སེམས་བསྐྱེད་ཀྱི་ཕན་ཡོན་བསྟན་པ།

སེམས་བསྐྱེད་ཀྱི་ཕན་ཡོན་བསྟན་པ།
མ་ཧཱ་པཎྚི་ཏ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན།

    ༄༅། །དང་པོ་དོན་གྱི་སྒོ་ནས་བསྔགས་པ་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པའི་གང་ཟག་དེའི་མིང་འཕོས་ནས་གཡུང་དྲུང་སེམས་དཔའ་འམ་རྒྱལ་བའི་སྲས་པོ་ཞེས་ཀུན་གྱིས་བསྔགས་པར་འོས་པ་ནི་མདོ་ལས། རྒྱས་སྲས་གཏོ་བུ་འབུམ་སངས་ལ་བདག་བས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཐུགས་ལ་འཁྲུངས་པ་ན། སངས་རྒྱས་ཀྱིས་ཀྱང་གཡུང་དྲུང་སེམས་དཔའི་མཚན་གྱིས་ཡོངས་སུ་བསྔགས་པ་དང་། དོན་འཕོས་ནས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་གནས་སུ་འགྱུར་ཏེ། གཞི་ལམ་འབྲས་བུའི་རྣམ་འབྱེད་ལས། སེམས་བསྐྱེད་ཙམ་གྱིས་ཉམ་ཐག་ཀྱང་། །རྒྱལ་བའི་སྲས་ཞེས་ཡོངས་ཀྱིས་བཀུར། ། ཞེས་གསུངས་པ་དང་། གང་ཟག་ཉོན་མོངས་པས་འཆིང་བ་མཐའ་དག་དང་བཅས་པས་ཀྱང་ཐེག་དམན་གྱི་དགྲ་བཅོམ་པ་ཆེན་པོ་རྣམས་ཀྱང་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན་པར་གསུངས། དེ་བས་བོན་སྒོ་ཟབ་ཟབ་དང་ཐེག་པ་མཐོ་མཐོ་མང་པོ་ལ་མཐོ་སྙེགས་བྱེད་པ་བས། རང་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མ་མ་ཡིན་པ་ཞིག་སྐྱེ་བའི་ཐབས་ལ་འབད་ན་བོན་སྒོ་ཡང་དེ་ཟབ། ཐེག་པ་ཡང་དེ་མཐོ། ངོ་མཚར་ཡང་དེ་ཆེ་སྟེ། གྱེར་སྤུངས་ཆེན་པོ་ལ། སློབ་མ་ཞིག་གིས། བླ་མ་ལགས། གང་ཟག་ལས་ངོ་མཚར་གང་ཆེ་ཞུས་པས། བླ་ཆེན་གྱི་ཞལ་ནས། ངོ་མཚར་རང་འདོད་ཟད་པ་དེ་ཆེ་གསུངས། ལམ་གྱི་བོན་རྣམས་ལས་ངོ་མཚར་གང་ཆེ་ཞུས་པས། སྙིང་རྗེ་ཆེན་པོ་ལྡན་པ་དེ་ཆེ་གསུངས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་ལྷག་པའི་ཐེག་པ་ཆེན་པོའི་ལམ་གྱི་གཞུང་ཤིང་གཞན་མེད་པ་ནི། བྱམས་འབུམ་ལས། འདི་དང་ལྡན་ན་ཡང་དག་པར། །ཡེ་གཤེན་ཐེག་པ་མཆོག་བརྙེས་ཤིང་། །གཡུང་དྲུང་སེམས་དཔར་འགྱུར་བ་དང་། །འབུམ་ལྔ་རྒྱུད་ལ་འཁྲུངས་པ་ཡིན། ། ཞེས་གསུངས།

     གཉིས་པ་བྱང་ཆུབ་ཀྱི་སེམས་དེ་དཔེའི་སྒོ་ནས་བསྔགས་པ་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པའི་དགེ་བ་དེའི་བདེ་འབྲས་ནི་ལན་དཔག་ཏུ་མེད་པར་མྱོང་ཡང་འཁོར་བ་མ་སྟོང་བར་དུ་མི་འཛད་པར་དཔེ་ཡི་སྒོ་ནས་བསྔགས་པ་ནི། ལམ་རིམ་དྲུག་ཅུ་བ་ལས། ཇི་སྲིད་རྒྱ་མཚོ་མ་ཟད་པ། །དེ་སྲིད་ཆུ་བོ་མི་འཛད་བཞིན། །ཇི་སྲིད་འཁོར་བ་མ་སྟོངས་པ། །དེ་སྲིད་བྱང་སེམས་མི་འཛད་དོ། །ཞེས་གསུངས། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་དགེ་བ་ཆུང་ངུ་ཡང་རང་གཞན་གྱི་དོན་གཉིས་རྒྱ་ཆེར་འགྲུབ་པའི་རྒྱུར་འཕེལ་ཆེ་བ་ནི། དྲི་མེད་མདོ་ལས། ངས་ཀྱང་དགེ་བར་སེམས་ལྟོས་སོ། །དེར་ལྟོས་བྱང་ཆུབ་སེམས་ལྡན་པས། །དགེ་བ་སྟོབས་ཆེན་དེ་ཡིས་འགྲུབ། །དེར་གྱུར་དེ་ཡི་ཡོན་ཏན་ནི། །དཔག་གིས་མི་དཔོག་གཞལ་མི་ལོང་། །ཆུ་བབས་རྒྱ་མཚོའི་རུ་མ་དང་། །རྡུལ་བརྩེགས་རི་རབ་འཕེལ་བཞིན་འགྱུར། །ཞེས་གསུངས། མཚམས་མ་མཆིས་པ་ལྔ་སོགས་སྡིག་པ་ཤིན་ཏུ་སྟོབས་ཆེ་བ་དག་ཀྱང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པས་བདག་འཛིན་ལ་སོགས་པའི་ཉོན་མོངས་སྟོབས་ཆེན་རྣམས་ཀྱང་འཇོམས་པ་ནི། ལམ་རིམ་དྲུག་ཅུ་བ་ལས། སྨན་མཆོག་རྣམ་པར་རྒྱལ་བ་དེ། །ནད་རྣམས་ཀུན་ལ་སྙོམས་པར་འགྲོ། །བྱང་ཆུབ་སེམས་ཀྱི་བསླབ་པ་དེ། །ཉོན་མོངས་ཀུན་གྱི་གཉེན་པོར་འགྲོ། ། ཞེས་སོ།། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ན། རང་གཞན་གྱི་སྲིད་པའི་སྡུལ་བསྔལ་བརྒྱ་ཕྲག་མང་པོ་གཞོམ་པ་དང་། མྱང་འདས་ཀྱི་བདེ་བ་བརྒྱ་ཕྲག་མང་པོ་ཐོབ་པར་འདོད་པ་ཀུན་བསམ་བཞིན་འགྲུབ་པ་ནི། སུམ་བརྒྱ་བ་ལས། རིན་ཆེན་བཞིན་དུ་བདེ་དང་སྡུག་བསྔལ་སོགས། ། སྤང་དང་བླང་བ་བསམ་པ་བཞིན་དུ་འགྲུབ། ། ཅེས་དང་། རྣམ་བཤད་ཟླ་འོད་ལས། ལས་དང་ཉོན་མོངས་དབང་གིས་བྱུང་བ་ཡི། །སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་བྱེད་ཅིང་། །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་འདོད་རྣམས། །བྱང་ཆུབ་སེམས་འདི་སྲོག་ལས་གཅེས་པར་ཟུངས། ། ཞེས་སོ།། ཁྱད་པར་གྱི་ཡོན་ཏན་ནི། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ནས་མ་ཉམས་ན། གཉིད་ལོག་པའམ། ར་རོ་བ་སོགས་བག་མེད་པར་གྱུར་ཀྱང་ཐམས་ཅད་དགེ་བར་འགྱུར་བས། བསོད་ནམས་རྒྱ་ཆེན་པོ་རྒྱུན་མི་ཆད་པར་ཐོབ་པ་ནི། དྲི་མེད་མདོ་ལས། རང་བས་གཞན་དོན་གཙོར་བྱས་ན། །ཅི་སྤྱོད་དགེ་བར་འགྲོ་བར་འགྱུར། ། ཞེས་དང་། བྱང་སེམས་བསླབ་བྱ་ལྔ་བཅུ་བ་ལས། བྱང་ཆུབ་སེམས་འདི་སྐྱེས་ནས་བཟུང་། །གཉིད་ལོག་པའམ་བག་མེད་གྱུར། །བསོད་ནམས་རྒྱུན་མི་འཆད་པར་འབྱུང་། ། ཞེས་སོ།། སྐད་ཅིག་ཙམ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བ་ལ། ཐེག་དམན་གྱི་བྱང་ཆུབ་ལ་དམིགས་པའི་སེམས་ཀྱིས། ཁམས་གསུམ་གྱི་སེམས་ཅན་ལ་སྲོག་གི་སྦྱིན་པ་བཏང་བས་ཀྱང་བསྒྲུན་ཏུ་མེད་ཅིང་། ཐེག་དམན་གྱི་དགེ་བ་མཚན་བཅས་མཚན་མེད་ཐམས་ཅད་ཀྱིས་ཆར་ཡང་མི་ཉེ་སྟེ། མདོ་ཕྲན་ལས། གོམ་གཅིག་བོར་བའི་སྐད་ཅིག་སེམས་ལ་ནི། །ཁམས་གསུམ་གང་བར་གྱུར་བའི་སེམས་ཅན་ལ། །སྲོག་སྦྱིན་དགེ་བ་བྱས་པས་ཆར་མི་ཉེ། ། ཞེས་སོ།། མཐར་ཐུག་གི་འབྲས་བུ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ། རྒྱུ་བྱང་ཆུབ་ཀྱི་སེམས་སྙིང་རྗེའི་རྩ་བ་ཅན། ཐབས་ཀྱི་མཐར་ཕྱིན་པ་ཁོ་ན་ལས་འབྱུང་བ་ཡིན་ཏེ། དྲི་མེད་མདོ་ལས། སེམས་བསྐྱེད་གཞན་ཕན་ལོ་ཏོག་སྨིན་པ་ཡིས། །སྐྱེ་འགྲོ་སེམས་ཅན་གསོས་སུ་འབྱུང་བར་འགྱུར། ། ཞེས་སོ།། མདོར་ན་དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པས་བགྲོད་པ་གཅིག་པའི་གཞུང་ལམ་དུ་གྱུར་པ་ཉིད་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཁོ་ན་ལགས་ཕྱིར་ལམ་གྱི་རིམ་པ་འདིའི་བཀའ་སྲོལ་འཛིན་པའི་དགེ་བའི་བཤེས་གཉེན་ཐམས་ཅད་དང་། ཁྱད་པར་རྗེ་བཙུན་དམ་པ་ཡབ་སྲས་ཀྱིས་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་དམ་གྱི་མཐིལ་དུ་མཛད་པས་མངོན་པར་རྟོགས་པའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་བ་ཡིན་པའི་གནད་འདི་ཤེས་ནས་བྱིས་པ་རྣམས་མགུ་བ་བསྐྱེད་པའི་ཡོན་ཏན་ཙམ་ལ་མགོ་མི་འཁོར་བར་བསྟན་པའི་སྙིང་པོ་འདི་ལ་བག་ཆགས་ཅི་ཐེབས་ཤིག་ངེས་པར་བྱ་དགོས་སོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།