ཕྱག་ཁྲིད་ཉུང་ངུ་བརྗེད་ཐོར་བཀོད་པ།

ཕྱག་ཁྲིད་ཉུང་ངུ་བརྗེད་ཐོར་བཀོད་པ།
རྗེ་བཙུན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན།

       ༄༅། །ན་མོ་གུ་རུ། ཕྱག་ཁྲིད་ཉུང་ངུ་བརྗེད་ཐོར་བཀོད་པ་ལ། ཐོག་མར་ཚོགས་ཞིང་རྒྱས་པ་སྐྱབས་འགྲོའི་སྐབས་ལྟར་གསལ་བཏབ་ལ། དེའི་མདུན་དུ་བདག་གི་གཡས་སུ་སྐྱེ་བ་ད་རེས་ཀྱི་ཕ་གཡོན་དུ་མ། བདུན་དུ་སྡང་བའི་དགྲ་གནོད་པའི་བགེགས། མཐའ་སྐོར་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་མི་ཡི་རྣམ་པ་ཅན་དུ་ཁྲོམ་ཆེན་པོ་ལྟར་འཚོགས་པ། རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་སྣ་དྲངས་ཏེ་སེམས་ཅན་ཐམས་ཅད་ཀྱི་ལུས་སྙེ་མ་རླུང་གིས་བསྐྱོད་པ་ལྟར་ཕྱག་འཚལ་བར་མོས། ཕྱག་འཚལ་བ་དེ་ཡང་རང་ཉིད་ཞི་བདེའི་ཆེད་ཙམ་མ་ཡིན་པར། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པའི་ཆེད་ཡིན་བསམ་པ་ཤིན་ཏུ་གལ་ཆེ། ཕྱག་འཚལ་ཚུལ་དངོས་ནི་ཐོག་མར་ཡར་ལངས་ཏེ་ཕྱག་ཁྲི་འགྱུར་གྱི་སྔགས། ཨ་མྲྀ་ཏ་ཡེ་མི་ཛ་ཡེ་སྭཱཧཱ། ཞེས་ལན་བདུན་བཟླས་ཏེ། ལུས་དྲང་པོར་བསྲང་ལ་ལག་གཉིས་ཀྱིས་ཐལ་མོ་ཁོང་སྟོང་པདྨ་ཁ་ཟུམ་པ་ལྟར་སྦྱར་ལ། དཔྲལ་བ་མགྲིན་པ་སྙིང་ག་དང་གསུམ་དུ་རིམ་པར་བཞག་ནས། ལག་མཐིལ་གཉིས་དང་པུས་མོ་ས་ལ་ཕབ་སྟེ། ལུས་ཤད་ཀྱིས་བརྐྱངས་ནས། དཔྲལ་བ་ས་ལ་གཏུགས་ཏེ་ལག་པ་གཉིས་ཐལ་མོ་སྦྱར། ཕྱག་གྲངས་ཅི་ཙམ་འཚལ་ཡང་འཚལ་ཚུལ་དེ་ལྟར་བྱེད་པ་གལ་ཆེ། ཐལ་མོ་སྦྱར་བའི་ཚེ་སོར་མོ་བསྐུམ་པ་དང་ཁོང་སྟོང་མེད་པར་ཐལ་མོ་ལེབ་མོར་སྦྱར་བ། ཐལ་མོ་ཞབས་རྡོལ་སོགས་མི་རུང་། ཐལ་མོ་ཧ་ཅང་གཙུག་ཏུ་ཁྱེར་ནས་ལག་པས་སྙོབ་ཚད་བྱེད་པ་དང་། སྣའི་ཐད་ཀར་འཇོག་པ་ནི། རིམ་བཞིན་རྨ་བྱའི་གཙུག་ཕྱག་དང་མུ་སྟེགས་པའི་སྣ་ཕྱག་ཏུ་གྲགས་པས་མི་རུང་ལ། ལུས་དྲང་པོར་མི་བསྲང་བར་སྒུར་ཕྱག་བྱེད་པ་དང་། པུས་མོ་དང་རྐང་བ་འཇོག་སར་ས་བརྐོས། དཔྲལ་བ་གཏུགས་སར་རྡོ་བརྩེགས་ནས་ཀད་ཕྱག་བྱེད་པ་ནི། བསོད་ནམས་ཀྱི་ཚོགས་མི་རྫོགས་པར་མ་ཟད། རྣམ་སྨིན་ངན་པའི་རྒྱུར་འགྱུར་ཕྱིར། རང་མགོ་རང་གིས་གཡོགས་པ་དེ་འདྲ་མི་བྱེད། བསམ་པ་དགེ་ཡང་སྦྱོར་བ་ལོག་པས་ཀྱང་འབྲས་བུ་ངན་པ་བསྐྱེད་པར་གསུངས་པས་ན། ཕྱག་ཚུལ་མཐུན་དུ་མ་འཚལ་ན་ཉེས་དམིགས་ཤིན་ཏུ་ཆེ་ཞིང་། རྣམ་སྨིན་མི་བཟད་པ་མྱོང་བར་འགྱུར་ཕྱིར། གང་བྱུང་མི་བྱེད་པར་ཤིན་ཏུ་བསྒྲིམ་དགོས། ལུས་ཀྱིས་ལྕོགས་ན་གོང་དུ་བཤད་པ་ལྟར། བརྐྱང་ཕྱག་ཁོ་ན་འཚལ་ནུས་ན་རབ་ཡིན། ཕྱག་འདི་རྒྱལ་གཤེན་ཆེན་པོས་ལྷ་ཡི་གཤེན་པོ་ལ་འཚལ་བའི་ཕྱག་སྟེ། རྒྱལ་གཤེན་གྱིས། ལུས་བརྡབ་ས་ལ་བརྐྱང་ཕྱག་འཚལ། ཞེས་སོ།། དེ་མ་ནུས་ན་འཚལ་ཚུལ་གཞན་གོང་དང་འདྲ་བ་ལ། ཡན་ལག་ལྔ་སར་གཏུགས་པས་ཆོགས་པ་བསྐུམ་ཕྱག་ཏུ་གྲགས་པ་འདི་འཚལ་ཡང་གསུང་རབ་ཀྱི་དོན་དང་མི་མཐུན་པ་མེད་དེ། མདོ་ཕྲན་ལས། ལུས་ཀྱིས་ཕྱག་འཚལ་ཡན་ལག་ལྔ་ཆར་བཏུད། ། ཅེས་པས་སོ།། འོན་ཀྱང་ལུས་ཀྱིས་ལྕོགས་བཞིན་དཀའ་ཚེགས་ལ་འཛེམ་པས། བསྐུམ་ཕྱག་འཚལ་བ་ལྟ་བུའི་སླ་ཆོས་སུ་མ་སོང་བ་ཞིག་དགོས་པས། བརྐྱང་ཕྱག་འཚལ་བ་འདི་ཕྱག་གི་མཆོག་ཡིན་ནོ།། ཁ་ཅིག་གིས། དང་པོར་བསྐུམ་ཕྱག་གཅིག་འཚལ། དེ་ནས་ཕར་ཐར་བཅད་དེ་འཚལ་བ་དེས། བསྐུམ་ཕྱག་དང་བརྐྱངས་ཕྱག་གཉིས་ཀའི་གོ་ཆོད་ཅེས་ཟེར་ཡང་། མདོ་རྒྱུད་བཀའ་བརྟེན་གྱི་ཁུངས་འདི་ནས་བཤད་ཟེར་རྒྱུ་མེད་འདུག དེ་ཡང་ཕྱག་ཅེས་པར་རང་རྒྱུད་ཀྱི་སྡིག་སྒྲིབ་ཕྱག་པའི་དོན་དང་། འཚལ་ཞེས་པ་དཀོན་མཆོག་གི་ཡོན་ཏན་རང་རྒྱུད་ལ་ལེན་པའི་དོན་ལ་འཇུག ཡང་ཕྱག་འཚལ་བ་ནི་འདུད་པའི་དོན་ཡིན་ཡང་། རྒྱ་མི་རྣམས་ཀྱིས་རང་གི་དཔོན་པོ་ལ་འདུད་པ་ལྟ་བུ་ནི། གསུང་རབ་ཀྱི་དོན་དང་མཐུན་པའི་ཕྱག་མིན། བརྐྱངས་ཕྱག་དང་བསྐུམ་ཕྱག་གང་འཚལ་ཡང་ས་ཁོད་སྙོམས་པ་ཞིག་ཏུ་འཚལ་བ་མ་གཏོགས། དཀའ་ཚེགས་ལ་འཛེམ་པས་རི་ངོས་དང་ཀད་པ་ལྟ་བུར་བརྟེན་ནས་འཚལ་མི་རུང་། གཞན་ལ་གཏམ་བཤད་ཞོར་དང་ཁ་ཡེང་མིག་ཡེང་བྱས་ནས་ཕན་ཚུན་བལྟ་ཞོར་དང་། ཐལ་མོ་འགྲམ་པར་འཇོག་པ་དང་། ངལ་གསོ་སླད་ལུས་ས་ལ་ཕབ་ནས་ཡུན་རིང་ཉལ་བ་སོགས་ཤིན་ཏུ་མི་རུང་།  ཚོགས་ཞིང་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་བཞིན་དུ། ལག་གཉིས་ཀྱིས་ཐལ་མོ་པདྨ་ཁ་ཟུམ་པ་ལྟར་སྦྱར་ལ། རང་གི་སྤྱི་མགྲིན་སྙིང་ཀར་རིམ་བཞིན་བཞག་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ནས་གསང་བ་གསུམ་གྱི་བྱིན་རླབས་རྒྱུད་ལ་ཞུགས་ཏེ། འབྲས་བུ་སྐུ་གསུམ་གྱི་གོ་འཕང་ཐོབ་པའི་བག་ཆགས་བཞག་པར་བསམ་དགོས། ཕྱག་འཚལ་ཚེ་ངག་ཏུ་ཡང་སྐྱབས་འགྲོ་གསོལ་འདེབས་སོགས་བརྗོད་པ་མ་གཏོགས་ཆགས་སྡང་གི་གཏམ་སྨྲ་བ་སོགས་སྤང་དགོས། དེ་ལྟར་བྱས་ན་ལུས་ངག་ཡིད་གསུམ་གྱི་ཕྱག་ཚང་སྟེ། མདོ་ལས། ལུས་ཀྱིས་ཕྱག་འཚལ་ཡན་ལག་ལྔ་ཆར་བཏུད། །ངག་གིས་ཕྱག་འཚལ་བསྟོད་ཚིག་དབྱངས་དང་བཅས། །ཡིས་ཀྱིས་ཕྱག་འཚལ་དགའ་དང་དད་པ་བསྐྱེད། ། ཅེས་པས་སོ།། དེ་ལྟར་ངག་གི་བསྟོད་པ་དང་། ཡིད་ཀྱི་དད་མོས་ལ་ཕྱག་གི་ཐ་སྙད་འཇུག་པའི་རྒྱུ་མཚན་ནི། ཕྱག་འཚལ་བ་ནི་འདུད་པའི་དོན་ཡིན་པས་སོ།། དེར་མ་ཟད་ཐལ་མོ་གནས་གསུམ་དུ་སྦྱར་བ་ལ་ཡང་། སྦྱོར་བའི་གནས་དང་འབྲས་བུ་གྲུབ་ཚུལ་གྱིས་ལུས་ངག་ཡིད་ཀྱི་ཕྱག་གི་ཐ་སྙད་སྦྱར་ཆོག དེ་ཡང་བློས་ལྕོགས་ན་རྡུལ་ཕྲ་རབ་རེ་རེའི་གོ་ན་རྡུལ་སྙེད་ཀྱི་སངས་རྒྱས་སྲས་དང་བཅས་པ་བཞུགས་པ་དང་། དེ་དག་གི་ཡོན་ཏན་དྲན་བཞིན། རང་ལུས་ཀྱང་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་དུ་སྤྲུལ་ནས། སངས་རྒྱས་སྲས་བཅས་ལ་བསྟོད་བསྔགས་ཀྱི་དབྱངས་དང་བཅས་ཏེ་ཕྱག་འཚལ་བར་བསམ་ན། རང་གི་སྒོ་གསུམ་གྱི་སྡིག་ལྟུང་བསམ་གྱིས་མི་ཁྱབ་པ་དག་ནས། སངས་རྒྱས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་འགྲུབ་པའི་དགོས་པ་ཡོད་པར་བཤད། ཕྱག་ཚུལ་བཞིན་འཚལ་བའི་ཕན་ཡོན་ནི། གནས་སྐབས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་བརྒྱུད་མར་འཐོབ་པ་དང་། མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་རིན་པོ་ཆེ། སྐུ་རྣམ་པ་གཉིས་འཐོབ་པར་སྡེ་སྣོད་མཛོད་སོགས་ལས་གསུངས་སོ།། ཕྱག་འཚལ་བ་འདི་རྒྱུ་ཕར་ཕྱིན་གྱི་ཐེག་པ་ཙམ་དུ་མ་ཟད། འབྲས་བུ་གསང་སྔགས་ཀྱི་ཐེག་པ་ནས་ཀྱང་། ཕན་ཡོན་རྒྱ་ཆེན་པོས་བསྔགས་པ་ནི། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་སྒྲུབ་པའི་ཡན་ལག་བཅོ་བརྒྱད་ཀྱི་ནང་ཚན། ཕྱག་འཚལ་མོས་འདུན་གྱི་སྒྲུབ་པའི་སྐབས་སུ་བསྟན་པས་ཀྱང་ཤེས་སོ།། དགེ་རྩ་གང་ཡང་ཐེག་ཆེན་གྱི་ལམ་དུ་འགྱུར་བ་ལ་བྱང་ཆུབ་སེམས་བསྐྱེད་ཀྱིས་གཞི་བཟུང་བ་གལ་ཆེ་ཞིང་། ཚོགས་གཉིས་ཟུང་འཇུག་ཏུ་བྱེད་པའི་ཐབས་བདེན་སྟོང་སྒྱུ་མ་ལྟ་བུའི་རྩིས་ཟིན་པ་དང་། དགེ་རྩ་རྐྱེན་གྱིས་མི་འཇིག་ཅིང་བླ་མེད་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་ལ། འཁོར་གསུམ་ཡོངས་དག་གི་བསྔོ་སྨོན་གལ་ཆེ་བ་ནི། འདི་སོགས་དགེ་སྦྱོར་གྱི་སྐབས་ཐམས་ཅད་དུ་ཤེས་དགོས། ། ཞེས་པ་འདི་ཡང་རྒྱལ་རོང་ལེགས་ཁོ་བླ་མ་བསྟན་འཛིན་ཚུལ་ཁྲིམས་ཀྱིས། སྔ་ཕྱིར་ནན་ཆེར་བསྐུལ་བའི་ངག་མ་བཅག་ཙམ་དུ། ཚུལ་ཆེན་སྐྱེ་མིང་པས་བྲིས་པའོ། ། མུ་ཙུག་སྨྲ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།