བདེར་བཤེགས་མཆོད་རྟེན་རྣམ་བརྒྱད་ཀྱི་ཐིག་རྩ་མདོར་བསྡུས་བཞུགས་སོ།།

བདེར་བཤེགས་མཆོད་རྟེན་རྣམ་བརྒྱད་ཀྱི་ཐིག་རྩ་མདོར་བསྡུས་བཞུགས་སོ། །
རྒྱལ་ཚབ་དཔོན་སློབ་ཀུན་བཟང་བློ་གྲོས།།

ཟབ་ཡངས་སྤྲོས་བྲལ་ཀུན་ཏུ་བཟང་། །
འགག་མེད་ལོངས་སྤྱོད་ལྷུན་ལ་རྫོགས། །
བྱེ་བ་ཕྲག་བརྒྱའི་ཞིང་གི་མགོན། །
སྐུ་གསུམ་རྒྱལ་ལ་གུ་ཏུན་ཧྲུན། །

བདེར་བཤེགས་རྒྱུད་བསྐུལ་ཐུགས་ཀྱི་རྟེན། ། བདེར་བཤེགས་ཐུགས་རྗེའི་བྱིན་དབབས་ཕྱིར། ། བདེར་བཤེགས་མཆོད་རྟེན་རྣམ་བརྒྱད་ཀྱི། ། བདེར་བཤེགས་ཕོ་བྲང་བཞེངས་ཚུལ་སྤྲོ། ། དེ་ཡང་ཐོག་མར་མཆོད་རྟེན་གྱི་ལོ་རྒྱུས་མདོར་བསྡུས་ནི། མདོ་ལས། ལྷུན་གྲུབ་རྒྱན་བཟང་དཔེ་བྱེད་འཕགས། ། གཡུང་དྲུང་ཁྲི་བསྐོས་མཆོད་པའི་རྟེན། ། ཅེས་སོགས་ཀྱི་སྐབས་ནས་བསྟན་པའི་སྤྱིར་མཆོད་རྟེན་ལ་དབྱེ་ན་དབྱིངས་ན་ལྷུན་གྱིས་གྲུབ་པའི་མཆོད་རྟེན ༡༢༠ བོན་ཉིད་སྐུ་ཡི་རྟེན་དང་། མཁའ་ལ་རང་བཞིན་རྫོགས་པའི་མཆོད་རྟེན ༡༢༠ རྫོགས་སྐུའི་རྟེན་དང་། ཀློང་དུ་ཅིར་ཡང་སྤྲུལ་བའི་མཆོད་རྟེན་ ༡༢༠ སྤྲུལ་སྐུའི་མཆོད་རྟེན་ཡིན་པར་བཞེད་པ་དང་། གོང་མ་གཉིས་བསྐྱེད་རྫོགས་ཀྱི་གཞི་རུ་གྱུར་བ། མཆོག་ཐུན་གྱི་དངོས་གྲུབ་འབྱུང་བའི་གཞིའོ། ཞེས་དང་། འདིར་བཤད་རྒྱུ་ནི་སྤྲུལ་སྐུའི་མཆོད་རྟེན་ཡིན་ལ། དེ་ཡང་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་བསམ་གྱིས་མི་ཁྱབ་པའི་ནང་ནས། ཐུགས་ཀྱི་རྟེན་ཡིན་པར་གསལ། དེ་ལའང་ཉན་ཐོས་སྡེ་བའི་ལུགས་ཀྱི་མཆོད་རྟེན་དང་། ཐེག་ཆེན་གཡུང་དྲུང་སེམས་དཔའི་ལུགས་ཀྱི་མཆོད་རྟེན་གཉིས་ཡོད་པ་ལས། འདིར་རྗེ་མཉམ་མེད་ཆེན་པོའི་དགོངས་པ་ལྟར་ཐེག་ཆེན་གྱི་ལུགས་སུ་བཤད་པ་ཡིན། འདི་ལ་རྩ་བ་མཆོད་རྟེན་རྣམ་བརྒྱད་དེ། དང་པོ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན། གཉིས་པ་རྣམ་པར་རྒྱལ་བའི་མཆོད་རྟེན་དང་། གསུམ་པ་བཀྲ་ཤིས་སྒོ་མང་མཆོད་རྟེན། ལྔ་བ་པད་མ་སྤུངས་པའི་མཆོད་རྟེན། དྲུག་པ་རི་རྒྱལ་དབྱེན་ཟླུམ་གྱི་མཆོད་རྟེན། བདུན་པ་ལྷ་བབས་གློ་འབུར་གྱི་མཆོད་རྟེན། བརྒྱད་པ་མྱང་འདས་ཆིག་ཟླུམ་མཆོད་རྟེན་དང་བརྒྱད་དོ།། ྋ དེ་ཡང་མཆོད་རྟེན་རྣམས་ཀྱི་རྩ་བའི་ཐིག་རྩ་ནི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ལ་བསྡུས་ནས་བཤད་པར་བྱ་སྟེ། མཆོད་རྟེན་ཆེ་ཆུང་གང་བྱེད་སྐར་ཆ་ཆེ་ཆུང་ལ་གཞིག་སྟེ། དཀྱིལ་གྱི་ཚངས་ཐིག་དམར་པོ་གཅིག་གདབ། གཡས་གཡོན་དུ་ཐིག་བཅུ་གཉིས་རེ་གདབ་པས་གྱེན་ཐིག་ཉེར་ལྔ་འབྱུང་ཆ་ཆེན་ཉེར་བཞི་ཡོད། དེ་ལ་འཕྲད་ཐིག་ཞེ་ལྔ་གདབ་པས་ཆ་ཆེན་ཞེ་བཞི་འབྱུང་། དེ་ནས་རྨང་གཞིའི་བཞི་བ་མཁའ་ཐིག་ནས། ཚངས་ཐིག་གི་ཞེ་ལྔས་འགྲུས་བར་གསང་ཐིག་གཉིས་གདབ། དེ་ནི་གདུང་ཆེན་བུམ་ལྟོ་སྟོབས་འཁོར་སོགས་ཀྱི་འདྲོང་ཐིག་ཡིན། ཡང་མཐའ་ཐིག་ནས་ཡར་བརྩིས་པས་ཉེར་བདུན་གྱི་དབུས་ཚངས་ཐིག་གི་འགྲུས་བར་དང་། ཡང་མཐའ་ཐིག་ནས་ཡར་བཅོ་ལྔའི་མཐའ་ནས་ཐིག་བཞི་ནང་དུ་བཀུམ་པའི་འགྲུས་ཐིག་བར་གཡས་གཡོན་གཉིས་གདབ། དེ་ནི་རྟ་བབས་ཚད་མེད་རྣམ་བཞི་འདྲོང་ཐིག་ཡིན། ཡང་མཐའ་ཐིག་གི་གསུམ་པ་པད་གདན་ནས་ཡར་རྩིས་པས་བཅུ་དགུའི་ཚངས་ཐིག་བར་གསང་ཐིག་གཡས་གཡོན་གཉིས་གདབ། དེ་ནི་འབྱུང་བརྩེགས་གསང་ཐིག་ཡིན་པ་བཅས། བསྡོམ་མཆོད་རྟེན་ལ་ཐིག་གྲངས་གྱེན་ཐིག་ཉེར་ལྔ། འཕྲད་ཐིག་ཞེ་ལྔ། གསང་ཐིག་དྲུག་བཅས་སྤྱི་ཐིག ༧༦ འབྱུང་བ་ཡིན། ྋ དེ་ནས་རྨང་གཞི་ནས་ཆ་ཆེན་བགོ་བར་བྱ་སྟེ། པད་གདན་ལ་ཆ་ཆེན་གཉིས་གཅིག་ནང་དུ་བཀུམ། འབྱུང་བ་ལྔ་ལ་ཆ་ཆེན་རེ་རེ་དང་། གསུམ་ཆ་གཉིས་རེ་ནང་དུ་བཀུམ། དེ་སྟེང་ཆ་ཆེན་གཅིག་བཀུམ་སྟེ་སྣོད་བཅུད་བང་མཛོད་ལ་ཆ་ཆེན་ལྔ། དེ་སྟེང་གདོང་གདན་ལ་ཆ་ཕྱེད་དང་། ཆ་ཆེན་གཅིག་ཕྱིར་བསྐྱེད། དེ་སྟེང་གདོང་ཆེན་ལ་ཆ་ཆེན་ཕྱེད་གཉིས་ཆ་གཅིག་ཕྱིར་བསྐྱེད་དགོས། དེ་སྟེང་གདོང་ཆེན་སྟེང་ནས་ཆ་གཅིག་བཀུམ་སྟེ། རྟ་བབས་རྣམ་བཞི་ལ་ཆ་ཆེན་རེ་སུམ་ཆ་གཉིས་རེ་ནང་དུ་བཀུམ། བུམ་གདན་ཆ་གཅིག་དེ་བཞིན་བྱ། དེ་སྟེང་བུམ་པ་ལ་ཆ་ཆེན་ལྔའམ་དྲུག་བྱས་ཀྱང་འགལ་བ་མེད་དེ། བུམ་པ་ཡན་ཆད་ཐིག་རྩ་སྤྱི་ལ་སྦྱར་ཏེ་མཛེས་ཆ་བསྟུན་པར་བྱ་ཞེས་མཉམ་མེད་ཆེན་པོའི་ཞལ་ཤེས་ཡིན་པར་བཞེད། བུང་སྐེ་ཆ་གཅིག  བྲ་གདན  ཆ་ཕྱེད་གཅིག་ཕྱིར་བསྐཡེད། བྲེ་ཆ་ཕྱེད་གཉིས་གཅིག་ཕྱིར་བསྐྱེད། དེ་སྟེང་སྟོབས་འཁོར་པད་མ་གཡས་འཁྱིལ་ཆ་གཅིག་ནང་དུ་བཀུམ། སྟོབས་འཁོར་ལ་ཆ་ཆེན་༡༣  འོན་ཀྱང ༡༡  བདུན་གང་རུང་རིག་པའི་དཔྱད་དེ་གང་བདེར་བྱ་གསུང་། དེ་ལ་ཆར་ཁེབ་མར་ཆ་གསུམ་ཀླུབ་པ་དང་ཕོ་འཁོར་བཞི་བར་མཉམ་པར་བྱ། ཏོག་གདན་པད་མ་ཡར་འཁྱིལ་ལ་ཆ་ཆེན་གཅིག   དེ་སྟེང་ཏོག་ཆེན་ཁྱུང་རི་བཅས་ལ་ཆ་ཕྱེད་གཉིས་བྱ་གྲི་ལ་ཆ་ཕྱེད་གཉིས་བཅས་སོ། འདི་ནི་དྲི་མེད་གཟི་བརྗིད་དང་རྗེ་མཉམ་མེད་ཆེན་པོ་རྣམས་ཀྱིས་མཛད་པའི་ཐིག་རྩར་གཞི་བཟུང་སྟེ་མཁར་སྣེའི་དགེ་སློང་རྣམ་གཉིས་དང་། སྒང་རི་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན།  ཨམ་སློབ་བསྟན་པ་རབ་རྒྱས་སོགས་ཀྱིས་མཛད་ཚུལ་བཞིན་བཀོད་པའོ། དེ་ཡང་བྲེ་ཟུར་བུམ་སྙིང་ནོན་དགོས་པ་དང་།
བུམ་ལྟོས་བང་རིམ་ཡར་བརྩིས་པའི་སུམ་སྙིང་ནོན་པ། གདོང་ཟུར་མེ་སྙིང་ནོན་པ། བུམ་པར་སནགོ་བརྒྱན་ཡོད་པ་བཅས་ནི་གཡུང་དྲུང་བཀོད་ལེགས་ལྟར་རོ། ྋ རྗེ་མཉམ་མེད་ཆེན་པོས་བདེར་བཤེགས་མཆོད་རྟེན་རྣམ་བརྒྱད་ནི། རྟ་བབས་རྣམ་བཞིའི་འགྱུར་ཁྱད་ལ་བཞེད་པ་བཞིན། ༢ རྣམ་པར་རྒྱལ་བའི་མཆོད་རྟེན་ཞེས་པ་བང་རིམ་བཞི་ཟླུམ་པོར་འཁྱིལ་བའོ། ༣ བཀྲ་ཤིས་སྒོ་མང་ནི་རྟ་བབས་གློ་འབུར་དང་བཅས་ལ་ཆེ་བ་སྒོ ༡༠༨ བྱས་པ་མཛད་པ་བརྒྱ་རྩ་མཚོན་པ་དང་། སྒོ་དྲུག་ཅུ་བྱས་པ་མཛད་པ་དྲུག་ཅུ། སྒོ་ ༡༢ བྱས་པ་མཛད་པ་བཅུ་གཉིས་མཚོན་ཚུལ་ལོ། ༤ བདུད་འདུལ་སྒྲ་སྒྲོགས་ནི། རྟ་བབས་ཕྱོགས་རེར་གློ་འབུར་བཞི་ལྡན་པའོ། ༥ པད་མ་སྤུངས་པ་རྟ་བབས་པད་མ་བཞི་བརྩེགས་སུ་ཡོད་པ། ༦རི་རྒྱལ་དབྱེན་ཟླུམ་ནི་རྟ་བབས་ཟུར་མཉམ་ལོག་བརྒྱད་ཐར་བའི་ལམ་བརྒྱད་མཚོན་པའོ། ༧ ལྷ་བབས་ནི། རྟ་བབས་གློ་འབུར་ལ་ཕྱོགས་བཞིར་ཐེམ་སྐས་རེ་ཡོད་པའོ། མྱང་འདས་བདེར་བཤེགས་མཆོད་རྟེན་ནི་རྟ་བབས་བཞི་ཆིག་ཟླུམ་དྲིལ་བུའི་དབྱིབས་སུ་བྱ་བ་དང་བརྒྱད་བཅས་བདེར་བཤེགས་མཆོད་རྟེན་རྣམ་བརྒྱད་དང་། ྋ མྱང་འདས་མཆོད་རྟེན་རྣམ་བརྒྱད་ཅེས་པ་ནི། རྒྱལ་ཚབགརིན་ཆེན་རྒྱལ་མཚན་གྱིས་མཛད་པ་མཉམ་མེད་སྐུ་གདུང་ལྟར་ན། པད་གདན་རྨང་གཞི་འབྱུང་བ་ལྔ་་པད་མ་ཡར་འཁྱིལ་མར་འཁྱིལ་གཉིས་དང་། དེ་སྟེང་ནས་བུམ་སྐེ་མན་ཆད་ཆིག་ཟླུམ་དྲིལ་བུའི་དབྱིབས་ལ། བྲེ་ཟུར་ཕྱོགས་བཞིར་ནོར་བུའི་ཏོག་དང་། དྲིལ་བུར་ནོར་བུའི་ཟ་ར་ཚག་གིས་བརྒྱན་པ་དང་། བྲེ་དང་བྲེ་གདན་ཆིག་ཟླུམ་གཡེར་ཁ་དང་། སྟོབས་འཁོར་སོགས་ཐིག་རྩ་སྤྱི་དང་འདྲ་ལ། མཛེས་པའི་དར་དཔྱང་དང་ལྡན་པ་བཅས་སོ། འདི་ལ་ཐིག་རྩ་བསྐྱོན་པར་འདོད་ན། གྱེན་ཐིག་ཉེར་གསུམ། འཕྲད་ཐིག་ཞེ་བཞི། དེ་ནས་ནང་དུ་བཀུམ་རྒྱུ་དང་། ཕྱིར་བསྐྱེད་རྒྱུར་ཆ་ཆེན་རེ་དང་། རྨང་གཞིའི་གསུམ་པའི་མཐའ་ཐིག་ནས་བཞིའི་ཚངས་ཐིག་བར་གསང་ཐིག་གཡས་གཡོན་གཉིས་གདབ་པས་སྟོབས་འཁོར་དང་དྲིལ་བུའི་དཔུང་མགོ་པད་མ་བཅས་ཀྱི་འདྲོང་ཐིག་ཡིན། ྋ ཡང་རིག་འཛིན་ལོ་པན་མཆོད་རྟེན་བྱ་བ་དེ་ཡང་། རྗེ་མཉམ་མེད་ཆེན་པོའི་དགོངས་བཞེད་སྨན་རིའི་ཐུན་ར་མཆོད་རྟེན་ལྟར་ཏེ། གྱེན་ཐིག་སོ་གཅིག་འཕྲད་ལྡན་ལ། དཀྱུས་ཐིག་ཡང་སོ་གཅིག་བྱའོ། མས་ནས་རྟ་བབས་མན་ཆད་སྤྱི་ལྟར་ལ། བུམ་གདན་ཡན་ཆད་སུམ་ཆ་གཅིག་གི་ཆ་བཞིན་མཆོད་རྟེན་གསུམ་བྱས་པས་དབུ་གསུམ་ལོ་པན་མཆོད་རྟེན་ནོ། འབྱུང་ལྔ་དང་རྟ་བབས་ལ་གསང་ཐིག་བསྐྱོན་པར་འདོད་ན་ཆ་ཆེན་གསུམ་རེ་སྤར་བར་བྱའོ།

ྋ འདིས་བྱུང་སྣང་བ་དཀར་པོའི་གཟིས། །

དགེ་བཅུའི་སྣང་བ་རྟག་འབར་ཞིང་། །

མ་ཀུན་འཁོར་མཚོ་ལས་བསྒྲོལ་བའི། །

རྒྱུ་གྱུར་ཟུང་འཇུག་བསྙེས་གྱུ་རཅིག །

ཅེས་བདེར་བཤེགས་མཆོད་རྟེན་རྣམ་བརྒྱད་སོགས་ཀྱི་ཇིག་རྩ་འདི་ནི་སྒང་རི་དཔོན་སློབ་མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་དང་། ཨམ་སློབ་བསྟན་པ་རབ་རྒྱས་རྣམ་གཉིས་ནས་ཞལ་ཁྲིད་མནོས་པ་དང་། མཁར་སྣའི་དགེ་སློང་རྣམ་གཉིས་ཀྱིས་མཉམ་མེད་ཆེན་པོའི་དགོངས་བཞེད་ལ་གཟིགས་ཏེ་མཛད་པ་སོགས་ལ་བརྟེན་ནས་སྔ་རྗེས་སུ་བུ་སློབ་དུ་མས་བསྐུལ་ངོར་གཡུང་དྲུང་གླིང་མཐོང་གྲལ་ཁང་དུ་ཀུ་སྨར་མ་ཏིས་བྲིས་པ་དགེ་ལེགས་འཕེལ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།