མཆོད་རྟེན་སུམ་བརྒྱ་དྲུག་ཅུའི་ངོ་བོ་བསྟན་པ།

མཆོད་རྟེན་སུམ་བརྒྱ་དྲུག་ཅུའི་ངོ་བོ་བསྟན་པ།
དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ།

      གཟི་བརྗིད་ཉ༼༨༥༥༽སྐབས་འདིར་སྐུ་གདུང་བསྟན་པ་རྗེས་བཞག་གི་མདོ་ལྟར།  སྤྱིར་ན་བདེར་བཤེགས་སྐུ་གདུང་མཆོད་རྟེན་རིམ་པ་ལ། སྤྱིར་རུ་རྣམ་པ་གསུམ་དུ་དབྱེ། བོན་ཉིད་དབྱིངས་དང་རངབཞིན་མཁའ། ཀློང་ལས་སྤྲུལ་པ་རྣམ་པ་གསུམ། དེ་ལྟར་སོ་སོར་གྱེས་པ་ནི། རྣམ་གྲངས་བརྒྱ་དང་ཉི་ཤུ་རེ། སུམ་བརྒྱ་དྲུག་ཅུའི་གདགས་སྒོའི་མཚན། དེ་ཡི་མཚན་ཉིད་བསྟན་པ་ནི། ཐོག་མར་དབྱིངས་ན་བདལ་བ་ཡི། དབྱིངས་ཀྱི་མཆོད་རྟེན་བརྒྱ་ཉི་ཤུ། འགྲོ་བ་སེམས་ཅན་འདུལ་ཕྱིར་དུ། རྣམ་གྲངས་ཚིགས་སུ་གདགས་བྱ་ཙམ། དོན་དུ་བོན་ཉིད་དབྱིངས་ཆེན་ལས། བྲི་བཀོལ་བཞེངས་དང་བསྒྲུབ་མ་མཆིས། ཞེས་དང་། གཉིས་པ་རང་བཞིན་མཁའ་ལས་སུ། ལྷུན་གྱིས་གྲུབ་པ་བརྒྱ་ཉི་ཤུ། བཀོད་དང་བཞེངས་སུ་མ་མཆིས་ཏེ། བོན་ཉིད་དབྱིངས་ན་ལྷུན་གྱིས་གྲུབ། རང་བཞིན་མཁའ་ལ་མངོན་པར་རྫོགས། འོག་མིན་རྫོགས་སྐུའི་ཞིང་དུ་གནས། ལྷ་ལྔ་སྐུ་ལྔའི་ཞིང་དུ་མངའ། ཞིང་ཁམས་གནས་ལྔར་ཡོངས་སུ་གསལ། གསུམ་པ་སྤྲུལ་པ་ཀློང་ལས་སུ། ཅིར་ཡང་སྤྲུལ་བ་བརྒྱ་ཉི་ཤུ། རིས་སུ་བྲིས་དང་འབུར་དུ་གཏོད། ལུགས་སུ་བླུགས་དང་རྩོལ་བས་བསྒྲུབ། ཅེས་པས། འདི་ལ་ཡང་དབུས་བཀྲ་ཤིས་སྒོ་མང་དང་། མཁའ་ལ་རྫོགས་པ་ཉེར་བཞི་དང་། དོག་ལ་གནས་པ་ཉེར་བཞི་དང་། སྒྲིབ་གཉིས་སྦྱང་བའི་མཆོད་རྟེན་ཉེར་བཞི་དང་། ཚོགས་གཉིས་ཡོངས་རྫོགས་ཉེར་བཞི་དང་། བཀྲ་ཤིས་བསྐྱེད་པའི་མཆོད་རྟེན་ཉེར་བཞི་བཅས་སོ། །

སྤྲུལ་བའི་མཆོད་རྟེན་བརྒྱ་དང་ཉི་ཤུའི་ཐིག་ཚད་རྒྱས་པར་བཤད་པ།

དང་པོ་བཀྲ་ཤིས་སྒོ་མང་ནི། གཟི་བརྗིད་ཉ༼༨༥༨༽མདོ་དྲི་མེད་སྐུ་གདུང་བསྟན་པ་རྗེས་བཞག་གི་མདོ་ལས། བཀྲ་ཤིས་སྒོ་མང་མཆོད་པའི་རྟེན། གཞི་རྨེང་་་་། དབུས་ཀྱི་ཕོ་བྲང་བཞེངས་ཚུལ་ལོ། །༼༨༦༠༽ཞེས་པའི་བར་གྱིས་བསྟན་པ་ཐིག་ཏུ་བཅུག་ན། གྱེན་ཐིག་ཉེར་དགུ་་་་། ནོན་པར་བཤད།

གཉིས་པ་མཁའ་ལ་རྫོགས་པ་ཉེར་བཞི

དང་པོ། ཁྱབ་བདལ་མི་གཡོ་རྫོགས་པ་ཆེ། །གཡུང་དྲུང་ཡོངས་རྫོགས་མཆོད་པའི་རྟེན། །

གཉིས་པ། ལྷུན་གྲུབ་རྒྱན་བཟང་དཔེ་བྱད་འཚོགས། །གཡུང་དྲུང་ཁྲི་བསྐོས་མཆོད་པའི་རྟེན།

གསུམ་པ། སྤྱོད་འཇུག་ཀུན་འཕྲུལ་སྟོབས་དང་ལྡན། །གཡུང་དྲུང་སྤྲུལ་བ་མཆོད་པའི་རྟེན། །

བཞི་བ། བྱམས་ལྡན་རྒྱལ་པོས་འགྲོ་བ་སྐྱོབ། །གཡུང་དྲུང་འཕྲུལ་སྣང་མཆོད་པའི་རྟེན། །

ལྔ་བ། དགའ་ཆེན་མགུ་བའི་རྫུ་འཕྲུལ་འཆང་། །གཡུང་དྲུང་འོད་འབར་མཆོད་པའི་རྟེན། །

དྲུག་པ། བཏང་སྙོམས་འགྲོ་ཀུན་ཡོངས་ལ་བརྩེ། །གཡུང་དྲུང་ཀུན་སྙོམས་མཆོད་པའི་རྟེན། །

བདུན་པ། སྙིང་རྗེ་དཔག་མེད་འགྲོ་ཀུན་སྙོམས། །གཡུང་དྲུང་ཁྱབ་བདལ་མཆོད་པའི་རྟེན། །

བརྒྱད་པ། ཀུན་འབྱུང་སྐུ་རྫོགས་སྤྱོད་ཚུལ་ཐབས། །ཆོ་འཕྲུལ་བསྟན་པ་མཆོད་པའི་རྟེན། །

དགུ་བ། དགེ་ལ་དད་མཆོག་ཡོན་ཏན་དགའ། །དགེ་ལྡན་ཡོན་ཏན་མཆོད་པའི་རྟེན། །

བཅུ་བ། སྒྲ་བསྒྱུར་བྱེ་བྲག་གཟི་བརྗིད་ལྡན། །གཡུང་དྲུང་དབང་མཆོག་མཆོད་པའི་རྟེན། །

བཅུ་གཅིག དགའ་ལྡན་ཀུན་སྐྱོབ་ཤུགས་ཆེན་བདག །འཕྲིན་ལས་སྟོབས་ཆེན་མཆོད་པའི་རྟེན། །

བཅུ་གཉིས། ཏིང་འཛིན་འོད་འཕྲོའི་འགྲོ་བ་འདྲེན། །ལྷ་ལས་བབས་པ་མཆོད་པའི་རྟེན། །

བཅུ་གསུམ། དྲི་མེད་རྣམ་དག་སྤྱོད་ཚུལ་འཆང་། །གེ་སར་སྡོང་བོ་མཆོད་པའི་རྟེན། །

བཅུ་བཞི། འགྲོ་དྲུག་གནས་སྦྱང་རྒྱུན་ལྔ་ལས། །འོད་ཟེར་སྤྲོས་པ་མཆོད་པའི་རྟེན། །༼ཞེས་པ་ལ་ལྔ་ཡོད་པས། གློ་འབུར་མེད་པའི་མཆོད་རྟེན་སྔར་བཞིན་ཁ་དོག་དཀར་ལྗང་དམར་སྔོ་སེར་པོ་ལ་ཁྲི་འཕང་རྣམས་སུ་གཡུང་དྲུང་བརྩེགས་པ། འཁོར་ལོ་བརྩེགས་པ། པདྨ་བརྩེགས་པ། རིན་ཆེན་བརྩེགས་པ་དཔལ་བཅས་ལྔའོ། འདི་དང་གོང་གི་བཅུ་གསུམ་བཅས་བསྡོམས་པས་བཅོ་བརྒྱད། ༽

བཅུ་དགུ། ཀུན་འོད་སྒྲོན་མ་མཆོད་པའི་རྟེན། །

ཉི་ཤུ། སྣ་ཚོགས་ས་གཞི་ལས་བྱུང་བའི། །ཀུན་བསྐྱེད་བརྟན་པ་མཆོད་པའི་རྟེན། །

ཉེར་གཅིག  དགའ་ལྡན་མེ་ཏོག་ཚལ་བསྐྱེད་པའི། །རབ་དགའ་མུན་སེལ་མཆོད་པའི་རྟེན། །

ཉེར་གཉིས། བསོད་ནམས་ཆར་འབེབས་སྒྲིབ་སེལ་བའི། །ཐུགས་རྗེ་རྒྱུན་མེད་མཆོད་པའི་རྟེན། །

ཉེར་གསུམ། དྲི་ཞིམ་ངད་ལྡན་རྒྱུན་སྐྱོང་བའི། །བསམ་པ་གླིང་འཕྲུལ་མཆོད་པའི་རྟེན། །

ཉེར་བཞི། གསོ་བསྐྱེད་བདུད་རྩི་ཚལ་བསྐྱེད་པའི། །སྙིང་རྗེ་བརྩེགས་པ་མཆོད་པའི་རྟེན། །

 

གསུམ་པ་དོག་ལ་གནས་པའི་མཆོད་རྟེན་ཉེར་བཞི་ནི།

དང་པོ། དྲི་ཟ་འདུལ་ཞིང་གཡོ་ལྡེག་གནོན། །ཁྲི་འཕང་དགུ་བ་མཆོད་པའི་རྟེན། །

གཉིས་པ། གནོན་སྦྱིན་འདུལ་ཞིང་རླུང་སྒོ་འགེག །ཟོ་བོ་ཁྱུང་ལག་མཆོད་པའི་རྟེན།

གསུམ་པ། ཀླུ་དབང་འདུལ་ཞིང་བཙུན་ཡུར་བྲིད། །གུ་ར་དགུ་ཁྱུད་མཆོད་པའི་རྟེན། །

བཞི་བ། གཤིན་རྗེ་འདུལ་ཞིང་རྒྱ་མཚོ་འགེག །ཟོ་བོ་རྩེ་དགུ་མཆོད་པའི་རྟེན། །

ལྔ་བ། མེ་ལྷ་འདུལ་ཞིང་མེ་དབལ་འགེག །མདོག་དམར་མེ་གླིང་མཆོད་པའི་རྟེན། །

དྲུག་པ། བགེགས་རྣམས་འདུལ་ཞིང་མཐུ་དབང་ལྡན། །མདོག་ལྗང་ཁྲི་བརྩེགས་མཆོད་པའི་རྟེན། །

བདུན་པ། རླུང་ལྷ་འདུལ་ཞིང་རླུང་སྒོ་འགེགས། །པྲ་ཕུད་རྩེ་དགུ་མཆོད་པའི་རྟེན། །

བརྒྱད་པ། སྲིན་པོ་འདུལ་ཞིང་ཟ་ལམ་གཅོད། །དམར་མོ་མེ་འོད་མཆོད་པའི་རྟེན། །

དགུ་བ། ཀླུ་རྣམས་བསྐྱང་ཞིང་དགའ་བདེ་བསྒྲུབ། །ཨུད་འབར་གླིང་སྐོར་མཆོད་པའི་རྟེན། །

བཅུ་བ། གཉན་རྣམས་བསྐྱང་ཞིང་སྙིང་བོ་འཚོལ། །རིན་ཆེན་ཁྲི་རྐང་མཆོད་པའི་རྟེན། །

བཅུ་གཅིག ས་བདག་བསྐྱང་ཞིང་གཏེར་སྒོ་བསྡམ། །གའུ་གླིང་བརྩེགས་མཆོད་པའི་རྟེན། །

བཅུ་གཉིས། དམུ་རྣམས་བསྐྱང་ཞིང་འོན་འཐིབ་སེལ། །ཁྲི་སྒྲ་བསྙེལ་བ་མཆོད་པའི་རྟེན། །

བཅུ་གསུམ། བདུད་རྣམས་བསྐྱང་ཞིང་ཁྲམ་ཁ་གནོན། །ཁ་རག་བདུད་འདུལ་མཆོད་པའི་རྟེན། །

བཅུ་བཞི། བཙན་རྣམས་བསྐྱང་ཞིང་ཞགས་མིག་འགེགས། །ཟོ་བོ་བཙན་འདུལ་མཆོད་པའི་རྟེན། །

བཅོ་ལྔ། སྨན་བཙུན་བསྐྱང་ཞིང་དགའ་བ་བསྐྱེད། །འདམ་བུ་རིང་བསྲེལ་མཆོད་པའི་རྟེན། །

བཅུ་དྲུག ཤར་གླིང་བསྐྱང་ཞིང་སྐྱེ་བྱད་འཛིན། །ཁྲི་འཕང་དགུ་བ་མཆོད་པའི་རྟེན། །

བཅུ་བདུན། བྱང་གླིང་བསྐྱང་ཞིང་ཚེ་དཔལ་བསྐྱེད། །ཁྲི་འཕང་བརྒྱད་པ་མཆོད་པའི་རྟེན། །

བཅོ་བརྒྱད། ནུབ་གླིང་བསྐྱང་ཞིང་དམུ་ཐག་འཛིན། །ཁྲི་འཕང་དྲུག་པ་མཆོད་པའི་རྟེན། །

བཅུ་དགུ། ལྷ་གླིང་བསྐྱང་ཞིང་གཏེར་མཛོད་འཛིན། །ཁྲི་འཕང་ལྔ་བ་མཆོད་པའི་རྟེན། །

ཉི་ཤུ། རི་རབ་བསྐྱང་ཞིང་སྲིད་རྩེར་འཛིན། །ཁྲི་འཕང་བཅུ་གསུམ་མཆོད་པའི་རྟེན། །

ཉེར་གཅིག  རི་བདུན་བསྐྱང་ཞིང་ཁ་ཁྱེར་གནོན། །མི་གཡོ་རི་བདུན་མཆོད་པའི་རྟེན། །

ཉེར་གཉིས། རོལ་མཚོ་བསྐྱང་ཞིང་མཐའ་མི་འགེགས། །ལོ་པཎ་དབུ་བདུན་མཆོད་པའི་རྟེན། །

ཉེར་གསུམ། ལྕགས་རི་བསྐྱང་ཞིང་ཁྱུད་མོ་བསྡོམ། །དགུ་ར་ཁྱུད་མོ་མཆོད་པའི་རྟེན། །

ཉེར་བཞི་བ་མ་ཚང་བ་ལྟ་བུ་ཞིག་འདུག་པས་གཟི་བརྗིད་ཁུངས་མ་གཞན་ལས་འཚོལ་བར་ཞུ།

བཞི་བ་སྒྲིབ་གཉིས་སྦྱང་བའི་མཆོད་རྟེན་ཉེར་བཞི་ནི།

དང་པོ་ནས་བདུན་པའི་བར། སྦྱོར་བ་མཚམས་མེད་སྦྱང་བ་ཡི། །ལོ་པཎ་དབུ་དགུ་མཆོད་པའི་རྟེན། །༡ སྨེ་བ་མཚམས་མེད་དབུ་བརྒྱད་དེ།༢ གཉེན་པོ་མཚམས་མེད་དབུ་བདུན་འབྱང་།༣ སྒྲོལ་བ་དག་ནི་དབུ་ལྔ་ལ།༤ གཅད་པ་མཚམས་མེད་དབུ་བཞི་སྟེ།༥ དེ་ལ་ཉེ་བ་དབུ་གསུམ་སྦྱང་།༦ ལྗི་བ་དབུ་གཉིས་དག་གིས་འབྱང་།༧

བརྒྱད་ནས་བཅུ་བར་གསུམ་ནི། ལོག་པ་བརྒྱད་དང་འཁྲུལ་བ་དགུ །མི་དགེ་བཅུ་བོ་སྦྱོང་བྱེད་པ། །ཁྲི་གདན་བརྒྱད་དགུ་བདུན་མཆོད་པའི་རྟེན། །

བཅུ་གཅིག་ནས་བཅོ་ལྔའི་བར་ལྔ་ནི། དུག་ལྔ་ཉོན་མོངས་འདུལ་བ་ཡི། །བྱམས་པ་སྒྲིབ་སེལ་སྦྱིན་པ་སོགས། །ཡེ་ཤེས་ཚོགས་ཆེན་ཞི་བ་ལྡན། །

བཅུ་དྲུག་ནས་བཅུ་དགུའི་བར་ནི། སྲོག་གཅོད་པ་དང་མ་བྱིན་བླང་། མི་ཚངས་སྤྱོད་དང་རྫུན་གྱུར་བ། དེ་དག་སྦྱོང་བྱེད་མཆོད་པའི་རྟེན། །

ཉི་ཤུ་ནས་ཉེར་བཞིའི་བར་ནི། ཟས་གོས་གྲོགས་དང་ཁྲི་གདན་བཞི། །དེ་དག་སྦྱོང་བ་མཆོད་པའི་རྟེན། །

ལྔ་བ་། ཚོགས་གཉིས་ཡོངས་རྫོགས་མཆོད་རྟེན་ཉེར་བཞི།

དང་པོ། གསང་བ་གཏིང་རྫོགས་གྲུབ་པ་ཡི། །གཡུང་དྲུང་ལྷ་རྩེ་མཆོད་པའི་རྟེན། །

གཉིས་པ། གསང་བ་གཏིང་རྫོགས་སྤྲུལ་བའི་མཁར། །ལི་ལི་བང་བང་མཆོད་པའི་རྟེན། །

གསུམ་པ། གསང་བ་གཏིང་རྫོགས་སྤྲུལ་བའི་གནས། །ཁྲི་བརྩེགས་རྒྱལ་འདུས་མཆོད་པའི་རྟེན། །

བཞི་བ། ལྟུང་བ་ལྷ་ཡི་སྡུག་བསྔལ་སེལ། །ལོ་པཎ་དགུ་བརྩེགས་མཆོད་པའི་རྟེན། །

ལྔ་བ། ལྷ་མིན་འཐབ་རྩོད་སྒྲིབ་སྦྱང་བའི། །རྒྱལ་བ་རྩེ་དགུ་མཆོད་པའི་རྟེན། །

དྲུག་པ། གླིང་བཞི་སྐོས་དང་ཁ་དོག་གསལ། །ལོ་པཎ་དབུ་ལྔ་མཆོད་པའི་རྟེན། །

བདུན་པ། པད་མའི་སྙིང་པོ་ཆུ་ཟླ་འོད། །དགའ་མཛེས་པད་མ་མཆོད་པའི་རྟེན། །

བརྒྱད་པ། ཨུ་དུག་སྒྲ་དང་རྣོ་ངར་འཇིལ། །སྒྲ་སྙན་བསིལ་མོ་མཆོད་པའི་རྟེན། །

དགུ་བ། ཁྲོ་གཏུམ་གསད་བཅད་གདུག་པ་འཇིལ། །བདུད་འདུལ་སྒྲ་སྙན་མཆོད་པའི་རྟེན། །

བཅུ་བ། མི་བདེ་སྡུག་བསྔལ་ཉོན་མོངས་འཇིལ། །དགའ་རབ་དབང་ལྡན་མཆོད་པའི་རྟེན། །

བཅུ་གཅིག སྦྱིན་པ་ཚོགས་ཆེན་རབ་རྫོགས་པས། །སྒོ་བརྒྱད་དབུ་མང་མཆོད་པའི་རྟེན། །

བཅུ་གཉིས། ཚུལ་ཁྲིམས་འཆལ་བ་མེད་པ་ཡི། །ལྷ་རྩེ་གསང་བ་མཆོད་པའི་རྟེན། །

བཅུ་གསུམ། བཟོད་ཐོབ་བྱུང་ཚོར་མེད་པ་ཡི། །ཁྲི་མང་ལྷ་རྩེ་མཆོད་པའི་རྟེན། །

བཅུ་བཞི། བརྩོན་འགྲུས་མྱུར་མགྱོགས་ལྡན་པ་ཡི། །དཀའ་བ་རྣམ་བརྩེ་མཆོད་པའི་རྟེན། །

བཅོ་ལྔ། བསམ་གཏན་འགྱུར་ལྡོག་མེད་པ་ཡི། །མི་འགྱུར་གཡུང་དྲུང་མཆོད་པའི་རྟེན། །

བཅུ་དྲུག ཐོགས་མེད་སྟོབས་ཤུགས་ལྡན་པ་ཡི། །རྒྱལ་བ་ཁྲི་གླིང་མཆོད་པའི་རྟེན། །

བཅུ་བདུན། སྙིང་རྗེ་བདག་ཕྱོགས་མེད་པ་ཡི། །ཚད་མེད་ཡོངས་འདུལ་མཆོད་པའི་རྟེན། །

བཅོ་བརྒྱད། སྨོན་ལམ་རེ་དྭོགས་མེད་པ་ཡི། །ཡིད་བཞིན་འབྱུང་གནས་མཆོད་པའི་རྟེན། །

བཅུ་དགུ། ཐབས་མཆོག་རྨོངས་པ་མེད་པ་ཡི། །དབང་བསྒྱུར་འཁོར་ལོ་མཆོད་པའི་རྟེན། །

ཉི་ཤུ། ཤེས་རབ་དོན་ལ་འཁྲུལ་མེད་པའི། །ཡེ་ཤེས་རྩེ་གླིང་མཆོད་པའི་རྟེན། །

ཉེར་གཅིག་ནས་ཉེར་བཞིའི་བར། བྱམས་པ་འཕྲལ་གླིང་ཤེལ་མདོག་ལྗང་། ། ཞེས་པ་དཀར། ཀུན་སྣང་འཕྲུལ་གླིང་ཤེལ་མདོག་ལྗང་། ཞེས་པ་ལྗང་ཁུ། ཡིད་བཞིན་འཕྲུལ་གླིང་ཤེལ་གླིང་ཟངས་འོད་འབར། །ཞེས་པ་དམར་པོ། རྒྱན་རྫོགས་འཕྲུལ་གླིང་གསེར་མདོག་སེར། ། ཞེས་པ་སེར་པོ།

དྲུག་པ། བཀྲ་ཤིས་བསྐྱེད་པའི་མཆོད་རྟེན་ཉེར་བཞི།

དང་པོ། འཇིག་རྟེན་ཞིང་ཁམས་བདེ་ལེགས་བསྐྱེད། །བཀྲ་ཤིས་སྒོ་མང་མཆོད་པའི་རྟེན། །

གཉིས་པ། མི་ཕྱྭ་ལྡན་ཞིང་ཚེ་བསྲིང་བའི། །བཀྲ་ཤིས་དབུ་མང་མཆོད་པའི་རྟེན། །

གསུམ་པ། གཡེན་ཁམས་སྐྱོང་ཞིང་བྱིན་ལེགས་པའི། །དཔལ་ཁྱུད་འཁོར་མོ་མཆོད་པའི་རྟེན། །

བཞི་བ། དཔལ་ཁ་བསྐྱེད་ཅིང་ཕྱྭ་རྒྱས་པའི། །ཕྱྭ་ར་ཁྱུད་མོ་མཆོད་པའི་རྟེན། །

ལྔ་བ། རིགས་རྒྱུད་སྤེལ་ཞིང་དམུ་ཐག་འཛིན། །གཡུང་དྲུང་དཔལ་བསྐྱེད་མཆོད་པའི་རྟེན། །

དྲུག་པ། བསོད་ནམས་འཕེལ་ཞིང་ཕུན་ཚོགས་པའི། །བསོད་ནམས་ལོངས་སྤྱོད་མཆོད་པའི་རྟེན།

བདུན་པ། ཤར་གླིང་ཉི་མའི་འོད་སྐྱོང་བའི། །བཀྲ་ཤིས་ཁྲི་སྐོས་མཆོད་པའི་རྟེན། །

བརྒྱད་པ། བྱང་གླིང་བཀྲ་ཤིས་རྫས་བརྒྱད་སྐྱོང་། །བཀྲ་ཤིས་ལྷན་པོ་མཆོད་པའི་རྟེན། །

དགུ་བ། ནུབ་གླིང་ཟླ་བའི་ཟེར་ལྡན་པའི། །བཀྲ་ཤིས་འོད་འབར་མཆོད་པའི་རྟེན། །

བཅུ་བ། ལྷོ་གླིང་རིན་ཆེན་ནོར་སྐྱོང་བའི། །བཀྲ་ཤིས་ཟླ་བརྒྱད་མཆོད་པའི་རྟེན། །

བཅུ་གཅིག ལྷོ་ཤར་བསོད་ནམས་ཚོགས་སྐྱོང་བའི། །མཛེས་པ་མངོན་གྱུར་མཆོད་པའི་རྟེན། །

བཅུ་གཉིས། བྱང་ཤར་དཔལ་གྱི་འཁོར་སྐྱོང་བའི། །དཔལ་ཐོག་གསུམ་པོ་མཆོད་པའི་རྟེན། །

བཅུ་གསུམ། བྱང་ནུབ་སྐར་མའི་འོད་སྐྱོང་བའི། །བྲག་བཙན་གླིང་བཀྲ་མཆོད་པའི་རྟེན། །

བཅུ་བཞི། ལྷོ་ནུབ་ཕྱྭ་གཡང་ཚོགས་སྐྱོང་བའི། །དམུ་ཞག་འཁྱིལ་མོ་མཆོད་པའི་རྟེན། །

བཅོ་ལྔ། སྟེང་ཕྱོགས་འཇིག་རྟེན་དགའ་བདེ་བསྐྱེད། །ཚངས་པ་ལྷ་རྩེ་མཆོད་པའི་རྟེན། །

བཅུ་དྲུག འོག་ཕྱོགས་བསོད་ནམས་ལྷུན་པོའི་རྟེན། །བཀྲ་ཤིས་གླིང་བརྟན་མཆོད་པའི་རྟེན། །

བཅུ་བདུན། བདུད་ཀྱི་ཁ་གནོན་ཁྲམ་ཁ་བསྒྱུར། །ཟོ་བོ་ལྕགས་རྩེ་མཆོད་པའི་རྟེན། །

བཅོ་བརྒྱད། བཙན་གྱི་ཁ་གནོན་རྒྱུག་ལམ་གཅོད། །ཟངས་གླིང་མེལ་ཚེ་མཆོད་པའི་རྟེན། །

བཅུ་དགུ། དམུ་ཡི་ཁ་གནོན་དལ་ཡམས་བསྒྱུར། །ཁྲོ་བརྒྱད་རྩེ་བཞི་དམུ་བདུད་མཆོད་པའི་རྟེན། །

ཉི་ཤུ། མ་མོའི་ཁ་གནོན་མ་ཡམས་བཏུལ། །དགུ་ར་ཆུད་འདུལ་མཆོད་པའི་རྟེན། །

ཉེར་གཅིག  དལ་ཁ་གཅོད་ཅིང་རིམ་ཁ་བསྒྱུར། །འོད་ཟེར་གླིང་བརྩེགས་མཆོད་པའི་རྟེན། །

ཉེར་གཉིས། ཟེར་ཁ་སྐྱོང་ཞིང་ཆོ་དགུ་གཅོད། །ཁྲི་ནེ་བེང་ཐོག་མཆོད་པའི་རྟེན། །

ཉེར་གསུམ། སྐོས་དྲུག་སྐྱོང་ཞིང་གཟེད་ཁ་བསྒྱུར། །ཟོ་བོ་བཙན་ཐོག་མཆོད་པའི་རྟེན། །

འདིར་ཉེར་བཞི་བ་མ་ཚང་བ་ལྟ་བུ་འདུག་གོ །

སློབ་དཔོན་བསྟན་འཛིན་རྣམ་དག་གི་གསུང་འབུམ་ལས་བཏུས་བསྒྲིགས་བྱས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།