བསྐོར་བ་གཡས་གཡོན་གྱི་ཁྱད་པར།

བསྐོར་བ་གཡས་གཡོན་གྱི་ཁྱད་པར།

དཔྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན།

      ༄༅། །ཐོས་ཆུང་བ་འགའ་ཞིག་ནས་བོན་གྱི་བསྐོར་བ་ཡིན་ན་གཡོན་བསྐོར་དང་དེ་ཉིད་ཕྱི་བསྐོར་ཡིན་པས་གྲུབ་མཐའ་ཕྱི་པར་འགྱུར་བ་ཡིན་ནོ་ཞེས་ཟེར་སྐད། བཞིན་བཟང་། ཁྱིམ་དུ་མ་འཁུམ་པར་ཅུང་ཟད་ཕྱོགས་ཀུན་ལ་ལྟོས་ཤིག་དང་། འཛམ་གླིང་བྱང་ཕྱོགས་པ་རྣམས་གཡོན་ཕྱོགས་ཆེ་བར་བྱེད་པས་དེའི་གྲལ་མགོར་བཟུང་ནས་དེ་དང་མཐུན་པར་བྱང་བསྐོར་དང་། ལྷོ་ཕྱོགས་པ་རྣམས་གཡས་ཕྱོགས་ཆེ་བར་བྱས་པས་དེ་ཉིད་གྲལ་མགོར་བཟུང་ནས་དེ་དང་མཐུན་པར་ལྷོ་བསྐོར་བྱེད་དེ། འཇིག་རྟེན་སྲི་ཞུའི་ཚུལ་གྱིས་ནི། །ཞེས་པའི་ཡུལ་ལུགས་དང་སྦྱར་བ་ཡིན་ལ། དེ་ལ་ཅུང་ཟད་བརྟག་ན་རེ་ཞིག་ལྷོ་བྱང་གི་བསྐོར་བ་ལ་བན་བོན་གྱིས་མ་ཁྱབ་སྟེ། བོན་ལྷོ་གཏེར་གྱི་མདོ་ནས་ལྷོ་བསྐོར་དང་། བྱང་གཏེར་ནས་བྱང་བསྐོར་དང་། རྒྱ་གར་བས་ཡོངས་གྲགས་ལྷོ་བསྐོར་དང་། བདེ་མཆོག་སོགས་ནས་བྱང་ནས་བསྐོར་ཚུལ་ཡང་གསུངས་པའི་ཕྱིར་རོ། ། དེ་ན་གང་ལྟར་བསྐོར་ཡང་ཁྱད་མེད་དེ། གཉིས་ཀའང་རྟེན་དེ་ལ་འཁོར་བའི་དོན་དུ་འགྲོ་བའི་ཕྱིར་ཏེ་ཁྱིམ་དུ་འགྲོ་བ་ལ་སྒོ་གཡས་གཡོན་བཞིན་ནོ། ། སྒོ་གཡས་གཡོན་ལ་ཁྱད་པར་ཡོད་སྙམ་ན། དེ་ཙམ་གྱིས་ལྷོ་བྱང་གི་བསྐོར་བ་ཞེས་འཛམ་བུའི་གླིང་ན་གྲགས་སོ། །  གཞན་ཡང་སྔགས་ལུགས་སུ་གཡས་གཡོན་གཉིས་ལ་ཐབས་ཤེས་ཀྱི་ཕྱོགས་ཀྱི་བརྡ་སྦྱར་ནས་ཐུགས་སྲོག་གི་སྔགས་ཕྲེང་འཁོར་ཚུལ་ཡང་བན་བོན་གཉིས་ནས་ལྷོ་བྱང་གི་འཁོར་ཚུལ་གཉིས་ཀ་གསུངས་པས་ཁྱད་མེད་དོ། ། གལ་ལྟར་མི་འདོད་ན་བདེ་མཆོག་ལ་སོགས་བོན་ལྷོ་གཏེར་རྣམས་ཆོས་སུ་ཐལ་བ་དང་སྔགས་ཕྲེང་འཁོར་ཚུལ་ལའང་དེར་ཐལ་བ་ཚངས་པ་དང་དབང་ཕྱུག་གིས་ཀྱང་བཟློག་པར་ག་ལ་ནུས། གཞན་ཡང་ལྷོ་བྱང་གི་བསྐོར་བ་ལ་གཡས་གཡོན་གྱིས་ཁྱབ་པའང་རྣམ་པ་ཀུན་ཏུ་འཆའ་མི་ནུས་ཏེ། སྤྱི་སྤུངས་སོགས་ལས་སྔགས་ཕྲེང་བྱང་དུ་འཁོར་བ་ལ་གཡས་བསྐོར་དང་། ལྷོ་བསྐོར་དུ་འཁོར་བ་ལ་གཡོན་བསྐོར་གྱི་བརྡས་གསུངས་པ་ཡོད་པའི་ཕྱིར་དང་། ཁམས་པ་རྣམས་དེ་ལས་ལྡོག་སྟེ་སྨྲ་བའི་ཕྱིར་རོ། ། མི་འདོད་ན་སྔགས་ཕྲེང་གཡས་གཡོན་གྱིས་ཕན་ཚུན་བན་བོན་དང་། བོད་ཁམས་གཉིས་བན་བོན་དུ་འགྱུར་བའང་རིགས་པས་མཚུངས་སོ། ། ཡང་གཡས་གཡོན་གྱིས་བསྐོར་བ་ལ་ཕྱི་ནང་གིས་ཁྱབ་པའང་མེད་དེ། སྔགས་ངོ་ནང་བསྟན་རྣམས་བྱང་བསྐོར་དགོས་པ་དང་། སྔགས་ངོ་ཕྱི་བསྟན་རྣམས་ལྷོ་བསྐོར་དགོས་པའི་ཕྱིར་དང་། བོན་པ་རྣམས་བྱང་བསྐོར་ལ་ནང་དང་ལྷོ་བསྐོར་ལ་ཕྱིའི་བརྡ་སྦྱོར་བ་དང་། ཁམས་པ་རྣམས་གོ་ལྡོག་ཏུ་སྨྲ་བ་སོགས་མ་ངེས་པའི་ཕྱིར་རོ། ། མི་འདོད་ན་ཕན་ཚུན་དུ་ཐལ་བའང་མཚུངས་སོ། །

      ཁ་ཅིག་ན་རེ། འཇིག་རྟེན་སྲི་ཞུའི་རྗེས་སུ་འབྲང་ན་སྲིད་པའི་སྒྲོན་མེ་ཉི་ཟླ་ཡིན་པས་དེའི་འཁོར་ཚུལ་ལྷོ་བསྐོར་ལྟར་བྱེད་པ་ལེགས་ཟེར་བ་ནི་ཧ་ཅང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བའི་དབང་གིས་ཞེན་གཏམ་དང་ཉི་ཟླའི་སྣང་འགྲོས་དང་ཁྱིམ་འགྲོས་ཀྱི་ཤན་མ་ཕྱེད་པར་རྨོངས་གཏམ་ཟུང་འབྲེལ་ཡིན་པར་མ་ཟད་རང་བྱུང་རྡོ་རྗེ་བེར་ཀ་དང་འདྲ་བར་སོང་ལ། རྣམ་པ་ཀུན་ཏུ་ལྷོ་བསྐོར་བྱེད་པ་ལེགས་ན་མཆིག་གུ་དང་སྙེ་མའི་བམ་པོའང་ལྷོ་བསྐོར་མཛོད་དང་ཁྱོད་ལ་ཧ་ཅང་ལེགས་པར་འགྱུར་རོ། ། ཞེས་རེ་ཞིག་མཚར་གཏམ་དེ་ཙམ་མོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།