གཏོ་དཔྱད་ཀྱི་སྐོར།

གཏོ་དཔྱད་ཀྱི་སྐོར།
ནམ་མཁའི་ནོར་བུ།

༄༅། ། བོན་གནའ་ལུགས་སུ་གྲགས་པའི་གཏོ་ནི་གསོན་པོ་བདེ་བ་དང་ནད་པ་གསོ་བ། འགལ་རྐྱེན་བཟློག་པ། འཆི་བ་བསླུ་བ་ལ་སོགས་པའི་དགོས་དོན་དུ་མ་ལ་བརྟེན་པའི་དཔྱད་ཀྱི་བྱེ་བྲག་ཅིག་ཡིན་པས་དེ་སྐད་དུ་གྲགས་ལ། བོན་ཕྱྭ་གཤེན་པའི་ལུགས་སུ་འཆི་བསླུ་གཏོ་ཞེས་བཤད་པ་སྟེ་དུས་རིམ་བར་མའི་སྐབས། བོད་དུ་དར་བའི་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ཁོངས་སུ་འགྲོལ་ཤེས་གཏད་བྱད་ཅེས་སུ་གྲགས་པའི་བོན་ལུགས་དེའི་གྱེར་སྒོ་གང་ལས་བའི་གཞི་སྟེ་བོན་སྒོ་བཞི་མཛོད་ལྔ་རུ་དབྱེ་བའི་སྐབས་སུ་དཔོན་གསས་ཕྱ་གཉན་གཏོ་ཡི་སྒོ་ཞེས་པས་གསལ་བ་དེ་ཡིན། གཏོའི་ཤེས་རིག་དེའི་རྨང་གཞི་ནི་སྲིད་པའི་ཁམས་འདིར་རང་རེའི་དབང་པོའི་མངོན་སུམ་དུ་མཐོང་ཚོར་མི་ཐུབ་པའི་སྐྱེ་འགྲོ། མིའི་འགྲོ་བ་ལས་ཐ་དད་པ། དབྱིངས་ཀྱི་ལྷ་དང་བར་སྣང་གི་གཉན། ས་གཞིའི་བརྟན་མ། རྒྱ་མཚོའི་ཀླུ་ལ་སོགས་པ་ཡོད་ཅིང་། རང་རེའི་དབང་པོའི་མངོན་སུམ་དུ་མ་གྱུར་ནའང་རང་ཅག་རྣམས་སྐྱེ་འགྲོ་དེ་རིགས་ཀྱི་དབང་པོའི་མངོན་སུམ་དུ་གྱུར་པ་དཔེར་ན། སྲིན་འབུའི་རིགས་ལྟ་བུ་སྐྱེ་འགྲོ་འགའ་ཞིག་རང་རེའི་དབང་པོའི་མངོན་སུམ་དུ་གྱུར་ནའང་རང་ཅག་དེ་རྣམས་ཀྱི་དབང་པོའི་མངོན་སུམ་དུ་མ་གྱུར་པའི་སྐབས་ཡོད་པ་དེ་ལྟ་བུའི་མུ་གཅིག་དང་། ཇི་ལྟར་ལྷ་གཉན་ཀླུ་སོགས་ཀྱི་འགྲོ་བ་རང་རེའི་དབང་པོའི་མངོན་སུམ་དུ་མ་གྱུར་པ་དེ་བཞིན་དུ་རང་ཅག་ཀྱང་སྐྱེ་འགྲོ་དེ་རིགས་འགའི་དབང་པོའི་མངོན་སུམ་དུ་མ་གྱུར་པའི་སྐབས་ཀྱང་སྲིད་པ་དེ་ལྟ་བུའི་མུ་གཅིག་དང་། སྟག་དང་གཟིག་ལ་སོགས་པའི་སྐྱེ་འགྲོ་མང་པོ་ཞིག་རང་རེའི་དབང་པོའི་མངོན་སུམ་དུ་གྱུར་པ་དེ་བཞིན་དུ། རང་ཅག་ཀྱང་སེམས་ཅན་དེ་རྣམས་ཀྱི་དབང་པོའི་མངོན་སུམ་དུ་གྱུར་པའི་སྐབས་ཡོད་པ་དེ་ལྟ་བུའི་མུ་གཅིག་བཅས་སྲིད་པའི་ཁམས་ན་གནས་པའི་སྐྱེ་འགྲོའི་སྣང་ལུགས་ལ་མི་འདྲ་བའི་མུ་གསུམ་ཡོད་པའི་ནང་ལྷ་གཉན་ཀླུ་སོགས་རང་རེའི་ཐུན་མོང་གི་དབང་པོའི་མངོན་སུམ་དུ་མ་གྱུར་པའི་སྐྱེ་འགྲོ་མཐུ་དབང་དང་ལྡན་པ་དེ་རིགས་ལ་གཏོད་ཅེས་སུ་གྲགས་པ་ཡིན།
སྐབས་འགར་རང་ཅག་གཏོད་ཀྱི་གནས་ཚུལ་དེ་རིགས་ལ་རྨོངས་པའི་དབང་གིས་བྱ་བ་དང་སྤྱོད་ལམ་ཉེས་པའི་སྒོ་ནས་གཏོད་ཀྱི་རིགས་གང་རུང་ལ་ཕོག་ཐུག་ཤོར་རྐྱེན་གྱིས་གཏོད་ཀྱི་རིགས་རྣམས་ཁྲོས་ཤིང་འཁྲུགས་ཏེ། དེ་རྣམས་ཀྱིས་ཕོག་ཐུག་གཏོང་མཁན་སུའང་རུང་བ་དེ་ལ་བྱད་ཁ་དང་རྦོད་གཏོང་སོགས་བཀྲ་མི་ཤིས་པ་དང་། ན་ཤི་རྐྱེན་ཆགས་ཅི་རིགས་འབྱུང་བའི་མཐུ་ཁ་བསྟན་སྲིད་པ་ཡིན་ལ། གལ་ཏེ་མི་སྒེར་རམ་མི་ཚོགས་སམ་མི་ཚང་ཞིག་ལ་གཏོད་ཀྱི་མཐུ་ཁ་བསྟན་ཡོད་པ་ཡིན་ན། ནམ་ཞིག་མཐུ་ཁ་གང་ལ་བསྟན་པའི་མི་སྒེར་རམ་མི་ཚོགས་སམ་མི་ཚང་དེའི་རླུང་རྟའམ་དབང་ཐང་ངམ་ལུས་སམ་སྲོག་གི་འབྱུང་ཁམས་གང་རུང་གི་ནུས་པ་ཞན་པའམ་འཁྲུགས། གུད་པའི་སྐབས་བྱུང་བ་དེའི་ཚེ་མཐུ་ཁ་ཐོག་ཏུ་སྨིན་ནས་ལུས་ངག་ཡིད་གསུམ་ལ་མི་འདོད་པའི་རྐྱེན་ཅི་རིགས་ཐད་ཀར་འབྱུང་བ་དང་། ཡང་ན་དེ་དང་འབྲེལ་ཡོད་ཀྱི་རྐྱེན་ཆགས་ཅི་རིགས་འབྱུང་ཆོག་གྲབ་སྟོན་པ་དང་གཏོད་ཀྱི་མཐུས་དབང་དུ་བྱས་པའི་འབྱུང་ཁམས་ཀྱི་ནུས་ཤུགས་དེ་ལ་བརྟེན་ནས། མཐུས་ཟིན་པའི་གང་ཟག་སུའང་རུང་བ་དེའི་འབྱུང་བའི་ཁམས་ཉམས་པའི་རྐྱེན་བྱེད་པ་དེ་ལ་གདོན་ཞེས་པའི་ཐ་སྙད་བྱས་པ་ཡིན།
གཏོད་ཀྱི་རིགས་འཁྲུགས་པ་རྣམས་བཅོས་ཏེ་ཞི་བར་བྱ་བ་དང་། མཐུ་དང་བྱད་ཁའི་རིགས་ལས་འགྲོལ་བ་དང་གདོན་གྱི་རིགས་རྣམས་སེལ་བར་བྱེད་པའི་ཕྱིར་དུ་གཏོ་ཐབས་ཀྱི་ཤེས་རིག་འདི་ཉིད་བྱུང་ཞིང་། གཏོའི་བྱེ་བྲག་མང་དུ་ཡོད་པ་དེ་རིགས་ནི་ཁོ་བོའི་བཀོད་པའི་རྩོམ་ཡིག་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ་ཞེས་བྱ་བའི་ནང་ཚན་འགྲོལ་ཤེས་གཏད་བྱད་ཀྱི་སྐོར་བཤད་པའི་སྐབས་ནས་མཁྱེན་པར་མཛད་འོས་པ་ཡིན།།

 

༼ཞང་བོད་ལོ་རྒྱུད་ཏི་སེའི་འོད ༽ལས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།