བ་མཁས་པ་རྨེའུ་ཚང་ལ་བརྒྱ་ཕྲག་ལྔ་ལ་ཉེ་བ་དང། རྒྱལ་བ་བྲུ་ལ་བརྒྱ་ཕྲག་བཞི་བཅུ་ལ་ཉེ་བ་ཡོད་པའི་ཤོད་སྲོལ་ཡོད། སྦྱངས་བྱའི་ཡིག་ཆ་གཙོ་བོ་གབ་མཛོད་ས་གསུམ་དང་དབུ་ཚད་ཕར་གསུམ་ཡིན། དེར་མ་ཟད་གྲྭ་ས་དེ་གཉིས་པོ་ལ་རང་རང་གི་ཐུན་མོང་མ་ཡིན་པའི་དགག་བཞག་སྤོང་གསུམ་གྱི་རིམ་པ་དང། ལུང་རིགས་ཀྱི་འཛིན་མཚམས་བཅས་ཡོད་པ་མ་ཟད། སྦྱངས་པ་མཐའ་རུ་སོན་ནས་གདན་ས་འཛིན་པའི་སྐབས་གཡས་རུ་དབེན་ས་ཁར་སྟོན་པ་བཞེངས་པའི་སྲོལ་དང། རྨེའུ་བཟང་པོ་རིར་སློབ་དཔོན་བཞེངས་པའི་སྲོལ་རྒྱུན་ཀྱང་ཡོད་དོ། ཕས་རྒོལ་གླང་པོ་སྟོང་གིས་ཀྱང་བསྐྱོད་པར་མི་ནུས་པའི་གཞུང་དོན་གྱི་ཟབ་གནད་བདེ་བླག་ཏུ་འགྲེལ་བའི་རིན་བྲལ་གྱི་གསུང་རྩོམ་བསམ་ཡུལ་ལས་འདས་པ་དག་ཀྱང་བཞུགས་སོ། འོན་ཀྱང་གནའ་རབས་ནས་བཟུང་དེང་རབས་ཀྱི་བར་འཆད་པ་བོན་གྱི་འཁོར་ལོ་དང། རྩོད་པ་བོན་གྱི་འཁོར་ལོ། རྩོམ་པ་བོན་གྱི་འཁོར་ལོ། སྒྲུབ་པ་བོན་གྱི་འཁོར་ལོ་སྟེ། བོན་འཁོར་རྣམ་པ་བཞི་ཡིས་རྒྱུན་བསྲིངས་ཤིང་བསྟན་པའི་སྲོག་ཤིང་དུ་གྲགས་པའི་བཤད་སྒྲུབ་འཁོར་ལོ་ཟུང་གི་རྒྱལ་བའི་བསྟན་མཆོག་འདི་ཉིད་རྩ་བརླག་ཏུ་མ་སོང་བར་ད་ལྟའི་བར་མུ་ཆགས་སུ་གནས་ཐུབ་པ་བྱུང་བ་ནི། རྒྱལ་བ་བྲུ་ཡི་རིང་ལུགས་ཀྱི་བསྟན་པའི་གཉེར་བཞེས་པའི་བརྒྱུད་འཛིན་གྱི་སྐྱེས་བུ་དེ་དག་གི་སྐུ་དྲིན་ཁོ་ནའོ། གཡས་རུའི་འདུས་སྡེ་ཆེན་པོ་འབྱུང་བའི་འགལ་རྐྱེན་གྱིས་འཇིགས་ནས་ཤིན་ཏུ་ཉམས་དམས་པར་གྱུར་པའི་ཚེ་རྒྱུད་གསུམ་འཛིན་པའི་མངའ་བདག་རྗེ་བཙུན་སྨན་རི་བས་རྒྱུད་པ་གསུམ་གྱི་གཞི་འཛིན། བཤད་སྒྲུབ་འཁོར་ལོ་ཟུང་གི་གཞུང་བསྲངས། དབང་ལུང་ཁྲིད་གསུམ་ཀྱི་སྦྲང་ཆར་ལེགས་པར་ཕབ་སྟེ། འཕྲུལ་སྒྲོན་རྣམ་ལྔ་བསྟན་པའི་རྒྱན་དུ་བསྕལ་བ་ནས་བཟུང། ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་བར་བཤད་སྒྲུབ་འཁོར་ལོ་ཟུང་གི་སྔར་ཡོད་ཀྱི་སྲོལ་རྒྱུན་བཟང་པོ་རང་སོར་གནས་ཏེ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་ས་བོན་ཏུ་གྱུར་པའོ། རྒྱུ་མཚན་དེ་དག་གི་ཕྱིར་ན་དམུ་གཤེན་ཉི་མ་རྒྱལ་མཚན་མཆོག་ལ་སྙན་དུ་བརྒྱུད་པའི་རིག་འཛིན་མཁའ་འགྲོའི་ལུང་བསྟན་བསྟོད་པ་རྣམ་རྒྱལ་ཁང་བཟང་ལས། རྒྱལ་བ་དགོངས་བརྒྱུད་མཁས་པ་མི་དགུ་དང། གདུང་རྒྱུད་བཅུ་གསུམ་མཁས་པ་མི་བཞི་དང། ལོ་པཎ་གཤེན་བརྒྱད་གཤེན་གྱེར་རྨ་དབྱིལ་དང། བྲུ་ཞུ་སྤ་རྨེའི་གཙུག་རྒྱན་རིན་པོ་ཆེ། ཞེས་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་ཞྭ་དཀར་རིང་ལུགས་འཛིན་པ་ཡོངས་ཀྱི་བསྟན་པའི་གཙུག་རྒྱན་དུ་མངའ་གསོལ་ཆེད་འདོན་མཛད་པ་ལ་དགོས་པ་ཁྱད་པར་ཅན་དེ་ལྟ་བུ་ཡོད་པས་རང་ཅག་བོན་འབངས་ཡོངས་ཀྱི་ཐུགས་དབུས་སུ་འཛིན་གལ་ཆེ་བ་ཡིན། ལོ་རྒྱུས་ཀྱི་ཡིག་ཚང་ནང་ཡོང་ཁྱབ་ལ་གྲགས་པ་ལྟར་ན་བོན་གྱི་གདན་ས་གོང་འོག་བར་གསུམ་ཞེས་གདན་ས་གོང་མ་དཔལ་ལྡན་སྨན་རི་དང། བར་པ་མཁར་རྣ་བསམ་གཏན་གླིང། འོག་མ་རབ་ལེགས་གཡུང་དྲུང་གླིང་ཅེས་སུ་གྲགས་པ་དེ་ཉིད་དོ། ད་ལན་འདིར་དགོས་དབང་གིས་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་དང། ༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱིས། འཕྲལ་ཕུག་རྒྱང་གསུམ་ལ་དམིགས་ཏེ། རང་ཅག་ལུང་རིགས་ཟུང་འབྲེལ་གྱི་ལམ་ནས་དགག་བཞག་སྤོང་གསུམ་གྱི་གཞི་བཟུང། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཁུར་བཞེས་པའི་མཚན་ཉིད་སློབ་གཉེར་བ་རྣམས་ལ་ཕན་པ་རྒྱ་ཆེན་པོ་ཡོང་བའི་དོན་ཆེད་དང། རང་སྣང་གང་ཤར་གྱིས་ཐོས་ཚད་བོན་དུ་གྱེར་ཞིང་ལུང་འདྲེན་སྣང་བ་ལ་བརྟེན་ནས་རྒྱ་ཆེ་བའི་གཞུང་ལུགས་ཀྱི་དགོངས་དོན་བདེ་བླག་ཏུ་རྟོགས་པར་མི་ནུས་པས་བློ་གྲོས་ཀྱི་སྒོ་འཕར་འབྱེད་པའི་འགལ་རྐྱེན་གྱི་རྒྱུ་རུ་གྱུར་པར་གཟིགས་པ་དང། ། བསྟན་པ་སྤྱི་ཡི་མཐའ་དཔྱོད་ཀྱི་སྡོམ་ཚིག་སོགས་ཐུན་མོང་གཅིག་བསྒྱུར་གྱི་ལུང་རིགས་ཀྱི་འཛིན་མཚམས་རྣམ་པར་དག་པ་ཞིག་བྱུང་ན་༸སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང། ཡང་སྒོས་རྒྱལ་བ་མཉམ་མེད་ཆེན་པོ་དང། ཀུན་མཁྱེན་ཟླ་བ་རྒྱལ་མཚན་ཟུང་གི་ལུང་རྟོགས་གཉིས་ཀྱིས་བསྡུས་པའི་མདོ་སྔགས་ཉི་ཟླ་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེར་ཞབས་འདེགས་ཀྱི་རྒྱུ་རུ་འགྲོ་བ་བཅས་ཀྱི་ཐུགས་བསྐྱེད་རྣམ་པར་དག་པས་ཉེ་བར་བསྐུལ་ཏེ། ༸ཞྭ་དཀར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རིགས་སྨྲ་བ་རྣམས་ལ་ཡིག་ཆ་གོང་འོག་བར་གསུམ་དུ་ཕྱེས་ནས་གཏན་ལ་ཕབ་པར་མཛད་པ་ཡིན་ནོ། ཡིག་ཆ་ཞེས་པ་འདི་ནི་རྒྱ་ཆེ་བའི་གཞུང་ལུགས་ཀྱི་དགོངས་དོན་དཀྲོལ་བྱེད་ཀྱི་ལྡེའུ་མིག་ལྟ་བུ་ཞིག་ཡིན་ལ། གཞུང་ལུགས་ཀྱི་གནད་ལ་ངེས་པ་བརྟན་པོ་འདྲེན་བྱེད་ཀྱང་ཡིན། ཡིག་ཆ་མེད་ན་ཐོས་ཚད་བོན་དུ་གྱེར་ནས་ལུང་འདྲེན་སྣང་བས་ལ་ཁའི་བྱ་སྒྲོ་ཇི་བཞིན་རང་ཚུགས་མི་ཐུབ་པའི་ཁར། རིག་པ་འཆལ་བའི་རྒྱུ་རུ་གྱུར་པ་ཡང་སྲིད་དོ།།

 གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་རིགས་པ་སྨྲ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་བོན་གྱི་སྤྱན་ལྡན་ཆེན་པོ་འ་ཞྭ་འགྲོ་མགོན་བློ་གྲོས་རྒྱལ་མཚན་མཆོག་གིས་མཛད་པའི་མཚན་ཉིད་གཞུང་ལུགས་དང་འབྲེལ་བའི་གསུང་རྩོམ་ ༡༽ཐེག་རིམ་གྱི་མཐའ་དཔྱོད་ཐེག་པ་ཆེ་ཆུང་གོང་འོག་རྣམ་པར་འབྱེད་པའི་གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན། ༢༽བར་དོ་གནད་དོན་བཞི་པ། ༣༽གགས་སེལ་གྱི་གདམས་པ་མུན་སེལ་སྒྲོན་མ། ༤༽སྔགས་ཀྱི་ལམ་རིམ་ཡོངས་རྫོགས་སྟོན་བྱེད་ཀྱི་གཞུང་རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན། ༤༽ཁྲོ་འགྲེལ་གསལ་བྱེད་ཉི་མའི་འཁོར་ལོ། ༦༽མདོ་སྡེ་གསར་རྙིང་ལུང་གི་དགོངས་པ་བདུན་ཚིགས་སྤྱི་དྲིལ་ཉམས་སུ་ལེན་ཐབས། ༧༽གསང་སྔགས་ལམ་གྱི་འཇུག་ཆོག་མུ་ཏིག་འཕྲེང་བ། ༨༽ཞི་བའི་རྒྱུད་ཉམས་ལེན་ལྔ་སྐོར་སེ་དཀར་གྱི་སྙན་རྒྱུད་ལ་ཡི་གེར་བཏབ་པ། ༩༽ཨ་ཁྲིད་ཐུན་མཚམས་སུམ་ཅུ་པ། ༡༠༽ས་ལམ་གྱི་མཐའ་དཔྱོད་ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེའུ་མིག ༡༡༽མན་ངག་ལུང་གི་ཚད་མ་དང་རྣམ་འབྱེད་འཕྲུལ་ལྡེ་སོགས་ཀྱི་མཐའ་དཔྱོད་ཚད་མའི་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིགས་པའི་གཏེར་མཛོད། ༡༢༽མཛོད་གནས་བཅུ་བདུན་གྱི་མཐའ་དཔྱོད་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་ཀླད་དོན་དང་ལུས་རྣམ་པར་བཞག་པའི་འགྲེལ་བ། ༡༣༽ཁྲོ་བོ་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་ཀྱི་འགྲེལ་བ་གསལ་བྱེད་འཕྲུལ་གྱི་མེ་ལོང་། ༡༤༽དབལ་གསས་ལས་རིམ་གྱི་གཞུང་དོན་འགྲེལ་བ་ཡིད་བཞིན་ནོར་བུ་བཅས་མདོར་ན་མཚན་ཉིད་ཀྱི་གཞུང་ལུགས་དང་འབྲེལ་བའི་གསུང་རྩོམ་ཐམས་ཅད་དོ།།
ཡིག་ཆ་བར་མ།
    སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་རྒྱུད་གསུམ་འཛིན་པའི་མངའ་བདག་རྗེ་བཙུན་སྨན་རི་བ་ཆེན་པོས་མཛད་པའི་ ༡༽ཕྱི་མཚན་ཉིད་སྡེ་ལྔའི་སྐོར་ལས་སྲིད་པ་ཀུན་འབྱུང་མཛོད་ཀྱི་སྡེ་ལ། མཛོད་འགྲེལ་ས་བཅད་འཕྲུལ་གྱི་སྒྲོན་མ་ས་བཅད་དང་བཅས་པ། ༢༽ཏིང་འཛིན་དག་པ་མདོ་ཡི་སྡེ་ལ་ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེའུ་མིག་དང། ས་ལམ་རྣམ་བཤད་འཕྲུལ་གྱི་སྒྲོན་མེའི་རྩ་འགྲེལ་གཉིས། ༣༽ཤེས་རབ་དག་པ་འབུམ་གྱི་སྡེ་ལ། ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་གྱི་རྩ་བ་ཁམས་བསྡུས་ཚིག་བཅད་མའི་འགྲེལ་བ་གསལ་བའི་སྒྲོན་མེའི་ས་བཅད་དང་བཅས་པ། ༤༽ཚུལ་ཁྲིམས་དག་པ་འདུལ་བའི་སྡེ་ལ། རྗེ་བཙུན་ཡར་མེ་བས་མཛད་པའི་འདུལ་བ་མདོར་བསྡུས་དང་ཀུན་བཏུས་གཉིས་ཀའི་འགྲེལ་བ་ས་བཅད་དང་བཅས་པ། ལས་ཆོག་རིན་ཆེན་ཐེམ་སྐས། ༥༽གཞལ་བྱ་དབུ་ཚད་རིག་པའི་སྡེ་ལ། དབུ་མ་བདེན་གཉིས་ཀྱི་འགྲེལ་བ་དང། ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་གཞུང་དང་རང་འགྲེལ། ༦༽བསྒྱུར་ལམ་སྔགས་ཀྱི་སྡེ་ལ། རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་དགོངས་དོན་གསང་སྔགས་ཀྱི་གནད་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ། གསང་བའི་དམ་ཚིག་གི་རྣམ་དབྱེ་གསལ་བ་འོད་ཀྱི་རྒྱན། ༧༽གྲོལ་ལམ་སེམས་ཕྱོགས་ཀྱི་སྡེ་ལ། བྱང་སེམས་གབ་པའི་འགྲེལ་བ་གསལ་བྱེད་ཉི་མའི་དཀྱིལ་འཁོར་ས་བཅད་དང་བཅས་པ་དེ་དག་གི་གཙོས་སྟོང་གི་སྤྱི་ཕུད་དུ་གྲགས་པ་དེས་མཛད་པའི་མཚན་ཉིད་དང་འབྲེལ་བ་མཆིས་སོ་ཅོག་མཐའ་དག་གོ།
ཡིག་ཆ་འོག་མ།
    སྨན་རིའི་མཁན་རབས་ཉེར་གཉིས་པ་མདོ་སྔགས་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོ་མཆོག་གིས་མཛད་པའི་ ༡༽སྔོན་འགྲོ་གཞུང་ཆེན་དག་གི་ཐོག་མའི་འཇུག་སྒོ་ཐུན་མོང་སྡུད་གྲྭའི་རྣམ་བཤད་རིག་པའི་བློ་སྒོ་འབྱེད་པའི་ལྡེའུ་མིག་ཕས་རྒོལ་ལོག་ལྟ་འཇོམས་པའི་ཐོག་མདའ་གཤེན་བསྟན་པད་ཚལ་རྒྱས་པའི་ཉི་མ་ཞེས་བྱ་བའི་གཞུང་། ༢༽སྲིད་པའི་སྒྲོན་མེ་རྒྱལ་བའི་བཀའ་དང་བཀའ་བརྟེན་གྱི་རྣམ་བཤད་ཉུང་བསྡུས་རབ་གསལ་ཉི་འོད་ངོ་མཚར་འབུམ་ལྡན། ༣༽ཀུན་སྐྱོབས་བྱམས་མ་སྔགས་བསྟོད་ཀྱི་ཚིག་དོན་མདོ་ཙམ་བསྟན་པའི་སྡུད་འགྲེལ་ཐར་ལམ་ཐེམ་སྐས། ༤༽དགེ་སྤྱོད་འཕགས་ནོར་བདུན་གྱི་ནང་ཚན་སྐྱབས་འགྲོའི་རྣམ་བཤད་ཉུང་བསྡུས་རབ་གསལ་ཉི་འོད། ༥༽ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་གཉིས་པའི་མོས་སྤྱོད་ཡན་ཀུན་མཁྱེན་མཆོག་གིས་མཛད་པ་ཁག་དང་སྐབས་གཉིས་པའི་མོས་སྤྱོད་ནས་སྐབས་བརྒྱད་པ་ཡན་གསུང་གིས་གནང་བ་བྱིན་ནས་སློབ་དཔོན་རྣམ་དག་འོད་ཟེར་གྱིས་ལེགས་པར་གཏན་ལ་ཕབ་པའི་ཕར་ཕྱིན་གྱི་གཞུང་འགྲེལ་ཆེན་མོ། ༦༽སྲིད་པའི་སྒྲོན་མེ་རྒྱལ་བའི་བཀའ་དང་བཀའ་བརྟེན་གྱི་དཀར་ཆག་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད། ༧༽རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བར་གྲགས་པ་དེ་དག་གི་གཙོས་མཚན་ཉིད་ཀྱི་གཞུང་ལུགས་དང་འབྲེལ་བའི་གསུང་རྩོམ་ཀུན་མཁྱེན་མཆོག་གིས་མཛད་པ་མཐའ་དག་ཡིན་ནོ། སྤང་ལམ་མདོ་ཡི་དབང་དུ་བྱས་ནས་རིགས་ལམ་གྱི་བརྒལ་བརྟགས་འདྲེན་སྐབས་གོང་གི་ཡིག་ཆ་གོང་འོག་བར་གསུམ་ལས་གཞན་པའི་ལུང་འདྲེན་གནང་སྲོལ་མེད། བསྒྱུར་ལམ་སྔགས་དང་གྲོལ་ལམ་སེམས་ཕྱོགས་སྐོར་དགག་བཞག་སྤང་གསུམ་གནང་སྐབས་སྟོན་པ་ཀུན་ཏུ་བཟང་པོས་མཛད་པའི་སྔགས་སེམས་ཀྱི་བཀའ་ཕུན་སུམ་ཚོགས་པ་སྤྱི་དང་། རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས། ཡ་ཐོག་ཞང་བོད་ཀྱི་ལོ་པཎ་ཆེན་པོ་བླ་ཆེན་དྲན་པ་ནམ་མཁའ་དང་། ལི་ཤུ་སྟག་རིང། ཤ་རི་དབུ་ཆེན་རྣམས་ཀྱིས་མཛད་པའི་སྔགས་སེམས་ཀྱི་འགྲེལ་དང་ཆ་ལག་ཁག བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་དང་། རྗེ་བཙུན་མཉམ་མེད་ཆེན་པོ། ཀུན་མཁྱེན་ཉི་མའི་དབང་པོ་སོགས་ཀྱིས་མཛད་པ་རྣམས་ལས་ལུང་འདྲེན་གནང་སྲོལ་ཡོད་དོ།།
ཟུར་སྦྱོང་དཔེ་བལྟ།
མདོ་སྔགས་སེམས་གསུམ་གྱིས་མཚོན་གཞུང་ལུགས་པོད་ཆེན་དྲུག་ལ་མཁས་པར་གྱུར་པའི་གནའ་དེང་གི་བོན་གྱི་གཞུང་ལུགས་རབ་འབྱམས་པ་གཞན་རྣམས་ཀྱིས་མཛད་པའི་འགྲེལ་དང་ཆ་ལག་རྣམས་ལ། རྣམ་དཔྱོད་བློ་གྲོས་ཀྱི་སྒོ་འཕར་འབྱེད་པའི་སླད། རྟོག་དཔྱོད་དང་དཔེ་བལྟ་ཟུར་སྦྱོང་བཅས་གནང་འོས་ཀྱང་ཡིག་ཆར་འཛིན་ནས་ལུང་འདྲེན་གནང་བའི་ལམ་སྲོལ་མེད་དོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།