ཞྭ་བཤད་པི་ཝཾ་དྲུག་འགྱུར་ཞེས་བྱ་བ་བཞུགས་སོ། །

ཞྭ་བཤད་པི་ཝཾ་དྲུག་འགྱུར་ཞེས་བྱ་བ་བཞུགས་སོ། །
དྲན་པ་ནམ་མཁའ།
1959411001

      ༄༅། ། ༧ གཡུང་དྲུང་བོན་ལ་ཕྱག་འཚལ་ལོ། ༧ བླ་ཆེན་དྲན་པ་ནམ་མཁའ་ངས། །མ་འོང་སྒྲུབ་པ་དང་སྤྲོ་བ། །གྲུབ་མཐའ་མཆོལ༼འཆོལ༽དུ་མི་སྤྱོད་ཕྱིར། །བོན་གྱི་ཞྭ་དཀར་བཤད་པ་ལ། །ལེགས་བཤད་པི་ཝཾ་དྲུག་འགྱུར་ཞེས། །ཞྭ་ཞེས་བྱ་བའི་མཚན་ཉིད་ནི། །ཞྭ་འདི་གྱོན་པའི་སྒྲུབ་གཤེན་ལ། །ཞི་ཁྲོ་རིག་འཛིན་མཁའ་འགྲོ་དང་། །གཡུང་དྲུང་བོན་གྱི་ལྷ་ཚོགས་རྣམས། །ལུས་དང་གྲིབ་བཞིན་འཁོར་ནས་ཀྱང་། །བདུད་སྲིན་བག་ལ་ཞ་བའི་ཞྭ། །ཞྭ་མོ་འདི་ཡི་གཟི་བརྗིད་ཀྱིས། །གཡུང་དྲུང་བོན་ལ་ལོག་པ་དང་། །གྲུབ་མཐའ་གཞན་ཚོ་ཟིལ་གྱིས་གནོན། །ཞྭ་འདི་ལས་ལེགས་པའི་ཞྭ་ནི་མེད། །དང་པོ་ཞྭ་འདིའི་བྱུང་༼འབྱུང་༽ཁུང་༼ཁུངས༽ནི། ། ༧ སྔོན་ཚེས༼ཚེ༽སྟོན་པ་གཤེན་རབ་ཀྱིས། །རྒྱུ་ཡི་བོན་བཞི་སྤྱོད་པ་ལ། །བཀའ་རྟགས་ཞྭ་འདིས་བསྟན་པ་བཞག །ཞྭ་ལ་ཐུགས་རྗེས་བྱིན་གྱིས་རླབས། །ཞྭ་དཀར་གངས་འོད་འབར་བ་གྲགས། །དེ་ནས་ཞྭ་འདི་ཅི་ལྟར་དར། །ནམ་མཁའ་སྣང་བ་མདོག་ཅན་གྱིས། །རྒྱལ་བོའི་ཆགས་ཉམས་བསྐང་བའི་དུས། །བོན་གཤེན་ཡོངས་ལ་ཞྭ་ཁྲལ་ཕབ། །མདོག་ཞྭ་སྣང་སྲིད་རྒྱན་རྫོགས་གྲགས། །དེ་ནས་སྲིད་གཤེན་འཕྲུལ་བུ་ཡིས། །སྲིད་གཤེན་བོན་ལ་སྤྱོད་ཅིང་གྱོན། །སྲིད་ཞྭ་བཀྲ་ཤིས་འབར་བ་གྲགས། །དེ་ནས་ཟིང་པ་མཐུ་ཆེན་གྱིས། །སྲིད་པའི་དལ་ཡམས་བཟློག་ཅིང་བསྣམས། །ཞྭ་ཆུང་དྲེགས་པ་དབང་སྡུད་གྲགས། །དེ་ནས་འདུལ་བོན་ལྷ་སྲས་གྱིས། །གྲི་གུམ་གྲི་སྲི་བཏུལ་ཞིང་བསྣམས། །རྒྱལ་སྲས་ཐོ་ལེགས་བཙན་པོ་ཡིས། །སྔགས་ཞྭ་བདུད་འདུལ་དཀར་པོ་གསོལ། །དེ་ནས་རྔམ་པ་ལྕེ་རིང་གིས། །མཁས་པའི་སྒྲ་ཚད་བརྩོད་༼རྩོད༽ཅིང་བསྣམས། །མཁས་ཞྭ་དཀར་པོ་རྩེ་རྒྱལ་གྲགས། །དེ་ནས་སྟོང་རྒྱུང་མཐུ་ཆེན་གྱིས། །སློབ་མ་སེ་སྡེ༼ལྡེ༽མེ་གསུམ་ལ། །གསང་སྔགས་དབང་བཞི་བསྐུར་ནས་གསོལ། །དབང་ཞྭ་ཁྱུང་གཤོག་ལྡིང་བར་གྲགས། །དེ་ནས་སྣང་བཞེད་ལོད་པོ་ཡིས། །མུ་མར་གསེར་ཙྭོ་སྒྲུབ་ཅིང་བསྣམས། །དབལ་ཞྭ་འབར་བ་རྩེ་གསུམ་གྲགས། །དེ་ནས་སུམ་པ་མུ་སྤྱོད་ཡིས༼ཀྱིས༽། །བོན་ཆོས་གྲུབ་རྟགས་བརྩོད༼རྩོད༽ཅིང་བསྣམས། །རྒྱ་མཚོ་དབལ་གཏུམ་མཁའ་ལ་འཁྱེར། །མཐུ་ཞྭ་སྲིད་གསུམ་ཟིལ་གནོན་གྲགས། །དེ་ནས་བླ་ཆེན་དྲན་པ་ངས། །འབུམ་ཆེན་ནམ་མཁའ་མཐོང་གསལ་༼གྱིས༽གྱི། །བཀའ་ལུང་གཏན་ལ་ཕབ་ཅིང་གྱོན། །མ་འོང་༼འོངས༽འགྲོ་ལ་བསྟན་པ་བཞག །ཞྭ་དཀར་རྒྱལ་མཚན་མངོན་གསལ་གྲགས། །མ་འོང༼འོངས༽སྒྲུབ་གཤེན་ཐམས་ཅད་ཀྱིས། །ཐེག་དགུ་ལས་བཞི་བསྲུང་བཟློག་བསད། །བསྙེན་སྒྲུབ་ལས་སྦྱོར་འཆད་བརྩོད༼རྩོད༽རྩོམ། །བོན་སྒོ་གང་ལ་སྤྱོད་ནའང་། །ཞྭ་དཀར་འདི་དང་མ་བྲལ་ཞིག །བོན་གྱི་དར་ཞྭ་དཀར་པོ་འདི། །སྔོན་གྱི་ཡུམ་སྲས་གཤེན་གསུམ་ནས། །ཕྱི་རབས་སྒྲུབ་གཤེན་ཡན་ཆད་ཀྱིས། །ཐུགས་རྗེས་བྱིན་གྱིས་བརླབས་མཛད་པས། །ཞྭ་འདིའི་བྱིན་རླབས་བསམ་མི་ཁྱབ། ། ༧ དེ་ནས་ཞྭ་ཡི་བརྡ་དོན་བཤད། །གཞི་མ་ཕྱིང་དཀར་བྱས་པ་ནི། །བོན་ཉིད་དྲི་མེད་ཀ་དག་བརྡ། །གཞི་ཉིད་ཡེ་སངས་རྒྱས་པའི་དོན། །ཕྱི་གཡོག་དཀར་པོ་བྱས་པ་ནི། །དབྱིངས་ལ་རང་བཞིན་ལྷུན་རྫོགས་བརྡའ། །ལམ་ལ་གྲོལ་སངས་རྒྱས་པའི་དོན། །བག་ཕྱེས་འདབས་ཀྱི་སྦྱར་བ་ནི། །དབྱིངས་ཀློང་འབྲལ་མེད་སྤྲུལ་བའི་བརྡའ། །འབྲས་བུ་མངོན་སངས་རྒྱས་པའི་དོན། །རྒྱབ་ཕྱོགས་ཚུར་ལ་གཞོལ་བ་ནི། །བོན་ལ་མོས་འདུས་སྟོན་པའི་བརྡའ། །དགྲ་དང་བགེགས་ལ་རྔམ་པའི་དོན། །མདུན་ཕྱོགས་དགྱེས་ཤིང་བརྗིད་པ་ནི། །འཁོར་བའི་ལས་ལ་བྲེད་པའི་བརྡ། །བསྟན་པའི་དབུ་འཕང་མཐོ་བའི་དོན། །རྩེ་ཕུག་སྟོང་བར་ཡོད་པ་ནི། །སྟོང་ཉིད་ཐེག་ཆེན་རྟོགས་པའི་བརྡའ། །འཁོར་འདས་དབྱིངས་སུ་རྫོགས་པའི་དོན། །དཔྲལ་བར་ནོར་བུ་རྩེ་གསུམ་ནི། །སྐུ་གསུམ་འདུ་འབྲལ་མེད་པའི་བརྡ། །ཐར་སྨིན་གྲོལ་གསུམ་དོན་འགྲུབ་དོན། །མཐའ་ཆར་ཕྱི་ནང་སྦྲག་༼སྦྲགས༽པ་ནི། །འཁོར་འདས་དབྱེར་མེད་མཉམ་པའི་བརྡའ། །བདག་གཞན་དོན་གཉིས་འགྲུབ་པའི་དོན། །གཡས་གཡོན་ཁྱུང་གཤོག་བརྐྱངས་འདྲ་བ། །སྲིད་གསུམ་སྤྱི་རྒྱ་གཅོད་པའི་བརྡའ། །སྟོང་གསུམ་འུབས་སུ་ཆུད་པའི་དོན། །མཐའ་གཡོག་དམར་པོ་བྱས་པ་ནི། །བསྟན་པ་མེ་ལྟར་འབར་བའི་བརྡའ། །མ་ཚོགས་སྤྲིན་ལྟར་འདུ་བའི་དོན། །སྟག་གཟིག་གཅན་སོགས་བརྒྱན་པ་ནི། །གསང་སྔགས་ཁྲོ་ཚོགས་རྫོགས་པའི་བརྡ། །སྲུང་མ་ལས་ལ་འཁོར་བའི་དོན། །མཐའ་རན་ནག་པོ་བྱས་པ་ནི། །བོན་ཉིད་འགྱུར་བ་མེད་པའི་བརྡ། །བདུད་སྲིན་བསྐལ་མཐར་སྐྲད་༼བསྐྲད༽པའི་དོན། །མགུར་ཆིང་སྔོ་ལྗང་འཕུར་མ་རློབས། །འགྲོ་དོན་ཕྱོགས་མེད་རྒྱས་པའི་བརྡ། །བྱིན་རླབས་ཆར་བཞིན་འབེབ་༼འབེབས༽པའི་དོན། །ཁ་དོག་ལྔ་ལྡན་རྒྱལ་མཚན་བཙུག༼བཙུགས༽། །བོན་བསྟན་ནུབ་པ་མེད་པའི་བརྡ། །འབྱུང་ལྔ་རང་དབང་ཐོབ་པའི་དོན། །ཁ་རན་གྱེན་ལ་བསྟན་པ་ནི། །ཁྱབ་རྒྱ་མཁའ་ལྟར་ཆེ་བའི་བརྡ། །ལྷ་གཤེན་ཁ་ལོ་བསྒྱུར་བའི་དོན། །ཚོན་སྐུད་སྣ་ལྔས་དཀྲིས་༼བཀྲིས༽པ་ནི། །ཡེ་ཤེས་སྐུ་ལྔ་རྫོགས་པའི་བརྡ། །དུག་ལྔ་ཉོན་མོངས་འདུལ་བའི་དོན། །གསེར་གྱི་གཡུང་དྲུང་བཀའ་རྟགས་འདི། །བོན་ལ་འགྱུར་ནུབ་མེད་པའི་བརྡ། །གཡུང་དྲུང་སྙིང་བོ་ཐོབ་པའི་དོན། །བརྡ་དོན་བཅྭོ༼བཅོ༽བརྒྱད་ཚང་པ༼བ༽ཡི། །བོན་གྱི་དར་ཞྭ་དཀར་མོ་འདི། །རིག་འཛིན་གོང་མའི་བཀའ་རྟགས་ཡིན། །གཤེན་རབ་བླ་མའི་བླ་རྟགས་ཡིན། །གཡུང་དྲུང་བོན་གྱི་བརྡ་རྟགས་ཡིན། །བརྡ་དོན་རྟགས་གསུམ་ཚང་བའི་ཞྭ། །ལེགས་དཔའི་མཚན་དཔེ་དེ་ལྟར་རོ། ། ༧ དེ་ལ་ཞྭ་ཡི་ཡོན་ཏན་བཤད། །གང་ཞིག་མ་འོང་༼འོངས༽སྒྲུབ་གཤེན་རྣམས། །བོན་གྱི་དར་ཞྭ་དཀར་པོ་འདི། །གང་གིས་གྱོན་པའི་གཤེན་དེ་ལ། །ཞི་ལྷས་མཉམ་ཉིད་ལྷག་མཐོང་སྤེལ། །རྒྱས་པས་ཚེ་བསོད་དབང་ཐང་རྒྱས། །དབང་གིས་ཁམས་གསུམ་དབང་དུ་སྡུད། །དྲག་པོས་བར་ཆོད་ལོག་འདྲེན་བསྒྲོལ། །དབལ་ཚོགས་མཐུ་རྩལ་མེ་ལྟར་འབར། །རིག་འཛིན་བྱིན་རླབས་སྤྲིན་ལྟར་གཏིབ། །མཁའ་འགྲོས་དངོས་སྒྲུབ༼གྲུབ༽ཆར་ལྟར་འབེབས། །བཀའ་སྐྱོང་ལས་བྱེད་ཀློག་ལྟར་འཁྱུག །འཇིག་རྟེན་ལྷ་སྲིན་དབང་དུ་སྡུད། །ཁམས་གསུམ་སེམས་ཅན་དོང་ནས་འདྲེན། །བོན་གྱི་དར་ཞྭ་དཀར་པོ་འདི། །དབང་བཞི་བསྐུར་དུས་གྱོན་པ་ན། །བདེར་བཤེགས་བྱིན་རླབས་རྒྱུད་ལ་འཇུག །བོན་གྱི་དར་ཞྭ་དཀར་པོ་འདི། །གསང་སྔགས་སྒྲུབ་དུས་གྱོན་པ་ན། །ལུས་སེམས་ལྷ་སྐུར་འགྲུབ་པར་འགྱུར། །བོན་གྱི་དར་ཞྭ་དཀར་པོ་འདི། །བསྐང་གསོལ༼གསོའི་༽དུས་སུ་གྱོན་པ་ན། །ལྷ་དང་སྲུང་མ་དགྱེས་པར་བསྐང་། །བོན་གྱི་དར་ཞྭ་དཀར་པོ་འདི། །མདོར་ཟོར་འཕེན་དུས་གྱོན་པ་ན། །བར་ཆད་འགལ་རྐྱེན་ཐམས་ཅད་ཟློག༼བཟློག༽ །བོན་གྱི་དར་ཞྭ་དཀར་པོ་འདི། །བཀའ་ལུང་འཆད་དུས་གྱོན་པ་ན། །བཀའ་བརྒྱུད་བསྟན་པ་ཕྱོགས་བཅུར་རྒྱས། །བོན་གྱི་དར་ཞྭ་དཀར་པོ་འདི། །དགྲ་བགེགས་འདུལ་དུས་གྱོན་པ་ན། །མཐུ་རྩལ་ནུས་པ་མེལྟར་འབར། །བོན་གྱི་དར་ཞྭ་དཀར་པོ་འདི། །ཤི་གཤེད་འདུལ་དུས་གྱོན་པ་ན། །ཤི་འགབ་ཆོད་ཅིང་གསོན་འགབ་སྤེལ། །བོན་གྱི་དར་ཞྭ་དཀར་པོ་འདི། །གྲི་རྒོད་འདུལ་དུས་གྱོན་པ་ན། །གྲི་བོ་དམ་ཉམས་བརྒྱལ་ཞིང་རླག༼བརླག༽། །བོན་གྱི་དར་ཞྭ་དཀར་པོ་འདི། །སད་སེར་སྲུང་དུས་གྱོན་པ་ན། །སྣང་སྲིད་ལྷ་འདྲེ་དབང་དུ་བསྡུད༼སྡུད༽། །བོན་གྱི་དར་ཞྭ་དཀར་པོ་འདི། །ཕྱྭ་གཡང་འགུག་དུས་གྱོན་པ་ན། །ཕྱྭ་གཡང་ཆར་ཆེན་མངོན་པར་འབེབ༼འབེབས༽། །བོན་གྱི་དར་ཞྭ་དཀར་པོ་འདི། །དྲགས་སྔགས་སྒྲུབ་དུས་གྱོན་པ་ན། །གང་དམིག་༼དམིགས༽ཐལ་བ་རྡུལ་དུ་བརླག །བོན་གྱི་དར་ཞྭ་དཀར་པོ་འདི། །གདོན་ཆེན་འདུལ་དུས་གྱོན་པ་ན། །གནོད་བྱེད་བགེགས་རིགས་གནས་ནས་བརྒྱལ༼རྒྱལ༽། །དེ་ལྟར་གཡུང་དྲུང་བོན་དར་བའི། །ཡོན་བཅུ་གསུམ་ལྡན་པའི་ཞྭ། །གཡུང་དྲུང་བོན་གྱི་སྒོར་ཞུག༼ཞུགས༽ཅིང་༼ཤིང་༽། །བླ་ཆེན་ང་ཡིན་རྒྱུད་འཛིན་པའི། །ཕྱི་རབས་སྒྲུབ་གཤེན་དམ་ལྡན་རྣམས། །ཞྭ་མཆོག་འདི་ལས་མ་གཏོག༼གཏོགས༽པའི། །ས་རླུང་མེ་གསུམ་མདོག་ལྡན་པ། །རྩེ་ལྡུམ་རྩེ་མཁྱོག༼འཁྱོག༽་རྩེ་འགུགས་དང་། །ལེབ་མོ་སྒོར་མོ་བར་བུའི་མགོ །མཆུ་ཅན་རྟོག་ཅན་ལྟག་འཕྱང་ཅན། །དེ་རྣམས་རབ་ཏུ་སྤང་བར་བྱ། །དེ་རྣམས་གྱོན་ན་བོན་བསྟན་ནུབ། །དཀར་སྔོན་ནག་པོ་ཁ་དོག་ཅན། ། ཅན་དང་འདབ་མ་ཅན། །འཕུལ་མ་ཅན་བྱ་ཕོད་ཅད༼ཅན༽། །བཞི་ཞལ་ཅན་དང་ཁ་འུན་ཅན། །དར་འཕེན་དར་ལྕེ་ཅན་གྱི་ཞྭ། །འདི་ལྷག་ཅིག་དང་དུ་བླངས། །ཞྭ་འདི་སྤང་བླང་དེ་ལྟར་བཤད། །དེ་ལྟར་བོན་གྱི་ཞྭ་དཀར་ཕྱི༼གྱི༽། །ཞྭ་བཤད་པི་ཝཾ་དྲུག་འགྱུར་འདི། །ལས་ལྡན་ཁྱེད་ལ་བཀའ་གཤེར་༼གཏེར་༽གཏད། །འགྲོ་བ་ཡོངས་ལ་སྤེལ་བར་གྱིས། །ཞེས་གསུངས་ནས། །བླ་ཆེན་དྲན་པས་ཡང་གཡུང་དྲུང་རིན་ཆེན་འབར་བའི་བྲག་ཕུག་ཏུ། །གླིང་གཤེན་གཡུང་དྲུང་གླིང་ནས་བདག་ཅག་ལ། །འབུམ་གཤེན་ནམ་མཁའ་མཐོང་སལ་གྱིས། །རྒྱུད་ལུང་སྣ་ཚོགས་རྣམས་མཛད་ནས། །ཞྭ་བཤད་འདི་དང་བཅས་པས་བརྒྱུད། །གྲོགས་འགས་ཡང་ཡང་བསྐུལ་བའི་ངོར། །ཡི་གེར་གསལ་བར་བཤད་པ་འདི། །བོན་གྱི་གྲུབ་མཐའ་བཙན་པར་ཤོག །དམ་མེད་ལག་ཏུ་མ་ཤོར་ཅིག༼ཞིག༽། ། ས་མ་ཡཿ རྒྱ་རྒྱ་རྒྱ། །བཀྲ་ཤིས། །བྱིན་ཆེའོ། །དགེའོ། ། ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།