བར་དོའི་ངོ་སྤྲོད་གསེར་གྱི་མེ་ལོང་བཞུགས།།

བར་དོའི་ངོ་སྤྲོད་གསེར་གྱི་མེ་ལོང་བཞུགས།།
ཀུན་མཁྱེན་ཤར་རྫ་བཀྲ་ཤིས་རྒྱལ་མཚན།

   ༄༅། །ཁམས་གསུམ་སེམས་ཅན་སྙིང་རྗེའི་ལྕགས་ཀྱུ་ཡིས།། སྐད་ཅིག་མི་གཏོང་མི་གཡེལ་ཐུགས་དམ་ཅན། ། སྙིང་རྗེའི་ལྷ་མཆོག་གཤེན་ལྷ་འོད་དཀར་པོ། ། སྙིང་དབུས་དད་པའི་ཟེའུ་འབྲུའི་དབུས་སུ་རོལ། ། སྔོན་ཚེ་མི་མཇེད་འགྲོ་འདུལ་དམ་བཅས་བཞིན། ། དུས་ལས་མི་ཡོལ་རྣམ་འདྲེན་སྟོང་དབུས་ནས། ། མཚན་སྙན་ལྷང་ངེར་ཕྱོགས་བཅུར་ཁྱབ་མཛད་པ། ། ལྷ་མིའི་སྟོན་པ་དམུ་རྒྱལ་སྲས་དེ་བསྔགས། ། སྙིགས་མའི་གདུལ་དཀའ་འདུལ་བའི་སྙིང་སྟོབས་ཅན། ། བོད་ཁམས་དམུ་རྒོད་འགྲོ་ཕྱིར་ཉིན་བཞིན་དུ། ། ཉི་ཟེར་རྟ་ཞོན་ཉིན་མཚན་དུས་དྲུག་ཏུ། ། ཐུགས་རྗེས་སྐྱོབ་མཛད་འཆི་མེད་ཡབ་སྲས་རྒྱལ། ། ཚེ་གཅིག་ཀ་དག་བོན་དབྱིངས་རྒྱལ་ཁབ་ཆེར། ། འགོད་མཛད་སངས་རྒྱས་རྒྱལ་ཚབ་སེམས་དཔའ་ཆེ། ། ཕྱི་ནང་གསང་བའི་གདམས་ངག་བདུད་རྩིའི་བཅུད། ། སྩོལ་མཛད་དྲིན་ཆེན་བླ་མ་སྤྱི་བོར་བསྟོད། ། རང་གི་སྙིང་བུ་ཤེས་རབ་མཆོག་ལྡན་ཉིད། ། འདི་སྣང་སྐུ་ཡི་བཀོད་པ་མངོན་བསྡུས་ནས། ། དགོངས་པ་བོན་ཉིད་དབྱིངས་སུ་ཐིམ་པའི་ཚེ། ། འདི་འདྲའི་རྣལ་འབྱོར་དགོངས་པ་གཤེགས་ཁ་དེར། ། རང་གི་གདམས་ངག་རྣམས་ཀྱི་བར་དོ་གསུམ། ། ངོ་སྤྲོད་གསལ་འདེབས་ཞིག་ཀྱང་གལ་ཆེ་ལ། ། རང་ལའང་འཆི་ཁའི་དུས་སུ་དགོས་ངེས་ཤིང་། ། མ་ཟད་དབང་བོའི་རིམ་པ་དང་བསྟུན་ནས། ། ངོ་སྤྲོད་འཕོ་བའི་གདམས་ངག་འབྲི་བ་དྲན། ། བླ་མ་ཡི་དམ་མཁའ་འགྲོས་གནང་བ་སྩོལ། ། བདག་སོགས་འགྲོ་ཀུན་ཐུགས་རྗེས་བཟུང་དུ་གསོལ། ། བར་དོ་རང་སྣང་ཤེས་བར་བྱིན་གྱིས་རློབས། ། ཞེས་མཆོད་པ་བརྗོད་པ་དང་འདི་དང་འདི་ལྟ་བུའི་གདམས་ངག་བརྩོམ་འདོད་ཚིག་བཅད་གྱིས་མགོ་འདྲེན་ནས་འདི་ཉིད་འབྲི་བར་བྱེད་པ་ལ། དེ་ཡང་རྫོགས་ཆེན་པ་མཆོག་ལྡན་སྣང་སེམས་འདྲེས་པའི་སྐྱེས་བུ་བློ་ཟད་བོན་ཟད་འཆི་མི་འཆིའི་རྩིས་གདབ་ཟད་ཅིང་གཏམ་གྱི་རྗེས་སུ་བཟློ་བ་དང་། ཡང་དུས་དེར་སྣང་བ་སྒྱུ་མ་དང་། སེམས་སྐྱེ་ཤི་མེད་པར་རྟོགས། ཕུང་བོའི་འདོར་ལེན་ལ་མི་འཚེ་བར་ན་དགའ་འཆི་བྲོད་བྱེད་ཅིང་སྣང་བ་རང་སྣང་དུ་ཤེས་པས་ཉམས་ལེན་ཀྱང་། ཐབས་གཞན་ལ་མི་བརྟེན་པར་འོད་གསལ་སྟོང་བ་ཉིད་ཀྱི་ངང་དུ་བཞག་ལ། སེང་གེའི་ཉལ་ལུགས་ཀྱིས་དབྱིངས་རིག་བསྲེས་ཏེ་དེའི་ངང་དུ་ཤི་ན་སྐད་ཅིག་ལ་ཡར་གྱི་ཟང་ཐལ་དུ་འགྲོ་སྟེ། དེ་ལྟ་བུ་རྣམས་ལ་ངོ་སྤྲོད་དང་འཕོ་བའི་དགོས་བྱེད་ཟད་དོ། གཞན་འབྱུང་བའི་ཐིམ་རིམ་དང་བར་དོ་གསུམ་ལ་ལྟོས་དགོས་པ་རྣམས་ལ་ནི་ངོ་སྤྲོད་ལ་སོགས་གལ་ཆེའོ། དེའང་ངོ་སྤྲོད་དང་འཕོ་བ་གཞན་ལ་གདབ་པ་དེ་ཡང་རབ་རྫོགས་པ་ཆེན་པོའི་རྣལ་འབྱོར་རྟོགས་པ་མཆོག་ལྡན། འབྲིང་གསང་སྔགས་པ་བསྐྱེད་རྫོགས་ལ་བྱན་ཆུབ་པ། ཐ་མ་འདུལ་ཁྲིམས་གཙང་མར་བསྲུང་བར་དགོས་ཤིང་། སྔགས་པ་དང་འདུལ་ཁྲིམས་གཙང་མར་བསྲུང་བ་ཡིན་ཀྱང་སྟོང་ཉིད་རྟོགས་ཤིང་ཉམས་ལེན་ལ་གདེང་ཚུད་པ་ཞིག་ནི་ངེས་པར་དགོས་ཏེ། ལམ་ལྔ་ལས་མཐོང་ལམ་གྱི་སྣེར་ཟིན་པ་དགོས་ཕྱིར་རོ། དེ་ནས་འཆི་ཀ་མའང་ཤི་བའི་རོ་དེའི་མགོ་ལྷོ་རུ་བསྟན། རྐང་བ་གཉིས་བྱང་དུ་ཤད་ཀྱིས་བརྐྱང་། གཞོག་གཡས་འོག་ཏུ་བཅུག་ལ་ལག་མཐིལ་འགྲམ་པར་བཅར། གཡོན་པ་བརླའི་སྟེང་དུ་བཞག  སངས་རྒྱས་ཀྱི་གཟིམས་ཚུལ་ལྟར་བྱའོ། མོ་ལ་དེ་ལས་བཟློག་པར་བྱ། དེ་ནས་འཆི་ཀ་མ་ཡིན་ན་ལྷའི་མེ་ལོང་གི་བྱང་སྡོམ་འབོག་པའི་ཆོ་གའི་མཇུག་གི་འཆི་ཁའི་སེམས་བསྐྱེད་ཀྱི་ཆོ་ག་རྗེས་ཟློས་ནུས་སམ་མ་ནུས་ཀྱང་ཡིད་ལ་འདུན་པ་བསྐྱེད་བཅུག་ལ་འབོག་ན་ཕན་ཡོན་ཤིན་ཏུ་ཆེའོ། ། དེ་ནས་བླ་མས་རང་གི་རྩ་བའི་བླ་མ་དང་སྐྱབས་ཡུལ་ལ་དད་པ་རྩེ་གཅིག་ཏུ་བསྐྱེད་ཅིང་གསོལ་བ་གདབ་པ་ནི།  ཨེ་མ་ཧོ། སྐུ་གསུམ་འབྱུང་གནས་དྲིན་ཆེན་བླ་མ་ལ། ། གསོལ་བར་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ། ཐར་བའི་ལམ་སྟོན་དྲིན་ཆེན་བླ་མ་ལ། ། གསོལ་བར་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ། ངན་སོང་སྒོ་གཅོད་དྲིན་ཆེན་བླ་མ་ལ། ། གསོལ་བར་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ། མ་རིག་མུན་སེལ་དྲིན་ཆེན་བླ་མ་ལ། ། གསོལ་བར་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ། འཁོར་བའི་འཕྲང་སྒྲོལ་དྲིན་ཆེན་བླ་མ་ལ། ། གསོལ་བར་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ། དུག་ལྔའི་ནད་སེལ་དྲིན་ཆེན་བླ་མ་ལ། ། གསོལ་བར་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ། བར་དོའི་འཇིགས་སྐྱོབ་དྲིན་ཆེན་བླ་མ་ལ། །  གསོལ་བར་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ། ཐུགས་རྗེའི་ལྕགས་ཀྱུ་དྲིན་ཆེན་བླ་མ་ལ། ། གསོལ་བར་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ། ཆུ་བཞིར་སྒྲོལ་མཛད་དྲིན་ཆེན་བླ་མ་ལ། ། གསོལ་བར་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ། ཕུང་བོ་འདོར་ལེན་འབྱུང་བཞི་འཇིག་པའི་ཚེ། ། གང་ཤར་སྣང་བ་རང་སྣང་ཤེས་ནས་ཀྱང་། ། གཟུང་འཛིན་ཆགས་སྡང་རང་སར་གྲོལ་བ་དང་། ། སྟོང་རིག་མ་བུ་འཕྲད་པར་བྱིན་གྱིས་རློབས། ། ཞེས་བརྗོད་དོ། དེ་ནས་འདིར་འཆི་ག་མ་ལ་ད་གཟོད་འབྱུང་འགྱུར་གྱི་བར་དོའི་སྣང་བ་རྣམས་ངོ་སྤྲོད་བྱེད་པ་ལ་མཆོག་དམན་གཉིས་ལས། མཆོག་རྫོགས་ཆེན་པ་དང་། གསང་སྔགས་པ་དང་འདུལ་བ་པ་གང་ཡིན་ཀྱང་རུང་རང་གི་ཉམས་ལེན་ལ་གོམས་འདྲིས་ཡོད་ཅིང་། ཁྱད་པར་བར་དོའི་གདམས་ངག་ཉམས་འོག་ཏུ་ཚུད་པ་དེ་ལ་ངོ་སྤྲོད་པ་ནི། ཀྱེེ་རིགས་ཀྱི་བུ། ཁྱོད་འཇིག་རྟེན་འདི་ནས་ཞིང་ཁམས་གཞན་དུ་གཤེགས་པའི་དུས་ལ་ཐུག་པ་ལགས་ན། ད་གཟོད་བར་དོ་གསུམ་གྱི་སྣང་བ་གང་ཤར་ཐམས་ཅད་རིག་པའི་རང་རྩལ་རང་སྣང་རང་བཞིན་མེད་པ་དང་། ། རང་རིག་སྐུ་གསུམ་གྱི་ངོ་བོ་མངོན་གྱུར་ཡིན་པར་ཤེས་བར་བྱེད་ནས་སྐྱེ་བ་ཕྱི་མ་འདི་ལ་སེམས་ཅན་མུ་མཐའ་མེད་པའི་དོན་ནུས་པར་བྱའོ། སྙམ་པའི་ཐུགས་བསྐྱེད་མཛོད་ཅིག  རིགས་ཀྱི་བུ། ཁྱོད་ད་ལྟ་ན་བ་ལྟར་སྣང་ངམ། ཟུག་རྔུའི་སྡུག་བསྔལ་ཞིག་འདུག་གམ། དེ་ཀ་དག་རིག་པའི་རྩལ་ཡིན། རང་སེམས་ལ་ལྟོས་དང་རང་བཞིན་མེད་པ་དེ་ཀ་དག་རིག་པའི་གཞི་ཡིན། གཞི་དང་རྩལ་གཉིས་སུ་མེད་པའི་ངང་ལ་ས་ལེ་སང་ངེ་རྗེན་ནེ་ཅེ་རེར་ཞོག་ཅིག  དེའི་དོན་ཉམས་སུ་མྱོང་ངམ། རིགས་ཀྱི་བུ། དབུགས་ཆད་མ་ཐག་ཁྱོད་ལ་རྣ་བ་ནས་བརྡ་སྤྲད་པ་ཡིན་གྱི། ད་ལྟ་མ་བརྗེད་ཅིང་། དེའི་དུས་གཞི་རང་བཞིན་གནས་པའི་འོད་གསལ་སྒྲིབ་གཡོགས་མེད་པར་འཆར་བ་དེ་ད་ལྟ་གཏན་ལ་ཕོབ་ཅིག  དྲན་པས་ཟུངས་ཤིག  དེའི་ཚེ་ཁྱོད་ཀ་དག་གི་ས་ལ་སྐད་ཅིག་མ་གསུམ་ན་ཁྱོད་འཚང་རྒྱའོ། ༆ དེ་ངོ་མ་ཤེས་ན་དེ་ནས་བོན་ཉིད་འོད་གསལ་གྱི་བར་དོ་རང་སྣང་ཡིན་ལུགས་ཀྱི་འོད་གསལ་འཆར་བར་འགྱུར་ཏེ། དང་པོ་གཞི་སྣང་ཡེ་ཤེས་ཀྱི་འོད་གསལ་འཆར་རོ། དེ་ནས་ཟུང་འཇུག་ཚོམ་བུའི་སྣང་བ་འཆར་རོ། དེ་ནས་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་འཆར་རོ། དེ་ནས་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་འཆར་རོ། དེ་དག་གང་གི་དུས་སུ་ཡང་གང་ཤར་དེ་རང་སྣང་དུ་ངོ་ཤེས་ན་དེ་མ་ཐག་ཀ་དག་གི་སར་ཁྱེད་བདེ་བར་གཤེགས་སོ། ། རིགས་ཀྱི་བུ་ད་ལྟའི་འོད་གསལ་སྐྱེལ་མ་དང་འདྲ་ལ། བར་དོའི་འོད་གསལ་སུན་མ་དང་འདྲ་བས། དེ་གཉིས་མཚམས་སྦྱར་བའི་ཕྱིར་དབྱིངས་རིག་སྐྱེལ་མ་དང་འདྲ་བའི་སྣང་བ་རྣམས་རིམ་གྱིས་ངོ་སྤྲད་པར་བྱེད་པས། ད་ལྟ་མ་བརྗེད་ཅིག ལན་གསུམ་བརྗོད་ལ། དེ་ནས་གསལ་གདབ་པ་ནི། ཀྱེ་མ་སྐལ་ལྡན་རྣལ་འབྱོར་རིགས་ཀྱི་བུ། ། ད་ལྟ་འཆི་བའི་དུས་ལ་ཐུག་པས་ན། ། འཇིག་རྟེན་སྣང་བ་དྲི་ཟའི་གྲོང་བཞིན་ཡལ། ། ལུས་དང་ལོངས་སྤྱོད་རྨི་ལམ་ནོར་བཞིན་སྟོང་། ། སེམས་ལ་སྐྱེ་ཤི་མེད་དོ་རིགས་ཀྱི་བུ། ། རང་གི་རིག་པ་སངས་རྒྱས་ཉག་གཅིག་ལ། ། སྒྲ་འོད་ཟེར་གསུམ་སྐུ་གསུམ་རང་རྩལ་ཡིན། ། སངས་རྒྱས་ལུས་རྒྱ་གྲོལ་བས་ཤི་བར་བྲོད། ། གདོས་ལུས་ཡེ་ཤེས་ལུས་མཆོག་ཐོབ་པས་བྲོད། ། མར་གྱུར་འགྲོ་ཀུན་ཐུགས་རྗེས་འདུལ་བས་བྲོད། ། ན་དགའ་འཆིར་བྲོད་རྣལ་འབྱོར་བློ་རེ་བདེ། ། སངས་རྒྱས་ཞིང་ནས་ཞིང་བགྲོད་སངས་རྒྱས་ཏེ། ། མཐའ་ཡས་སེམས་ཅན་འདྲེན་པའི་དཔལ་གྱུར་ཤོག ། ཅེས་ངོ་སྤྲོད་དོ། དེ་ནས་འབྱུང་ལྔ་སྡུད་རྗེས་ཕྱི་དབུགས་ཆད་ནས་སྣང་མཆེད་ཐོབ་གསུམ་གྱི་ཐ་མ་ཉེར་ཐོབ་མུན་སྨག་ལྟ་བུ་འཆར་བའི་དུས་ཡིན་པས། བརྒྱལ་ནས་དྲན་པ་མེད་པས། དེའི་དུས་སུ་དམ་ཚིག་ལ་སེལ་མེད་ཅིང་ཚུལ་ཁྲིམས་དག་པའི་མཆེད་གྲོགས་ཤིག་གིས། ཁོའི་རྣ་བ་ནས་ཕར་མིང་ནས་བཏོན་ཅིང་། ཕྱི་དབུགས་ཆད་པའི་རིག་པ་མ་ཡེངས་ཤིག  ཞེས་པའི་ཚིག་དེ་ཁོ་ཡིས་ཐོས་ངེས་པར་བྱས་ནས་འབོད་རིག་པ་ཟིན་ནས་ཀ་དག་གི་དབྱིངས་སུ་བོན་སྐུའི་ངང་དུ་སངས་རྒྱས་པར་ངེས་ཏེ། མངོན་སངས་རྒྱས་པའི་རྒྱུད་ལས། ཐལ་བ་དབུགས་ཐལ་སྲོག་ཆད་རིག་པ་བརྒྱལ། ཞེས་གསུངས། འདི་ལ་མོ་མཆེད་གྲོགས་རྣམས་ཀྱིས་ནན་ཏན་ཆེན་པོས་གདམས་ངག་ཐེབས་པ་གལ་ཆེ་སྟེ། སྔ་མ་ལས། སྐད་ཅིག་གཅིག་གིས་བསྐལ་པའི་སྐྱིད་སྡུག་ནུས། ། བཟང་བྱས་ངན་བྱས་མདོ་དོན་དབུགས་ཐག་གསུམ། ། ཆེ་བསགས་ཆུང་བསགས་བཞག་ནས་སྐད་ཅིག་གིས། ། ཡར་བསྒྱུར་མར་བོར་ལྡོག་པོ་འདི་ཡིས་བྱེད། ། ཅེས་དང་། ཡང་རྩེ་ལས། འོད་གསལ་འདི་ཡིས་ཕུང་གྱོང་བཏང་། ། འགྲོ་དྲུག་འཁོར་བ་འདི་ཡིས་བསྒྱུར། ། འདི་ལ་ནན་ཏན་བྱ་བ་གཅེས། ། ཞེས་གསུངས་སོ། ། ༆ ཐ་མལ་པ་སྤྱི་ལ་ཕྱི་དབུགས་མ་ཆད་གོང་དུ་ངོ་སྤྲོད་པའི་ཚུལ་ནི། འོ་སྐལ་ལྡན་རིགས་ཀྱི་བུ། ཁྱོད་ལ་འཆི་བ་མི་རྟག་པ་འོང་བ་ཡིན་ནོ། དེ་ཡང་མི་རྟག་པ་ནི་ཁྱོད་གཅིག་པུ་ལ་འོང་བར་མ་ཟད། དུས་གསུམ་རྫོགས་པའི་སངས་རྒྱས་ཀྱང་སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བསྟན། བླ་མ་དགེ་བའི་བཤེས་གཉེན་གྱི་གོ་ཡུལ་མཐོང་ཡུལ་ན་ཡོད་པ་རྣམས་ཀྱང་མི་རྟག་འཆི་བ་ལས་མ་ཐར་ཏེ། ད་ལྟ་མི་བཞུགས་པ་འདིས་ཀྱང་ཤེས། སྤྱིར་ཁམས་གསུམ་སེམས་ཅན། སྒོས་ཡུལ་ཁམས་འདིའི་ཕོ་མོ། ཡང་སྒོས་རང་གི་ཁྱིམ་གང་གི་མི་རྣམས་ཀྱང་སྔར་འཆི་ཕྱིས་འཆི་ལས་མེད་དོ། རྒྱུ་ལས། སྐྱེས་པའི་ཐ་མར་འཆི་བས་འགྲོ་ས་མེད། ། གཤིན་རྗེས་དབང་མ་བྱས་པའི་འགྲོ་བ་མེད། ། ཅེས་གསུངས་སོ། དེའི་ཕྱིར་ཁྱོད་འཆི་བ་ལ་མ་སྐྲག་དང་། བདག་འདྲེན་པའི་སློབ་དཔོན་གྱིས་འཇིགས་པ་ལས་སྐྱོབ་བྱེད། སྡུག་བསྔལ་ལས་དབུགས་དབྱུང་། བར་དོའི་སྣང་བ་རང་སྣང་དུ་ངོ་སྤྲོད། འཆི་ཁའི་བར་དོ་ལ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་གདམས་ངག  བོན་ཉིད་བར་དོ་ལ། མའི་པང་དུ་བུ་རྒྱུག་པ་ལྟ་བུའི་གདམས་ངག  སྲིད་པའི་བར་དོ་ལ་དཔག་ཆེན་གྱི་མདའ་འཕེན་པ་ལྟ་བུའི་གདམས་ངག  གལ་སྲིད་སྐྱེ་བ་ལེན་དགོས་བྱུང་ན་ལས་བཟང་གི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་བསྟན་ཏེ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ནས། ཐར་བ་བདེ་བའི་གྲོང་དུ་ཁྲིད་པ་ཡིན་གྱིས། དད་མོས་དྲག་པོ་བསྐྱེད་ཅིག  རྗེས་སུ་ལུས་པའི་མི་དང་ཡུལ་མཁར་ཟས་ནོར་གང་ལའང་ཆགས་ཞེན་མེད་པར་བློས་ལིང་གིས་ཐོངས་ཤིག  རྗེས་སུ་ཆགས་ཞེན་བྱེད་ན་ནི་ཕྱིས་འཁོར་བ་ལ་ལྷུང་བར་འགྱུར་ཏེ། མདོ་ལས། ཆགས་ཞེན་འདི་ནི་འཁོར་བའི་རྒྱུ། ། མ་ཆགས་པ་ནི་བོན་གྱི་མཆོག ། ཅེས་གསུངས། གཞན་ཡང་དགྲ་ལ་ཞེ་སྡང་མ་བསྐྱེད། གཉེན་ཉེ་འབྲེལ་བུ་ཚ་རྣམས་ལ་སེམས་མ་ཆགས། དེ་དག་ལ་ཆགས་སྡང་སྐྱེས་ན་དམྱལ་བར་སྐྱེ་བར་འགྱུར་ཏེ། རྒྱུད་ལས། ཆགས་སྡང་དམྱལ་བའི་ཡུལ་བས་ཕྱིན་ས་མེད། ། བསམ་ངན་སངས་རྒྱས་ཀྱིས་ཀྱང་སྐྱོབ་ཐབས་མེད། ། ཅེས་གསུངས་སོ། དེའི་དོན་ཤེས་པར་བྱེད་པ་གལ་ཆེའོ། དེ་ནས་གསལ་གདབ་པ་ནི། ཀྱེ་མ་སྐལ་བ་ལྡན་པ་རིགས་ཀྱི་བུ། ཁྱོད་ལ་འཆི་བ་མི་རྟག་འབྱུང་བ་དེ། ། མི་རྟག་འཆི་བ་སེམས་ཅན་སྤྱི་ལ་འོང་། འཆི་བའི་དུས་བབ་རེ་ས་བླ་མ་དང་། ། དཀོན་མཆོག་གསུམ་པོ་མ་གཏོགས་གཞན་མེད་ཀྱི། ། འཆི་བར་མི་སྐྲག་དད་མོས་རབ་བསྐྱེད་དང་། ། བདག་གིས་གདམས་ངག་ཟབ་མོ་ལ་བརྟེན་ནས། ། ཁྱོད་ནི་བར་དོའི་འཇིགས་པར་སྐྱོབ་པར་བྱེད། ། རྗེས་སུ་བུ་ཚ་ཡུལ་མཁར་ཟས་ནོར་ལ། ། ཆགས་ཞེན་མ་བྱེད་བློ་ཡིས་ལིང་གིས་ཐོངས། ། དགྲ་ལ་ཞེ་སྡང་མ་བསྐྱེད་སྒྱུ་མར་བསྒོམ། ། ཐམས་ཅད་འཆི་འགྱུར་ལུས་པ་མེད་པར་སོམས། ། ད་རེས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། ། འཚབ་ཏུ་ང་ཤི་གླུད་དུ་ང་འགྲོ་ཡི། ། ན་ཤིའི་དུཿཁ་ངན་པ་ངས་ཆད་བྱ། ། སྙམ་པའི་བསམ་པ་རྩེ་གཅིག་བཟུང་བར་གྱིས། ། བླ་མ་མཁྱེན་ནོ་ཐུགས་རྗེས་བཟུང་དུ་གསོལ། ། བར་དོའི་སྣང་བ་རང་སྣང་ཤེས་པར་ཤོག ། ཅེས་ངོ་སྤྲད་དོ། ། ཕྱི་དབུགས་མ་ཆད་གོང་གི་མཆོག་དམན་གཉིས་ཀྱི་ངོ་སྤྲོད་དུས་ཐོག་ཏུ་མ་འཕྲོད་ན་ཕྱི་དབུགས་ཆད་ནས་རང་རང་ལ་ངོ་སྤྲོད་ཆོག་པ་ཡིན་ནོ། ། ༆ འདི་མན་ཆད་ཀྱི་འབྱུང་བའི་སྡུད་རིམ་དང་བར་དོ་གསུམ་གྱི་ངོ་སྤྲོད་མཆོག་དམན་གང་ལའང་ཁྱད་པར་མ་ཕྱེས་ཀྱང་ཆོག་སྟེ། རང་རང་ལས་བཟང་ངན་དབང་བོའི་ཁྱད་པར་གྱིས་སྣང་བའི་འཆར་ཚུལ་དང་གྲོལ་སྔ་འཕྱི་མ་ངེས་ཀྱང་ངོ་སྤྲད་པ་འདི་གཅིག་པུའི་ཆོག  དེ་ཡང་འདི་ནི་རྫོགས་ཆེན་གྱི་ལུང་ལས་འབྱུང་བའི་ངོ་སྤྲོད་ལུགས་སོ། ། དེས་ན་དམིགས་ཡུལ་དེའི་སྤྱི་བོའི་ཚངས་བུག་སྒོར་འཕོ་རྫས་བྱུག  ལུས་ལ་བཏགས་གྲོལ་གྱི་འཁོར་ལོ་ཡོད་ན་མ་ནོར་བར་བཀོད། དེ་ནས་བླ་མས་ངོ་སྤྲོད་ཀྱི་གདམས་པ་རྣམས་དལ་བུས་བརྗོད་ཅིང་། ཐུགས་མ་ཡེངས་པར་བྱ་ལ། འཆི་ཁའི་བར་དོར་མའི་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་བསྟན་ཏེ། དེ་ཡང་ལམ་མངོན་སངས་རྒྱས་པའི་རྒྱུད་ལས། སྣང་བ་འགགས་པས་དབང་བོའི་སྒོ་ལྔ་འགྲིབ། ། ཡུལ་ལྔ་མི་མཐོང་གསལ་བ་ལྔ་བོ་ཉམས། ། རླུང་ལྔ་བྲལ་བས་མི་ཐེག་མདོག་ལོག་ཅིང་། ། དྲོད་ཆུང་དབུགས་བརྒྱང་དྲི་ངན་དྲན་པ་རྨུག ། འབྲེལ་བ་ལྔས་བསླུས་ཡན་ལག་ལྔ་བོ་འཕྱང་། ། ཞེས་པས། འབྱུང་བའི་ཐིམ་ཚུལ་ངོ་སྤྲོད་པ་ནི། སྤྱི་ལྟར། གུར་ཕྱོགས་པས་མཛད་པའོ། མཆན    འོ་རིགས་ཀྱི་བུ། ད་ལྟ་ཁྱོད་ནང་གི་ཤ་ཁྲག་དྲོད་དབུགས་བཞི་བསྡུས་ཀྱི་ཕུང་བོ་འདི། ཕྱི་འབྱུང་བ་མེ་ཆུ་ས་རླུང་བཞི་ལ་གཡར་པོ་གཏད་པའི་དུས་ཡིན་པས། དེ་ཡང་དང་པོ་ཕྱི་འབྱུང་བ་ས་འཇིག ནང་མཚེར་བའི་རྩ་བསྡོགས། ལྟེ་བའི་རྩ་འཁོར་ཞིག  ཕུང་བོ་འདེགས་བྱེད་ཀྱི་རླུང་བྲོས། ཕྱི་རྟགས་སུ་ལུས་ཀྱི་སྟོབས་ཤོར། ནང་རྟགས་སུ་ཤེས་པ་ལྗི་ཞིང་འཐིབས། གསང་རྟགས་སུ་སྨྲིག་རྒྱུ་ལྟ་བུ་འཆར། རི་རབ་དང་ཁང་ཁྱིམ་ཐམས་ཅད་སྟེང་དུ་འགྱེལ་ནས་བྱུང་སྙམ་པ་དང་སྣང་བ་ལ་འོད་སེར་པོ་ལམ་ལམ་འཆར་བ་དེ། གཞན་ནས་འཆར་བ་མ་ཡིན། ཁྱོད་རང་གི་རིག་པའི་རང་མདངས་ཡིན་པས། ཕྱི་ལྟར་ན་གསལ་བ་རང་བྱུང་། ནང་ལྟར་ན་ཁྲོ་གསས་མཁའ་འགྱིང་། གསང་བ་ལྟར་ན་གཡུང་དྲུང་མཁའ་འགྲོ། ཡང་གསང་ལྟར་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། རང་གི་ཡི་དམ་གྱི་ལྷ་རུ་ཤེས་པར་གྱིས་ཤིག  དེ་ནས་སའི་ནུས་པ་ཆུ་ལ་ཐིམ་པའི་ཚེ། ཕྱི་འབྱུང་བ་ཆུ་ལ་འཇིག ནང་མཁལ་མའི་རྩ་བསྡོགས། སྙིང་གའི་རྩ་འཁོར་ཞིག  བཀྲག་མདངས་བསྐྱེད་པའི་རླུང་བྲོས། ཕྱི་རྟགས་སུ་ཁ་ལྕེ་སྐམ་ཞིང་སྣ་ཞོམ། ནང་རྟགས་སུ་ཤེས་པ་འཚུབས་ཤིང་ཚིག་པ་ཟ། གསང་རྟགས་སུ་དུ་བ་ལྟ་བུ་འཆར། ཆུ་བོ་རྦ་ཀློང་གིས་ཁྱེར་རོ་སྙམ་པ་དང་། སྣང་བ་ལ་འོད་སྔོན་པོ་ལམ་ལམ་འཆར་བ་དེ། གཞན་ནས་འཆར་བ་མ་ཡིན། ཁྱོད་རང་གི་རིག་པའི་རང་མདངས་ཡིན་པས། ཕྱི་ལྟར་ན་དགའ་བ་དོན་གྲུབ། ནང་ལྟར་ན་གཏུམ་གསས་མཁའ་འགྱིང་། གསང་བ་ལྟར་ན་རིན་ཆེན་མཁའ་འགྲོ ། ཡང་གསང་ལྟར་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། རང་གི་ཡི་དམ་གྱི་ལྷ་རུ་ངོ་ཤེས་པར་གྱིས་ཤིག  དེ་ནས་ཆུའི་ནུས་པ་མེ་ལ་ཐིམ་པའི་ཚེ། ཕྱི་འབྱུང་བ་མེ་འཇིག  ནང་མཆིན་པའི་རྩ་བསྡོགས། མགྲིན་པའི་རྩ་འཁོར་ཞིག  དྭངས་སྙིགས་འབྱེད་པའི་རླུང་བྲོས། ཕྱི་རྟགས་སུ་ལུས་ཀྱི་དྲོད་ཡལ། ནང་རྟགས་སུ་ཤེས་པ་གསལ་འགྲིབ་བྱེད། གསང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུ་འཆར། མེ་རི་དམར་པོའི་ནང་དུ་ཚིག་གོ་སྙམ་པ་དང་། སྣང་བ་ལ་འོད་དམར་པོ་ལམ་ལམ་འཆར་བ་དེ། གཞན་ནས་འཆར་བ་མ་ཡིན། ཁྱོད་རང་གི་རིག་པའི་རང་མདངས་ཡིན་པས། ཕྱི་ལྟར་ན་བྱེ་བྲག་དངོས་མེད། ནང་ལྟར་ན་དབལ་གསས་མཁའ་འགྱིང་། གསང་བ་ལྟར་ན་པདྨོ་མཁའ་འགྲོ། ཡང་གསང་ལྟར་ན་སོ་སོར་རྟོགས་པའི་ཡེ་ཤེས་ཏེ། རང་གི་ཡི་དམ་གྱི་ལྷ་རུ་ངོ་ཤེས་པར་གྱིས་ཤིག  དེ་ནས་མེའི་ནུས་པ་རླུང་ལ་ཐིམ་པའི་ཚེ། ཕྱི་འབྱུང་བ་རླུང་འཇིག  ནང་གློ་བའི་རྩ་བསྡོགས། གསང་གནས་ཀྱི་རྩ་འཁོར་ཞིག  ལས་ཀྱི་རླུང་བྲོས། ཕྱི་རྟགས་སུ་དབུགས་བརྩེགས་མ་རུ་ཆད། ནང་རྟགས་སུ་འཁྲུལ་སྣང་སྣ་ཚོགས་མཐོང་། གསང་རྟགས་སུ་མར་མེ་རླུང་བསྐྱོད་ལྟ་བུར་འཆར། རླུང་ནག་འཚུབས་མས་ཁྱེར་རོ་སྙམ་པ་དང་། སྣང་བ་ལ་འོད་ལྗང་གུ་ལམ་ལམ་འཆར་བ་དེ། གཞན་ནས་འཆར་བ་མ་ཡིན། ཁྱོད་རང་གི་རིག་པའི་རང་མདངས་ཡིན་པས། ཕྱི་ལྟར་ན་དགེ་ལྷ་གར་ཕྱུག  ནང་ལྟར་ན་རྔམ་གསས་མཁའ་འགྱིང་། གསང་བ་ལྟར་ན་ཀརྨ་མཁའ་འགྲོ ། ཡང་གསང་ལྟར་ན་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། རང་གི་ཡི་དམ་གྱི་ལྷ་རུ་ངོ་ཤེས་པར་གྱིས་ཤིག ། དེ་ནས་རླུང་གི་ནུས་པ་ནམ་མཁའ་ལ་ཐིམ་པའི་ཚེ། ཕྱི་འབྱུང་བ་ནམ་མཁའ་འཇིག  ནང་སྙིང་གི་རྩ་བསྡོགས། སྤྱི་བོའི་རྩ་འཁོར་ཞིག  སྲོག་འཛིན་གྱི་རླུང་བྲོས། ཕྱི་རྟགས་སུ་དབང་བོའི་སྒོ་འགག  ནང་རྟགས་སུ་ཚོགས་དྲུག་བག་ལ་ཞ། གསང་རྟགས་སུ་སེམས་ཉིད་ཙིཏྟར་འདུས། གཡེངས་བ་ནམ་མཁའི་ཁམས་སུ་ཁྱེར་རོ་སྙམ་པ་དང་། སྣང་བ་ལ་འོད་དཀར་པོ་ལམ་ལམ་འཆར་བ་དེ། གཞན་ནས་འཆར་བ་མ་ཡིན། ཁྱོད་རང་གི་རིག་པའི་རང་མདངས་ཡིན་པས། ཕྱི་ལྟར་ན་ཀུན་སྣང་ཁྱབ་པ། ནང་ལྟར་ན་གཙོ་མཆོག་མཁའ་འགྱིང་། གསང་བ་ལྟར་ན་སངས་རྒྱས་མཁའ་འགྲོ། ཡང་གསང་ལྟར་ན་སྟོང་བ་ཉིད་ཀྱི་ཡེ་ཤེས་ཏེ། རང་གི་ཡི་དམ་གྱི་ལྷ་རུ་ངོ་ཤེས་པར་གྱིས་ཤིག  ཅེས་ངོ་སྤྲད་ལ། གསལ་གདབ་པ་ནི། ཨཿཨཱོྃ་ཧཱུྃ།  སྒྱུ་མ་ལུས་ཀྱི་འཁྲུལ་འཁོར་འཇིག་དུས་སུ། ། འབྱུང་ལྔ་འཇིག་ཅིང་དོན་གྱི་རྩ་ལྔ་བསྡོགས། ། འཁོར་ལོ་ལྔ་ཞིག་རླུང་ལྔ་བྲོས་པའ་ཚེ། ། འོད་ལྔ་ཤར་བ་ཕྱི་ལྟར་ཞི་ལྷ་ལྔ། ། ནང་ལྟར་ཁྲོ་བོ་གསང་བ་མཁའ་འགྲོ་ལྔ། ། ཡང་གསང་ལྟར་ན་དོན་དམ་ཡེ་ཤེས་ལྔ། ། རིག་པའི་རང་འོད་རང་སྣང་ཤེས་པར་ཤོག ། བླ་མ་མཁྱེན་ནོ་ཐུགས་རྗེས་བཟུང་དུ་གསོལ། ། བར་དོའི་འཁྲུལ་སྣང་ཆོད་པར་བྱིན་གྱིས་རློབས། ། སྟོང་རིག་མ་བུ་འཕྲད་པར་བྱིན་གྱིས་རློབས། ། ཞེས་བརྗོད་དོ། ༆ དེ་ནས་ཕྱི་དབུགས་ཆད་ནས་སྣང་མཆེད་ཐོབ་གསུམ་འཆར་ཏེ། དེའི་སྐབས་སུ་ངོ་ཤེས་པ་ལ་རྣ་བ་ནས་རང་རིག་པ་མ་ཡེངས་ཤིག་བྱ་བ་ལ་འབོད་ཅིང་བརྡ་སྦྱར། ། མཆན།   སྔ་མ་ལས། ཉོན་མོངས་ལྔ་འགགས་སྐད་ཅིག་ལྔ་ཡིན་ཏེ། ཞེས་པས། འོ་རིགས་ཀྱི་བུ། ཁྱོད་ཀྱི་རྣམ་ཤེས་དབུ་མར་ཚུད་པའི་དུས་ལ། ། དང་པོར་ཤེས་པ་དབུ་མར་འགྲོ་བའི་དུས་སུ། ། སྤྱི་བོར་ཕ་ལས་ཐོབ་པའི་བྱང་སེམས་དཀར་པོ་དེ། ། སྟེང་རླུང་གནད་ཀྱི་དབུ་མར་ཐུར་དུ་འབྱུང་སྟེ། དེས་ཚེ་ཞེ་སྡང་གི་རྟོག་ཚོགས་སོ་གསུམ་འགགས། ནང་དུ་ཤེས་པ་བདེ་འཇམ་ཆེ། ཕྱི་རུ་ཟླ་འོད་ལྟ་བུ་དཀར་ལམ་ལམ་འཆར། དེ་ནས་ཤེས་པ་དབུ་མར་ཚུད་པའི་དུས་སུ། ལྟེ་འོག་མ་ལས་ཐོབ་པའི་བྱང་སེམས་དམར་པོ་དེ། འོག་རླུང་གནད་ཀྱི་དབུ་མར་གྱེན་དུ་སོང་སྟེ། དེའི་ཚེ་འདོད་ཆགས་ཀྱི་རྟོགས་ཚོགས་བཞི་བཅུ་འགགས། ནང་དུ་ཤེས་པ་གསལ་ལ། ཕྱི་རུ་ཉི་འོད་ལྟ་བུ་དམར་ལམ་ལམ་འཆར། དེ་ནསཤེས་པ་དབུ་མར་གནས་པའི་ཚེ། བྱང་སེམས་དཀར་དམར་གཉིས་གཅིག་ཏུ་འདྲེས་ཏེ། དེའི་ཚེ་གཏི་མུག་གི་རྟོགས་ཚོགས་བདུན་པོ་འགགས། ནང་དུ་ཤེས་པ་སྐར་རྗེན་ལྟར་གསལ་ལ། ཕྱི་རུ་མུན་པ་ལྟ་བུ་ནག་ལམ་ལམ་འཆར། དེ་ནས་ཤེས་པ་དབུ་མར་ཞེན་པའི་ཚེ། ཕྲག་དོག་གི་རྟོག་པ་གསུམ་པོ་འགགས། ནང་དུ་ཤེས་པ་ནམ་མཁའ་ལྟར་སྟོང་ལ། ཕྱི་རུ་ཡུལ་མ་བསྒྲིབས་པ་གསལ། དེ་ནས་ཤེས་པ་དབུ་མར་བདལ་བའི་ཚེ། ང་རྒྱལ་གྱི་རྟོག་པ་ཕྲ་རགས་གཉིས་པོ་འགགས། ནང་དུ་ཤེས་པ་མུ་མེད་ལ། ཕྱི་ཡུལ་འབྱམས་ལས་སོ། དེའི་ཚེས་མ་སཉིད་༼དེའི་ཚེ་སེམས་ཉིད་༽ཀྱི་ངོ་བོ་ཀུན་གཞི་བོན་ཉིད་སྟོང་པ་ལ་ཐིམ་པ་ངོ་ཤེས་པར་གྱིས་ཤིག ། སྣང་བ་ལྔ་བོ་དེ་སྐད་ཅིག་ལ་རྫོགས་ལ། རྟོག་པ་འགགས་ཡུན་ནི་རབ་ཞག་ལྔ། འབྲིང་ཞག་གསུམ་དྲོས་བཞི། ཐ་མ་ཐང་ཙམ་གནས་པའོ། དེ་ནས་གསལ་གདབ་སྟེ། ཨཿཨཱོྃ་ཧཱུྃ། སྒྱུ་མ་ལུས་ཀྱི་འཁྲུལ་འཁོར་འཇིག་ནས་སུ། ། རང་སེམས་དབུ་མའི་ནང་དུ་ཚུད་པའི་དུས། ། དུག་ལྔའི་རྟོག་ཚོགས་བརྒྱད་ཅུ་རྩ་ལྔ་འགགས། ། སྔར་ལས་ཤེས་པ་དགུ་འགྱུར་གསལ་བའི་ཚེ། ། རང་བྱུང་ཡེ་ཤེས་མངོན་སུམ་ཤར་བ་དེ། ། ངོ་ཤེས་བདག་ཞལ་བདག་གིས་མཇལ་གྱུར་ཏེ། ། གཞི་ཐོག་གྲོལ་ནས་བཙན་ས་ཟིན་པར་ཤོག ། བླ་མ་མཁྱེན་ནོ་ཐུགས་རྗེས་བཟུང་དུ་གསོལ། ། བར་དོའི་འཁྲུལ་སྣང་ཆོད་པར་བྱིན་གྱིས་རློབས། ། སྟོང་རིག་མ་བུ་འཕྲད་པར་བྱིན་གྱིས་རློབས། ། ཞེས་བརྗོད་དོ། རིགས་ཀྱི་བུ། གོང་གི་ཉེར་ཐོབ་མུན་པ་ལྟ་བུ་ལ་རིག་པ་སྒྲོན་མེ་ལྟ་བུ་ཟིན་ན་དེར་གྲོལ་ལ། མ་ཟིན་ན་བརྒྱལ་བ་སངས་ཏེ་གསལ་ལ་རྟོག་པ་མེད་པའི་འཆི་བའི་འོད་གསལ་ཞེས་བྱ་བ་རང་རིག་སྤྲོས་པ་དང་བྲལ་བའི་ངང་དུ་དར་ཙམ་ཞིག་གནས་པ་འབྱུང་བས། དེ་ངོ་ཤེས་ན་ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ། ཀ་དག་གི་དབྱིངས་སུ་བོན་གྱི་སྐུ་བདེ་བ་ཆེན་པོའི་ཀློང་དུ་རང་བཞིན་གྱི་མྱ་ངན་ལས་འདས་ཏེ་འཚང་རྒྱ་བར་འགྱུར་རོ། ཞེས་ངོ་སྤྲད་དོ། འོད་གསལ་འདི་ཉིད་འཆི་ཁའི་བར་དོར་བསྡུས་རུང་འགལ་བ་མེད་ཀྱང་། ཐ་སྙད་མཁན་གྱི་ངོར་ཕྱི་དབུགས་ཆད་ཕན་ཆད་འཆི་ཁའི་བར་དོ་དང་། དེ་ཚུན་ཆད་བོན་ཉིད་བར་དོར་བཞག་དགོས་ལ། རྒྱུད་ལས་ཀྱང་། བོན་ཉིད་བར་དོ་འཆི་ཁའི་འོད་གསལ་འདི། ། ཞེས་གསུངས་སོ། ། དེ་ནས་འཆི་ཁའི་བར་དོར་སྤར་ཆོག་བྱ་སྟེ། འོ་རིགས་ཀྱི་བུ། ཁྱོད་རང་གི་སྤྱི་གཙུག་ཁྲི་གང་གི་ནམ་མཁའ་ལ། འཇའ་འོད་སྣ་ལྔའི་གུར་ཁང་དུ་ཉི་ཟླ་པདྨའི་གདན་ལ། བོན་སྐུ་ཀུན་ཏུ་བཟང་བོ་སྐུ་མདོག་མཐིང་སྔོན། རྒྱན་མེད་གཅེར་བུ་ཞལ་གཅིག་ཕྱག་གཉིས། ཞབས་སྐྱིལ་ཀྲུང་ཕྱག་མཉམ་བཞག  ཐུགས་ཀར་ཡི་གེ་ཨཿདཀར་པོས་མཚོན་པར་བསྒོམ། དེའི་མཐའ་སྐོར་དུ་འཕོ་ཁྲིད་བརྒྱུད་པའི་བླ་མ་རྣམས་འཇའ་འོད་འཁྲིགས་པའི་ཀློང་ན་མཁྱེན་བརྩེ་ནུས་གསུམ་དང་ལྡན་པའི་སྐུ་རུ་བཞུགས་པར་བསམ། ཁྱོད་རང་གི་རྣམ་པར་ཤེས་པ་ཡི་གེ་ཨཿ་དཀར་པོ་དེ། རྩ་དབུ་མཐིང་གི་ལམ་ལ་ཞུགས་ནས། ཡར་རྒྱུག་སྟེ་ཀུན་ཏུ་བཟང་པོའི་ཐུགས་ཀར་ཐིམ། དབྱེར་མེད་གཅིག་ཏུ་འདྲེས་ནས་སངས་རྒྱས་པར་སྒོམས་ཤིག བྱོས་ལ། དེ་ནས་འཕོ་ཁྲིད་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བར་འདེབས་པ་ནི། ཨེ་མ་ཧོ། དམིགས་མེད་སྤྲོས་བྲལ་བདེ་ཆེན་ཞིང་ཁམས་ནས། ། ཡེ་ཉིད་སྟོན་པ་ཀུན་ཏུ་བཟང་པོ་སོགས། ། དགོངས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་ཐར་བའི་ལམ་ལ་དྲོངས། ། ལོག་ལྟ་བདུད་སྲིན་འདུལ་བའི་དཀྱིལ་འཁོར་ནས། ། གསང་སྔགས་མཛོད་འཛིན་སྟག་ལ་མེ་འབར་སོགས། ། བརྡ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་ཐར་བའི་ལམ་ལ་དྲོངས། །  ཐེག་ཆེན་བསྟན་པ་འཛིན་པའི་ཞིང་མཆོག་ནས། གསང་བའི་བདག་ཉིད་ཧ་ར་ཅི་པར་སོགས། ། སྙན་ཁུངས་བརྒྱུད་པའི་བླ་མར་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་ཐར་བའི་ལམ་ལ་དྲོངས། ། ཟབ་དོན་ཕྱོགས་བཅུར་སྤེལ་བའི་གནས་མཆོག་ནས། ། སྐད་གཉིས་སྨྲ་བ་སྟོང་རྒྱུང་མཐུ་ཆེན་སོགས། ། སྒྲ་བསྒྱུར་ལོ་ཙཱའི་བརྒྱུད་པ་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་ཐར་བའི་ལམ་དྲོངས། ། གདུལ་དཀའ་མ་ལུས་འདུལ་བའི་ཕོ་བྲང་ནས། ། སྙིགས་དུས་འགྲོ་འདྲེན་དྲན་པ་ནམ་མཁའ་སོགས། ། ལོ་པན་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་ཐར་བའི་ལམ་ལ་དྲོངས། ། མཚོ་རྔ་བྲག་དཀར་གསང་བའི་གཏེར་གནས་ནས། ། འཆི་མེད་དངོས་བྱོན་གཤེན་ཆེན་ཀླུ་དགའ་སོགས། ། གཏེར་བདག་ཡབ་སྲས་རྣམས་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་ཐར་བའི་ལམ་དྲོངས། ། སྨིན་གྲོལ་ཕྱོགས་བཅུར་རྒྱས་པའི་གནས་མཆོག་ནས། ། རྨིའུ་དགོངས་མཛོད་རི་ཁྲོད་ཆེན་པོ་སོགས། ། རྟོགས་ལྡན་ཉམས་བརྒྱུད་བླ་མ་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་ཐར་བའི་ལམ་ལ་དྲོངས། ། རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཞིང་མཆོག་ནས། ། རྒྱལ་བ་གཉིས་པ་མཉམ་མེད་བླ་མ་སོགས། ། འཕོ་ཁྲིད་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་ཐར་བའི་ལམ་ལ་དྲོངས། ། སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ནས། ། བཀའ་དྲིན་སུམ་ལྡན་རྩ་བའི་བླ་མ་སོགས། ། འགྲོ་འདྲེན་སྐྱེས་བུ་རྣམས་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་ཐར་བའི་ལམ་ལ་དྲོངས། ། ཀྱེ་མ་སྐལ་ལྡན་རིགས་སྲས་ལྷ་ཡི་བུ། ། ཁྱོད་ཀྱི་རྣམ་ཤེས་ཨཿ་ཡི་རྣམ་པ་ཅན། ། ཀུན་བཟང་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ཡིས། ། ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་ལེན་པ་ལྟར། ། ཏོག་གིས་བླངས་ནས་ཐུགས་ཀའི་ཨཿ་ལ་ཐིམ། ། དབྱེར་མེད་རྫགས་པའི་སངས་རྒྱས་ཐོབ་པར་ཤོག ། ཕཊཿ  ཕཊཿ  ཕཊཿ  ཅེས་དམིགས་མེད་ཀྱི་རྒྱས་གདབ་བོ། ༆ དེ་ནས་བོན་ཉིད་ཀྱི་བར་དོར་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་གདམ་ངག་བསྟན་ཏེ། འོ་རིགས་ཀྱི་བུ། གོང་དུ་འཆི་ཁའི་འོད་གསལ་དུ་ངོ་མ་ཤེས་ན་དེ་ནས་གཞི་སྣང་འོད་གསལ་ཞེས་འོད་ལྔ་གཅིག་ཏུ་འདུས་ཏེ། ཚངས་བུག་ནས་བུད་དེ་མདའ་གང་ཙམ་ན་འོད་གསལ་ཡེ་ཤེས་ལྔའི་རང་མདངས་འོད་ཟླུམ་ཕུབ་ཙམ་ཞིག་ཁྲ་གོ་རེ། དཔག་ཆེན་གྱི་མདའ་གསོར་བའི་ཡུན་ཙམ་དུ་གནས་ཏེ། དེ་ཉིད་རང་སྣང་དུ་ངོ་ཤེས་ན་ལས་རྒྱུ་འབྲས་ལ་མི་ལྟོས་པ་གཞིའི་དབྱིངས་སུ་གྲོལ་ནས་སངས་རྒྱས་པ་ཡིན་པས། དབྱིངས་རིག་དབྱེར་མེད་གཅིག་གི་ངང་དུ་བཞག་པར་གྱིས་ཤིག  ཅེས་བྱའོ། རིགས་ཀྱི་བུ། དེ་ནས་མ་གྲོལ་ན་འོད་གསལ་ཟུང་འཇུག་ལ་ཐིམ་པ་ཞེས་རིག་པའི་རྩལ་ལས་སྒྲ་འོད་ཟེར་གསུམ་དང་སྐུ་དང་ཞིང་ཁམས་ཀྱི་སྣང་བ་རང་ཆས་སུ་ཡོད་པས་དེ་དག་འཆར་བ་ཡིན་ཏེ། རྒྱུད་ལས། རྒྱ་མཚོ་རླུང་གིས་བསྐྱོད་བཞིན་འོད་རབ་འཕྲོ། ། ནམ་མཁའ་མཚོན་ཆའི་ཆར་བཞིན་ཟེར་དུ་འབབ། ། འབྲུག་སྟོང་ལྡིར་བའི་སྒྲ་བཞིན་དྲག་ཏུ་སྒྲོགས། ། ཞེས་པས། ཕྱོགས་གང་དུ་བལྟས་ཀྱང་འོད་ཁ་དོག་རྣམ་ལྔས་གང་སྟེ། དཔེར་ན་ཟ་འོག་བཀྲམ་པའམ། འཇའ་ཚོན་ཤར་བ་ལྟ་བུ་དང་། སྒྲ་ནི་འབྲུག་སྟོང་ལྡིར་བ་ལྟ་བུ་དང་། ཟེར་ནི་ཉི་ཟེར་མཚོན་ཆ་ལྟ་བུ་འཆར་བ་སྟེ། གང་ཤར་ཐམས་ཅད་རིག་པའི་རང་འོད་དང་། སྒྲ་ནི་རིག་པའི་རང་སྒྲ་དང་། ཟེར་ནི་རིག་པའི་རང་ཟེར་ཡིན་པས། དེ་དག་ལ་འཇིགས་སྐྲག་དངངས་གསུམ་མ་བྱེད་པར་རང་སྣང་རང་བཞིན་མེད་པར་ཤེས་པས་གྲོལ་བའོ། ། ད་ཡང་གོམས་འདྲིས་ཅན་ལ་སྐུ་ཡི་སྣང་བ་འཆར་བ་འགྱུར་ཏེ། སྙན་རྒྱུད་ལས། གོམས་ཤིང་འདྲིས་པའི་གང་ཟག་ལ། ། སྐུ་དང་ཞིང་ཁམས་རྫོགས་པར་འཆར། ། ཞེས་པས། སྐུ་ནི་ཀླད་པ་དུང་ཁང་ན་ཁྲག་འཐུང་ཁྲོ་བོ་ལྷ་ཚོགས་བཞུགས་པ་རྣམས་ཞག་རེ་རེ་བཞིན་དུ་རིམ་པར་འཆར་བར་འགྱུར་ལ། འོད་ཁྱིམ་ཚོམ་བུ་ལྔ་ལྡན་བཀྲ་བའི་ནང་དུ་དབུས་སུ་ཀུན་སྣང་ཁྱབ་པ། ཤར་དུ་གསལ་བ་རང་བྱུང་། བྱང་དུ་དགེ་ལྷ་གར་ཕྱུག  ནུབ་ཏུ་བྱེ་བྲག་དངོས་མེད། ལྷོ་རུ་དགའ་བ་དོན་གྲུབ་རྣམས་ཡབ་ཡུམ་རྒྱན་རྫོགས་སུ་འཆར་བས་གང་ཤར་བ་ཐམས་ཅད་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག ། རིགས་ཀྱི་བུ། དེའི་དུས་སུ་རང་གི་སྙིང་ག་ནས་འོད་ཤིན་ཏུ་ཕྲ་བ་ཞིག་གིས་སྐུ་དེ་དག་གི་ཐུགས་ཀར་འབྲེལ་བར་སྣང་ལ། འོད་དེ་ལ་རང་གི་ཤེས་པ་ཟིན་ན་རིག་པ་འོད་ལ་འཇུག་པ་ཞེས་བྱ་སྟེ་གྲོལ་བར་འགྱུར་ལ་སྐུ་དེ་རྣམས་ཟེར་ཐག་ལས་རང་གི་སྙིང་གར་ཚུར་ཐིམ་པ་སྙམ་བྱེད་ན་འོད་རིག་པ་ལ་ཐིམ་པ་ཞེས་བྱ་སྟེ། རང་སྣང་དུ་ཡིད་ཆེས་བསྐྱེད་ཅིང་རང་ངོ་སྐྱོང་བས་གྲོལ་བར་འགྱུར་རོ། དབང་བོ་འབྲིང་ལ། འོད་སེར་བོ། སྔོན་པོ། དམར་པོ། ལྗང་གུ། དཀར་པོ་དང་ལྔ་རིམ་པ་བཞིན་དུ་ཞག་ལྔའི་བར་དུ་འོད་རེ་རེ་འཆར་རོ། གོམས་འདྲིས་མེད་ཅིང་དབང་པོ་ཐ་མ་རྣམས་ལ། སྒྲ་འོད་ཟེར་གསུམ་གྱི་ཀློང་ན་ཁྲོ་བོ་རྣམས་ཤིན་ཏུ་གཤིན་རྗེ་དང་། དུད་འགྲོའི་མགོ་བརྙན་ཅན་ཤིན་ཏུ་འཇིགས་ཤིང་རྔམ་པ། ལག་ན་མཚོན་ཆ་སྣ་ཚོགས་ཐོགས་ནས། སོད་སོད་རྒྱོབ་རྒྱོབ་ཀྱི་སྒྲ་སྒྲོགས་པ་བསམ་གྱིས་མི་ཁྱབ་པ་འཆར་བ་སྟེ། དེ་དག་རང་སྣང་ཡིན་པས་འཇིགས་སྐྲག་མ་བྱེད་ཅིག རང་སྣང་དུ་མ་ཤེས་ནས་འཇིགས་ཤིང་སྐྲག་ན་འཁོར་བར་སྐྱུར་ཏེ། ཡང་རྩེ་ལས། སྒྲ་འོད་ཟེར་གསུམ་སྣང་བ་ཡིས། ། སྐྲག་ནས་འཁོར་བའི་གནས་སུ་སྐྱུར། ། གཞན་ནས་འབྱུང་བ་མ་ཡིན་ཏེ། ། ལུས་དང་གྲིབ་མའི་ཚུལ་དུ་གནས། ། ཞེས་གསུངས་སོ། དེ་དག་གང་གི་དུས་སུ་ཡང་མ་གྲོལ་ན་ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་སྟེ། རང་གི་སྙིང་ག་ནས་འོད་ཀྱི་ཐག་པ་ཤིན་ཏུ་ཕྲ་བ་ཞིག སྟེང་གི་ནམ་མཁའ་ལ་ཟུག་པ། དེ་ལ་བལྟས་པས་སྣང་བ་དེ་རྒྱ་ཆེ་བར་འཆར་ཏེ། དེ་ཡང་འོད་མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་བཞིའི་སྣམ་བུ་འབྱར་ལ་མ་རེག་པ། སོ་སོའི་སྟེང་དུ་རང་རང་གི་ཁ་དོག་དང་མཐུན་པའི་ཐིག་ལེ། མེ་ལོང་ཙམ་རེ་ལ་ཐིག་ཕྲན་ལྔ་ལྔས་བརྒྱན་པར་འཆར་ལ། དེ་དག་གི་སྟེང་ན་འོད་ཟླུམ་རྨ་བྱའི་གདུགས་ལྟ་བུ་ཞིག་འཆར་བར་འགྱུར་བས། དེ་དག་རིག་པའི་རང་གདངས་རང་བཞིན་མེད་པ་ངོ་ཤེས་པར་གྱིས་ཤིག་དང་གྲོལ་བར་འགྱུར་རོ། རིགས་ཀྱི་བུ། དེ་ངོ་མ་ཤེས་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པ་ཞེས་བྱ་སྟེ། སྔར་གྱི་སྣང་བ་དེ་དག་དང་རིག་པ་སྟེང་གི་འོད་ཟླུམ་ལ་འདུས་པ་སྙམ་བྱེད་པའི་རྩལ་ལས། སྟེང་ན་ཀ་དག་གི་སྣང་བ་ནམ་མཁའ་གཡའ་དག་པ་ལྟ་བུ་དང་། དེའི་འོག་ན་ཁྲོ་བོའི་དཀྱིལ་འཁོར། དེའི་འོག་ན་ཞི་བའི་ལྷ་ཚོགས། ཕྱོགས་མཚམས་ན་རང་བཞིན་སྤྲུལ་བའི་ཞིང་ཁམས། འོག་ན་རིགས་དྲུག་གི་སྣང་བ་འདུལ་བ་སྟོན་པ་དང་བཅས་པ། རང་སྣང་བ་གཞི་ལས་མ་གཡོས་པའི་གཞི་སྣང་ཞེས་བྱ་སྟེ། རང་སྣང་གཟུགས་བརྙན་ལྟར་ཤར་བ་རང་རྩལ་འགགས་པ་མེད་པའི་འཕྲུལ་དུ་ཤེས་པས་བོན་སྐུར་གྲོལ་བར་འགྱུར་རོ། རིགས་ཀྱི་བུ། སྣང་བ་དེ་དག་ནང་དུ་སྡུད་པའི་ཚེ་ན་ཐིམ་ལུགས་བརྒྱད་ཀྱིས་རིག་པ་རང་ཡུལ་དུ་ལྡོག་སྟེ། ཀ་དག་ལྷུན་གྲུབ་དབྱེར་མེད་ལ་གནས་པ་ངོ་ཤེས་པས། ཕྱིར་མི་ལྡོག་པར་བོན་གྱི་སྐུའི་གཏན་སྲིད་ཟིན་པ་སྟེ། འཁོར་འདས་དབྱིངས་སུ་ནུབ་སྟེ་གཞི་གྲོལ་ལ་སོང་བ་ངོ་ཤེས་པར་གྱིས་ཤིག ། ཨཿཨཱོྃ་ཧཱུྃ། སྒྱུ་མ་ལུས་ཀྱི་འཁྲུལ་འཁོར་འཇིག་ནས་སུ། ། བོན་ཉིད་འོད་གསལ་བར་དོ་འཆར་བའི་ཚེ། ། སྒྲ་འོད་ཟེར་དང་སྐུ་དང་ཞིང་ཁམས་དང་། ། ཕ་རོལ་གཤིན་རྗེའི་སྣང་བ་འཆར་བའི་ཚེ། ། གང་ཤར་སྣང་བ་རང་སྣང་ཤེས་པ་དང་། ། བོན་ཉིད་བར་དོའི་སྣང་ཚུལ་ངོ་ཤེས་ནས། ། བར་དོར་ངེས་པར་གྲོལ་བར་བྱིན་གྱིས་རློབས། ། བླ་མ་མཁྱེན་ནོ་ཐུགས་རྗེས་བཟུང་དུ་གསོལ། ། བར་དོའི་འཁྲུལ་སྣང་ཆོད་པར་བྱིན་གྱིས་རློབས། ། སྟོང་རིག་མ་བུ་འཕྲད་པར་བྱིན་གྱིས་རློབས། ། ཞེས་བརྗོད་པས། དེ་ནས་བོན་ཉིད་བར་དོར་སྤར་ཆོག་བྱེད་པ་ལ། དམིགས་རིམ་ནི། འོ་རིགས་ཀྱི་བུ། ཁྱོད་རང་གི་མདུན་གྱི་བར་སྣང་ལ། འཇའ་འོད་སྣ་ལྔ་འཁྲུགས་པའི་ཀློང་ན་རྫོགས་སྐུ་གཤེན་ལྷ་འོད་དཀར་ལ་འཕོ་ཁྲིད་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། དེའི་ཐུགས་ཀར་ཁྱེད་རང་གི་རྣམ་ཤེས་ཨཿཡི་རྣམ་པ་ཅན་དེ་ཐིམ་ནས་ཀུན་ཏུ་བཟང་པོའི་ཐུགས་དང་དབྱེར་མེད་དུ་སངས་རྒྱས་པ་སོམ་ཞིག དེ་ནས་གསོལ་བ་འདེབས་པ་ནི། ཨེ་མ་ཧོ། སྐྱེས་མེད་སྤྲོས་བྲལ་གདལ་བའི་ཞིང་ཁམས་ནས། ། བོན་སྐུ་ཀུན་ཏུ་བཟང་བོ་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་བདེ་ཆེན་ཞིང་དུ་དྲོངས། ། རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་མཛད་གསོལ། ། འོག་མུན་སྟུག་པོ་བཀོད་པའི་ཞིང་ཁམས་ནས། ། རྫོགས་སྐུ་གཤེན་ལྷ་འོད་དཀར་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་བདེ་ཆེན་ཞིང་དུ་དྲོངས། ། རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་མཛད་གསོལ། ། གཡུ་ལུང་ཤེལ་བྲག་གསང་བའི་གནས་མཆོག་ནས། སྤྲུལ་སྐུ་འཆི་མེད་གཙུག་ཕུད་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་བདེ་ཆེན་ཞིང་དུ་དྲོངས། ། རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་མཛད་གསོལ། །གསང་གནས་གཡུང་དྲུང་གཏམ་པའི་ཕོ་བྲང་ནས། ། བླ་ཆེན་དྲན་པ་ནམ་མཁའ་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་བདེ་ཆེན་ཞིང་དུ་དྲོངས། ། རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་མཛད་གསོལ། ། ཨོ་རྒྱན་དབང་ལྡན་བཀོད་པའི་གནས་མཆོག་ནས། ། རིག་འཛིན་ནམ་མཁའ་སྒྲོན་གསལ་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་བདེ་ཆེན་ཞིང་དུ་དྲོངས། ། རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་མཛད་གསོལ། ། རང་སྣང་པདྨ་འོད་ཀྱི་ཞིང་ཁམས་ནས། ། སློབ་དཔོན་གཡུང་དྲུང་མཐོང་གྲོལ་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་བདེ་ཆེན་ཞིང་དུ་དྲོངས། ། རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་མཛད་གསོལ། ། རང་རང་གར་བཞུགས་བདེ་བ་ཆེན་པོའི་ཞིང་། ། རྒྱལ་སྲས་སྤྲུལ་སྐུ་རྣམ་བཞི་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་བདེ་ཆེན་ཞིང་དུ་དྲོངས། ། རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་མཛད་གསོལ། ། འགྲོ་བ་ཐར་བར་འདྲེན་པའི་གནས་མཆོག་ནས། ། འཕོ་ཁྲིད་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་བདེ་ཆེན་ཞིང་དུ་དྲོངས། ། རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་མཛད་གསོལ། ། སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ནས། ། དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་བདེ་ཆེན་ཞིང་དུ་དྲོངས། ། རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་མཛད་གསོལ། ། ཕཊཿ  ཕཊཿ  ཕཊཿ  ཅེས་དམིགས་མེད་དུ་བཞག་གོ ། ༆ ད་ནི་སྲིད་པ་བར་དོའི་ངོ་སྤྲོད་དཔག་ཆེན་གྱི་མདའ་འཕེན་པ་ལྟ་བུའི་གདམས་ངག་བསྟན་ཏེ། འོ་རིགས་ཀྱི་བུ། གོང་གི་བོན་ཉིད་འོད་གསལ་གྱི་བར་དོའི་སྐབས་སུ་ངོས་མ་ཟིན་ན། སྲིད་པ་བར་དོ་རྨི་ལམ་དང་འདྲ་བ་འཆར་བའི་ཚེ། རྫོགས་ཆེན་གྱི་སྒོ་མཐོང་བ་རྣམས་ནི་དྲན་པ་སད་ནས་སྔོན་དུ་བོན་ཉིད་བར་དོར་ངོས་མ་ཟིན་ནས་སྲིད་པའི་བར་དོར་འཁྱལ་པ་དེ་ངོ་ཤེས་པ་འབྱུང་བས། དེའི་དུས་སུ་ཁྱོད་རང་བཞིན་སྤྲུལ་པའི་ཞིང་དུ་འགྲོ་བར་གྱིས་དང་། ཞིང་ཁམས་དེར་སྐྱེ་བར་འགྱུར་རོ། ཞིང་ཁམས་དེ་ནི་རང་སྣང་ལས་གྲུབ་པའི་ཞིང་ཁམས། ཤར་མངོན་པར་དགའ་བ། བྱང་ལས་རབ་རྫོགས་པ། ནུབ་པདྨ་བརྩེགས་པ། ལྷོ་དཔལ་དང་ལྡན་པ། དབུས་ལྷུན་གྱིས་གྲུབ་པ་དེ་དག་ཏུ་ཞིང་གི་གཙོ་བོ་འཁོར་དང་བཅས་པ་བཞུགས་པ། དེར་མེ་ཏོག་པདྨའི་ཁ་ལ་རྫུས་སུ་སྐྱེས་ཏེ། ལོ་ལྔ་བརྒྱ་ན་བོན་ལ་སྤྱོད་ནས་བར་དོ་མེད་པར་སངས་རྒྱ་བར་འགྱུར་རོ། དེར་མ་གྲོལ་བ་རྣམས་ནི་སྲིད་པའི་བར་དོའི་སྣང་བ་འཆར་ཏེ། ཁྱབ་བྱེད་མེ་ཆུ་ས་རླུང་རྣམས་ཚུར་ལོག་ནས། དུག་གསུམ་མམ་དུག་ལྔ་ལས་གྱུར་པའི་རྣམ་རྟོག་ཀུན་ཀ་བསླངས། རླུང་དང་རྣམ་ཤེས་ཟུང་དུ་འབྲེལ་པའི། སྔོན་གྱི་རང་གི་གཟུགས་སུ་གྲུབ་པ། དབང་རྟེན་མེད་ཀྱང་ཡོད་ཡོད་འདྲ་བ་ལ་དབང་ཤེས་ཀུན་ཚང་བར་ཡོད་དེ། ཡུལ་ལ་འདོད་སྲེད་ཤིན་ཏུ་ཆེ། ཐོག་བཅས་ཀྱི་ལུས་མེད་པས་རི་བྲག་དངོས་པོ་ཀུན་ལ་ཐོགས་མེད་དུ་འགྲོ། སྔོན་དུས་ཀྱི་རྐང་བས་ས་ལ་གར་རེག  ཞལ་གྱི་ཕྱོགས་གར་གཟིགས། ཁའི་མཆིལ་ཐིག་གར་བོར། བ་སྤུ་རླུང་གིས་གར་བསྐྱོད་ས་ལ་སྐད་ཅིག་བསམ་མ་ཐག་ཏུ་སླེབ། ཏིང་ངེ་འཛིན་སོགས་དགེ་བའི་ཡོན་ཏན་ལས་བྱུང་བ་མིན་པར། ལས་ཀྱི་ཤུགས་ལས་གྲུབ་པའི་རྫུ་འཕྲུལ་སྣ་ཚོགས་དང་ལྡན་ཏེ། ལྐོག་ཏུ་གྱུར་བའི་བྱ་བ་ཐམས་ཅད་ལ་མི་ཤེས་པ་དང་མི་མཐོང་བ་མེད་པར། ཆོ་ག་མཁན་པོའི་སེམས་བསྐྱེད་རྒྱ་ཆེ་ཆུང་། ཆོ་ག་དག་མ་དག  ཚུལ་ཁྲིམས་དང་ལྡན་མི་ལྡན། སྦྱིན་བདག་གིས་དད་པ་ཡོད་མེད། སེར་སྣ་ཆེ་ཆུང་སོགས་ཐམས་ཅད་མ་བསྒྲིབས་པར་ཤེས། བར་དོ་རིགས་མཐུན་གྱི་ནང་ཕན་ཚུན་དང་། ལྷའི་མིག་སྐྱོན་དང་བྲལ་བས་མཐོང་བ་ཅན་དུ་གྱུར། དེ་ཡི་ཚེ་རང་ལུས་ཀྱི་རོ་མཐོང་ཡང་། ཤི་ནས་བར་དོར་འཁྱམས་པ་མི་ཤེས་ཏེ། རང་གི་ཁང་ཁྱིམ་དང་ནོར་རྫས་ལ་བདག་ཏུ་འཛིན། ཉེ་འབྲེལ་རྣམས་ཀྱིས་ཟས་ནོར་ལ་ལོངས་སྤྱོད་པའི་ཚེ། ཕངས་སེམས་མི་སྐྱེས་པ་དང་། ཉེ་དུ་རྣམས་ཀྱི་ངུ་སྒྲས་ཁེངས་འདི་ཅི་ཡིན་སྙམ་སྟེ། ང་ཤི་བ་མ་ཡིན་ནམ་སྙམ་ནས་རང་ལུས་ལ་ལན་དགུའི་བར་དུ་ཞུགས་ཀྱང་། འཛུལ་བའི་ཐབས་མི་རྙེད་པ་དེ་ནི། སྲིད་པའི་བར་དོ་ལ་འཁྱམས་པའི་རྟགས་ཡིན་ནོ། དེའི་ཚེ་ཁྱོད་ལ་མ་ངེས་པའི་རྟགས་དྲུག་འབྱུང་སྟེ། གནས་ལ་ངེས་པ་མེད་དེ། ཁང་སྟོང་བྲག་ཕུག་ཕུག་རྡུགས་རྣམས་སུ་སྡོད་ཅིང་། འཕོ་འགྱུར་མང་དུ་བྱེད། རྟེན་ངེས་མེད་བྱ་སྒྲོ་རླུང་གིས་ཁྱེར་བ་དང་འདྲ་སྟེ། ཟོམ་དང་ངལ་སྟེགས་མཆོད་རྟེན་སོགས་ལ་རྟེན། སྤྱོད་པ་ངེས་མེད་བྱེད་ལས་སྣ་ཚོགས་སུ་འགྱུར། ཁ་ཟས་ངེས་མེད་བཟང་ངན་སྣ་ཚོགས་སུ་མཐོང་ཡང་། མ་བསྔོས་པ་རྣམས་མི་ཐོབ། གྲོགས་ངེས་པ་མེད་པ་ལྷ་འདྲེ་སྲིན་པོ་ལ་སོགས་བར་དོའི་འགྲོ་བ་རྣམས་དང་ཡུད་ཙམ་རེ་འགྲོགས།  སྣང་ཚུལ་ངེས་མེད་བདེ་སྡུག་སྣ་ཚོགས་སུ་མཐོང་སྟེ། ཕལ་ཆེར་སྡུག་བསྔལ་དང་བླ་མ་ཐུགས་རྗེ་ཅན་གྱི་སྐྱབས་སུ་ཚུད་པའི་དུས་མ་གཏོགས་བདེ་བ་མེད་དོ། དེ་ནས་འཇིགས་པའི་དགྲ་བཞི་ཤར་ཏེ། ས་རླུང་ལོག་པའི་ཁང་རྡིབ་དང་རི་སྙིལ་ལྟ་བུ་ཆུ་རླུང་ལོག་པའི་རྒྱ་མཚོ་ཆུ་ཆེན་དུ་བྱིང་བ། མེ་རླུང་ལོག་པའི་རི་ལུང་མེ་ཡིས་ཚིག་པ། རླུང་གི་རླུང་ལོག་པའི་རླུང་ནག་འཚུབ་མས་ཁྱེར་རོ་སྙམ་པའི་འཇིགས་པ་ཤར། དུག་གསུམ་ལས་བྱུང་བའི་གཡང་ཟ་དཀར་དམར་ནག་གསུམ་དུ་མཐོང་། གཞན་ཡང་ཚེ་འདིར་སྡིག་པ་གང་བསགས་ཀྱི་ལན་ཆགས་སྙེགས་པ། ཆར་མུན་དང་ལྷགས་པ་ཆེན་པོས་བཏབ། རྣག་ཁྲག་གི་སེར་བས་བརྡུང་བ་སོགས་སྡུག་བསྔལ་དཔག་མེད་འཆར་བ་སྟེ། རྒྱུད་ལས། ལྷ་འདྲེས་སྡང་བྱས་འཆི་བདག་བདུད་ཀྱིས་དེད། ལས་ཀྱི་གཤིན་རྗེས་ཁྲིད་ནས་དགེ་སྡིག་བརྩི། ཞེས་གསུངས་སོ། དེའང་ཡར་མར་ཟར་ཐལ་མ་གཏོགས་ཚེ་འདས་ཕལ་ཆེར་གྱི་རྣམ་ཤེས་བདུན་ཕྲག་བདུན་དུ་སྡུམ་དང་སྡུམ་ཁྱིམ་གྱི་ཚུལ་དུ་འཁོར་བ་སྟེ། རྒྱུད་ལས། ཚེ་ཚད་བདུན་ཕྲག་བདུན་ནམ་བསྐལ་བ་བདུན། ཞེས་སོ། བདུན་ཕྲག་རེ་རེའི་མཚམས་སུ་སྐྱེ་ཤིའི་སྣང་བདུན་ཚིགས་ཀྱི་སྐབས་སུ་འཕོ་ཆོག་དང་སྨོན་ལམ་སོགས་གལ་ཆེའོ། བ་རེ་རེ་འབྱུང་ཞིང་། སྐྱེ་བ་ལེན་ན་ཡང་དེའི་དུས་སུ་ལེན་ལ། བདུན་དུ་སྐྱེས་ཡང་རྫུས་ནས་སྐྱེ་ལ་སྐྱེ་འཆི་སྐད་ཅིག་ལ་བྱེད་དོ། ལུས་ལེན་ན་སྐྱེ་བ་སྔ་རྟགས་སུ་འོད་ལམ་སོ་སོར་འཆར་ཏེ། ཡང་རྩེ་ལས། ལམ་དུ་འོད་ལྔ་འཛིན་པས་བཟུང་། ། སྔོན་གྱི་ལས་ཀྱིས་གང་མཐུན་དུ། ། སྐྱེ་ལུས་ལེན་ཞིང་ཁྲིད་པར་བྱེད། ། ཅེས་པས། འོག་གི་ལྟུང་སྒོ་འོད་ལམ་ནག་པོའི་ནང་དུ་མ་འགྲོ ། དམྱལ་བ་ཚ་གྲང་གི་ཡུལ་དུ་འགྲོ་བའི་ལམ་ཡིན། ནུབ་སྒོ་འོད་ལམ་དམར་པོའི་ནང་དུ་མ་འགྲོ། ཡི་དྭགས་བཀྲེས་སྐོམ་གྱི་ཡུལ་དུ་འགྲོ་བའི་ལམ་ཡིན། ཤར་སྒོ་འོད་ལམ་མཐིང་གའི་ནང་དུ་མ་འགྲོ། བྱོ་སོང་གླེན་ལྐུགས་ཀྱི་ཡུལ་དུ་འགྲོ་བའི་ལམ་ཡིན། ལྷོ་སྒོ་འོད་ལམ་སེར་པོའི་ནང་དུ་མ་འགྲོ། མི་བྲེལ་ཕོངས་ཀྱི་ཡུལ་དུ་འགྲོ་བའི་ལམ་ཡིན། བྱང་སྒོ་འོད་ལམ་ལྗང་གུའི་ནང་དུ་མ་འགྲོ། ལྷ་མིན་འཐབ་རྩོད་ཀྱི་ཡུལ་དུ་འགྲོ་བའི་ལམ་ཡིན། སྟེང་སྒོ་འོད་ལམ་སྐྱ་བོའི་ནང་དུ་མ་འགྲོ། ལྷ་ཕམ་ལྟུང་གི་ཡུལ་དུ་འགྲོ་བའི་ལམ་ཡིན། སྟེང་མཐོངས་འོད་ལམ་དཀར་པོ་དེ་ཐར་བའི་ལམ་ཡིན། ལམ་སྣེ་ན་འོག་མིན་བདེ་བ་ཆེན་པོའི་ཞིང་ཁམས་ཡོད། དེ་རུ་སྐྱབས་གནས་ཞི་ཁྲོ་ལྷ་ཚོགས་བཞུགས་པས་དེ་རུ་སོང་ཞིག  དེ་དག་ལའང་ལས་དབང་གི་འགྲོ་མ་ཐུབ་ན། སྐྱེ་བ་ཕྱི་མའི་ལུས་ལེན་དུ་ཉེ་བས། དེའི་ཚེ། ཡང་རྩེ་ལས། ངན་སོང་གསུམ་དུ་སྐྱེ་འགྱུར་ན། ། ཐུར་ལ་འགྲོ་ཞིང་སྤྱི་ཚུགས་འགྲོ ། ལྷ་དང་ལྷ་མིན་སྐྱེ་འགྱུར་ན། ། གྱེན་ལ་འགྲོ་བའི་སྣང་བ་འབྱུང་། ། མི་ཡི་གནས་སུ་སྐྱེ་འགྱུར་ན། ། རྩིབས་དང་འཕྲེད་ལ་འགྲོ་བའི་སྣང་བ་འབྱུང་། ། ཞེས་དང་ཡང་ན་མགོ་ཡང་ལྷ་མིར་སྐྱེ་ན་གྱེན། ལྷ་མིན་དང་བྱོལ་སོང་འཕྲད། དམྱལ་བ་དང་ཡི་དྭགས་ཐུར་དུ་སྟོན་ཞིང་། ཕ་རོལ་སྣང་བའི་འཆར་ལུགས་ལ། དམྱལ་བ་ལ་སྡོང་དུམ། ཡི་དྭགས་ལ་ཆུའམ་དུ་བ། བྱོལ་སོང་ལ་ཁྲག་མཚོ། ལྷ་མིན་ལ་ཁ་ཆར་རྣམས་སུ་སྣང་བ་ནི། ད་གདོད་གནས་དེ་དག་ཏུ་སྐད་ཅིག་ལ་སྐྱེ་བའི་རྟགས་ཡིན་ལ། མངོན་གྱུར་དུ་ལྷ་ལ་ཁང་བཟང་དང་མེ་ཏོག་གི་ཚལ། ལྷ་མིན་ལ་དམག་འཁྲུགས་དང་རླུང་འཚུབ་ཀྱི་གསེབ། བྱོལ་སོང་ལ་སྤྱིལ་པོའམ་ན་བུན་གྱི་ནང་། ཡི་དྭགས་འདམ་རྫབས་སམ་གྲོག་པོ་ཕུག་རྡུགས། དམྱལ་བ་ལ་ས་དོང་ནག་པོའམ་ལྕགས་ཀྱི་གྲོང་ཁྱེར་མུན་ནག་གཏིབས་པ་སྟེ། དེ་དག་ཏུ་འཛིན་པ་ཞུགས་ནས་འཁོར་ཞིང་དེར་འདུག་པ་སྙམ་བྱེད་ན། ཕྱི་མའི་སྐྱེ་གནས་སུ་ཚུད་པ་ཉེ་བས་དེ་དག་ལ་མ་འཇུག། མིའི་སྐྱེ་གནས་ལ་རྟགས་མ་ངེས་པ་འབྱུང་སྟེ། ལུས་འཕགས་པོར་ངང་པས་བརྒྱན་པའི་མཚོ། དེ་བཞིན་དུ་བ་གླང་སྤྱོད་དུ་གླང་། སྒྲ་མི་སྙན་དུ་རྟས་བརྒྱན་པའི་མཚོ། འཛམ་གླིང་ལའང་ན་བུན་གྱི་ནང་དུ་འགྲོ་ན་མཐའ་འཁོབ། རབ་ཏུ་གྲང་བ་སྙམ་ན་མི་ལུས་ཙམ་པོ། རྨུགས་པའི་ནང་དུ་འགྲོ་ན་དབང་བོ་མི་ཚང་པ། སྐྱེ་བོ་འདུག་པའི་གསེབ་ན་འདུག་སྙམ་བྱེད་ན། མི་ལུས་རིན་པོ་ཆེའི་མངལ་དུ་ཚུད་པ་ཉེ་བའི་རྟགས་སོ། དེ་ཡང་འདོད་པར་སྐྱེ་ན་ཡུལ། གཟུགས་སུ་སྐྱེ་ན་འོད། གཟུགས་མེད་ལ་ཅི་ཡང་མེད་པའི་སེམས་གནས་ལ་དགའ་གདུང་སྟེ། གང་དུ་སྐྱེ་བའི་གནས་ཡིད་ལ་ལྷག་པ་འོང་ཞིང་ཆགས། དེ་ལས་གཞན་པ་ལ་སྡང་སྐྱེ་ཞིང་། རང་ཉིད་ཕོ་རུ་སྐྱེ་ན་མ་ལ་ཆགས་ཤིང་ཕ་ལ་སྡང་བ། མོ་རུ་སྐྱེ་ན་ཕ་ལ་ཆགས་ཤིང་མ་ལ་སྡང་བ་སྐྱེ་བའོ། མདོར་ན་སྲིད་པའི་བར་དོ་འདིར་ཆགས་སྡང་གཉིས་ཀྱིས་གནས་མཐོ་དམན་དུ་བརྒྱུད་པས། རབ་ཆགས་སྡང་རང་རིག་ཡེ་ཤེས་སུ་ངོས་བཟུང་ལ་སྐྱེ་གནས་ལས་བཟློག  འབྲིང་གིས་སྒྱུ་མ་རྨི་ལམ་ཙམ་དུ་ཤེས་པར་བྱོས་ལ་བཟློག  ཐ་མས་སྐྱེ་གནས་ངན་པ་བཀག་ཅིང་བཟང་པོ་འདམ་པ་བྱ་སྟེ། རྒྱུད་ལས། ཕ་རོལ་བར་དོར་ཆགས་སྡང་འཁྲུལ་བ་ཡིན། ཞེས་དང་། ཕ་རོལ་ཤེས་བཞིན་ཆགས་སྡང་ཡེ་ཤེས་བསྲེ། ཞེས་གསུངས་སོ། གང་དུ་སྐྱེ་གནས་བཞི་བོ་ལས་མི་འདའ་སྟེ། མངལ་སྒོང་རྫུས་དྲོད་གཤེར་གང་རུང་ལས་འགྲོ་དྲུག་སོ་སོའི་ལུས་སུ་སྐྱེའོ། དེ་ནས་སྲིད་པའི་བར་དོར་སྤར་ཆོག་ནི། འོ་རིགས་ཀྱི་བུ། ཁྱོད་རང་གི་སྤྱི་གཙུག་ཐད་ཀྱི་ནམ་མཁའ་ལ། སངས་རྒྱས་སྨོན་ལམ་མཐའ་ཡས་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་སུ་བཞུགས་པའི་ཐུགས་ཀར་འོད་ཀྱི་འཁོར་ལོའི་དབུས་སུ་ཨཱཿདཀར་པོར་བསམ། ཁྱོད་རང་གི་རྣམ་ཤེས་ཀྱང་ཨཱཿདཀར་པོ་གཅིག་ཏུ་གྱུར་ཏེ། སྨོན་ལམ་མཐའ་ཡས་ཀྱི་ཐུགས་ཀར་དབྱེར་མེད་གཅིག་གི་ངང་དུ་སངས་རྒྱས་པར་བསམ། གསོལ་འདེབས་ནི། ཨེ་མ་ཧོ། བོན་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། ། སངས་རྒྱས་སྨོན་ལམ་མཐའ་ཡས་ལ་གསོལ་བ་འདེབས། ། སྟོང་ཆེན་དམུ་ཚ་གྱེར་མེད་ལ་གསོལ་བ་འདེབས། ། སྤྲུལ་སྐུ་བློ་ལྡན་སྙིང་བོ་ལ་གསོལ་བ་འདེབས། ། མཁན་ཆེན་ཉི་མ་བསྟན་འཛིན་ལ་གསོལ་བ་འདེབས། ། ཨོ་རྒྱན་བདེ་ཆེན་གླིང་བ་ལ་གསོལ་བ་འདེབས། ། གཏེར་སྟོན་གསང་སྔགས་གླིང་བ་ལ་གསོལ་བ་འདེབས། ། འཕོ་ཁྲིད་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། ། དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། ། ཚེ་འདས་རྣམ་ཤེས་ཨཱཿཡི་རྣམ་པ་ཅན། ། ཚད་མེད་ཐུགས་རྗེའི་ལྕགས་ཀྱུས་ཡར་དྲོངས་ལ། ། སྨོན་ལམ་མཐའ་ཡས་ཐུགས་ཀར་ཐིམ་གྱུར་ཅིག ། ཕཊཿ  ཕཊཿ  ཕཊཿ   ཅེས་དམིགས་མེད་དུ་བཞག་གོ། དེ་ལྟར་རིགས་དྲུག་གི་སྐྱེ་གནས་ངན་པ་རྣམས་བཀག་ནས་ལས་བཟང་གི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི། འོ་རིགས་ཀྱི་བུ། གལ་ཏེ་སྐྱེ་བ་བླངས་དགོས་བྱུང་ཚེ། རང་དབང་དང་བཅས་པའི་སྐྱེ་བ་ལེན་པ་སྟེ། དེའང་གནས་ཁྱད་པར་དུ་འཕགས་པ་མཁའ་སྤྱོད་ཀྱི་ཡུལ་དང་། བདེ་བ་ཅན་གྱི་ཞིང་ཁམས་དང་། འོལ་མོ་གླིང་ཆེན་རྣམས་སུ་སྐྱེ་དགོས་པས། གནས་དེ་རུ་མི་སླེབ་མི་ཐོན་མ་བསམ་དང་། བར་དོའི་རྣམ་ཤེས་རྟེན་མེད་ཡིད་ཀྱི་གཟུགས་ཅན་གྱི། ལུས་ཀྱི་རྫུ་འཕྲུལ་རྩལ་དང་ལྡན་པ་ཡིན་གྱི་དག་པའི་ཞིང་ཁམས་སུ་ཤེས་པ་བསྐྱོད་ཅིག  ཞིང་ཁམས་དེ་རུ་རིགས་བཟང་ཁུངས་བཙུན་གྱི་ཕ་མ་ཚོལ་ལ་འཕྲད་ཚེ། དེ་གཉིས་ཉལ་བོ་བྱེད་པའི་དུས་ཆགས་སྡང་མེད་པ་ཕ་མ་གཉིས། གང་མོས་ཀྱི་ལྷ་ཡབ་ཡུམ་དུ་བསམ་སྟེ། དྲན་པ་ཙིར་གྱིས་ཟུང་ལ་སྐྱེ་བ་ཕྱི་མ་འདི་ལ་འགྲོ་བ་འདྲེན་པ་བྱ་དགོས་བསམ་པས་འཇུག་ན། ཕ་མ་དད་པ་ཅན་གྱི་བུ་རུ་སྐྱེས་ཏེ། ཆུང་ནས་དད་བརྩོན་ཤེས་རབ་ཆེ་ཞིང་། བླ་མ་དགེ་བའི་བཤེས་གཉེན་དང་མཇལ། ཐེག་ཆེན་གདམས་པ་དང་ཕྲད་ནས་སངས་རྒྱས་པར་འགྱུར་ཏེ། གསེར་ཞུན་ལས། འོད་གསལ་གདམས་པའི་ཉམས་ལེན་དེས། ། ཕ་མ་རིགས་ལྡན་བུར་སྐྱེས་ནས། ། སླར་ཡང་གདམས་པ་འདི་ཡིས་གྲོལ། ། ཅེས་གསུངས་སོ། དེ་ནས་སྤར་ཆོག་བྱ་སྟེ། འོ་རིགས་ཀྱི་བུ། ཁྱོད་རང་གི་མདུན་གྱི་ནམ་མཁའ་ལ་མཁའ་འགྲོ་ཀྱེ་མ་འོད་མཚོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། གཡས་གྲི་གུག་ནམ་མཁར་ཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། རུས་པའི་རྒྱན་དྲུག་གི་བརྒྱན་པ། ཞབས་གཉིས་གར་སྟབས་སུ་བཞེངས་པ། དེའི་ཐུགས་ཀར་ཡི་གེ་ཨཱཿདཀར་པོར་བསམ་ལ་ཁྱོད་རང་གི་རྣམ་ཤེས་ཨཱཿ་དཀར་པོ་དེ། མཁའ་འགྲོ་མའི་ཐུགས་ཀའི་ཨཱཿལ་ཐིམ་ནས་སངས་རྒྱས་པར་སྒོམས་ཤིག  དེ་ནས་གསོལ་འདེབས་ནི། ཨེ་མ་ཧོ། བོན་སྐུ་ཀུན་ཏུ་བཟང་མོ་ལ་གསོལ་བར་འདེབས། ། ཡུམ་ཆེན་ཀྱེ་མ་འོད་མཚོ་ལ་གསོལ་བར་འདེབས། ། མཁའ་འགྲོ་བསྐལ་བ་བཟང་མོ་ལ་གསོལ་བར་འདེབས། ། མཁའ་འགྲོ་ཐུགས་རྗེ་ཀུན་སྒྲོལ་ལ་གསོལ་བར་འདེབས། ། མཁའ་འགྲོ་འོད་ལྡན་འབར་མ་ལ་གསོལ་བར་འདེབས། ། མཁའ་འགྲོ་སྲིད་པའི་རྒྱལ་མོ་ལ་གསོལ་བར་འདེབས། ། འཕོ་ཁྲིད་བརྒྱུད་པའི་བླ་མ་ལ་གསོལ་བར་འདེབས། ། དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བར་འདེབས། ། ཚེ་འདས་རྣམ་ཤེས་ཨཱ་ཡིག་རྣམ་པ་ཅན། ། ཚད་མེད་ཐུགས་རྗེའི་ལྕགས་ཀྱུས་ཡར་དྲོངས་ལ། ཡུམ་ཆེན་བ་གའི་དབྱིངས་སུ་ཐིམ་ནས་ཀྱང་། ། གཉིས་མེད་གཅིག་ཏུ་སངས་རྒྱས་ཐོབ་པར་ཤོག ། ཕཊཿ  ཕཊཿ  ཕཊཿ  ཅེས་འཕོ་བྱ་འཕོ་བྱེད་འཕོ་ཡུལ་གསུམ་དམིགས་མེད་ངང་དུ་བཞག་གོ  ། དེ་ནས་སྨོན་ལམ་གདབ་པ་ནི། ཀྱེ་མ།  ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག ། ཀ་དག་བོན་སྐུའི་དབྱིངས་སུ་མངོན་གྲོལ་ནས། ། བོན་གྱི་སྐུ་ལས་གཟུགས་ཀྱི་སྐུར་སྤྲུལ་ཏེ། ། ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག ། དེར་མ་གྲོལ་ན་བོན་ཉིད་བར་དོ་རུ། ། རྗེས་དྲན་དྲུག་དང་མངོན་ཤེས་དྲུག་ཤར་ནས། ། གང་ཤར་སྣང་བ་རང་སྣང་ཤེས་ནས་སུ། ། རིགས་ལྔའི་ཞིང་དུ་མངོན་སངས་རྒྱས་པར་ཤོག ། ལས་ཀྱི་དབང་གིས་སྲིད་པའི་བར་དོ་ནས། ། རང་ངོ་མ་ཤེས་རིགས་དྲུག་ཞིང་བརྒྱུད་ན། ། སྤྲུལ་སྐུ་འདུལ་གཤེན་དྲུག་གི་ཐུགས་རྗེས་བཟུང་། ། འཁོར་བའི་གནས་ནས་མྱུར་དུ་ཐར་བར་ཤོག ། མདོར་ན་བར་དོ་གསུམ་པོ་གང་གི་ཚེ། ། བླ་མའི་གདམས་ངག་སེམས་ལ་དྲན་གྱུར་ནས། ། འཆི་སྲིད་བར་དོར་བོན་སྐུར་གྲོལ་བར་ཤོག ། བར་སྲིད་བར་དོར་རྫོགས་སྐུར་གྲོལ་བར་ཤོག ། སྐྱེ་སྲིད་བར་དོར་སྤྲུལ་སྐུ་གྲོལ་བར་ཤོག ། ཡི་དམ་ལྷ་ཡི་ལུང་བསྟན་བྱེད་པར་ཤོག ། མ་སྲིང་མཁའ་འགྲོས་ལམ་སྣ་འདྲེན་པར་ཤོག ། བོན་སྐྱོང་སྲུང་མས་བར་ཆད་སེལ་བར་ཤོག ། སྡིག་སྒྲིབ་བག་ཆགས་དབྱིངས་སུ་སངས་བར་ཤོག ། རང་རིག་ཀུན་བཟང་བདག་ཞལ་མཇལ་གྱུར་ཏེ། ། ལམ་ལྔ་ས་བཅུའི་བགྲོད་པ་མཐར་ཕྱིན་ནས། ། མཁའ་མཉམ་ཀློང་བརྡལ་བོན་ཉིད་ངང་མཉམ་ཤོག ། སླར་ཡང་བོན་གྱི་སྐུ་ལས་གཟུགས་ཀྱི་སྐུར། ། སྤྲུལ་ནས་འགྲོ་དོན་མཐའ་རུ་ཕྱིན་པར་ཤོག ། སྐྱབས་གནས་ཡུལ་མཆོག་གནས་བཞིའི་བྱིན་རླབས་དང་། ། བོན་ཉིད་བདེན་པ་ཆེན་པོའི་མཐུ་སྟོབས་དང་། ། བདག་གི་བསམ་སྦྱོར་དགེ་བའི་ནུས་མཐུ་ཡིས། ། སྨོན་ལམ་བཏབ་པ་ཇི་བཞིན་འགྲུབ་པར་ཤོག ། འདི་ནས་མི་རྟག་འཆི་འཕོས་་་་་    སོགས་བརྗོད། སྨྲས་པ། རང་གཞན་སྐྱེ་འགྲོ་སེམས་ཅན་ཐམས་ཅད་རྣམས། ། མི་རྟག་འཆི་བའི་དུས་ལ་ཐུག་ནས་སུ། ། བར་དོ་གསུམ་གྱི་སུན་མ་བྱུང་བའི་ཚེ། ། བར་དོའི་གདམས་ངག་གནད་དུ་ཆེ་སྙམ་ནས། ། རང་གཞན་དོན་དུ་བདག་གིས་འདི་ཉིད་བསྡེབས། ། འགལ་འཁྲུལ་མཆིས་ན་སྐྱབས་གནས་བཞི་ལ་འཆག ། དགེ་བས་མཁའ་མཉམ་སེམས་ཅན་མ་ལུས་ཀྱིས། ། བར་དོའི་སྣང་བ་ལམ་དུ་བླང་ནས་སུ། ། ཡ་ང་བག་ཚ་མེད་པའི་གདིང་ཐོབ་སྟེ། ། སྒྲ་འོད་ཟེར་གསུམ་སྐུ་གསུང་ཐུགས་སུ་གྲོལ། ། རྣམ་མཁྱེན་རྫོགས་པའི་སངས་རྒྱས་མཆོག་ཐོབ་ནས། ། བདེ་ཆེན་དབྱིངས་སུ་རྟག་ཏུ་གནས་པར་ཤོག ། ཅེས་པ་འདི་ནི་ཁྱུང་ཀ་རུའི་མཐོང་གྲོལ་ཁྲོད་ཀྱི་དབུ་མཛད་རྣམ་དག་འགྱུར་མེད་དང་། དྲུང་གཡུང་དྲུང་ཚུལ་ཁྲིམས་དང་དད་ལྡན་འགའ་ཞིག་གིས་སྔ་མོ་ནས་བསྐུལ་བ་དང་། ཁྱད་པར་རང་གི་སྙིང་བུ་ཤེས་རབ་མཆོག་ལྡན་ཉིད་དགོངས་པ་གཤེགས་ཁར་དགེ་རྫོངས་སུ་དམིགས་ནས་ཤར་རྫའི་བྱ་བྲལ་བཀྲ་ཤིས་རྒྱལ་མཚན་གྱིས་དགུང་ཞག་ནང་དུ་བྲིས་པའི་དགེ་བས། དམ་པ་དེ་ཉིད་ཀྱི་ཞལ་ཕྱག་འབྲེལ་བའི་སེམས་ཅན་རྣམས་ཐར་བ་ཐོབ་ཅིང་་ཐུགས་དགོངས་རྫོགས་པའི་རྒྱུ་རུ་བསྔོ་ཞིང་དབྱིངས་གྲལ་རིག་འཛིན་གྱི་ས་ཐོབ་པར་ཤོག་ཅིག་གུ། ། ཡི་གེ་བ་ནི་རང་གི་སློབ་བུ་ཉག་རོང་བ་པྲཛྙཱའི་མིང་གིས་བགྱིས་པ་དགེའོ། དགེའོ། དགེའོ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།