ཇུ་ཐིག་གི་སྐོར།

ཇུ་ཐིག་གི་སྐོར།
ནམ་མཁའི་ནོར་བུ།

གནའ་ལུགས་སུ་ལྐོག་གྱུར་གྱི་གནས་ཚུལ་གསལ་བར་བྱེད་པའི་བོན་མཆོག་དུ་བསྔགས་པ་ཞིག་ནི་ཇུ་ཐིག་གི་བོན་འདི་ཡིན་སྟབས། ཇུ་ཐིག་གི་ཤེས་རིག་ནི་ཤིན་དུ་རྒྱ་ཆེ་ལ་རྣམ་པའི་གྲངས་ཀྱང་ཤིན་དུ་མང་བ་ཞིག་ཏུ་གྱུར་ཡོད། ཇུ་ཐིག་གི་སྲོལ་འདི་དུས་རིམ་གོང་བར་འོག་གསུམ་ཀར་དར་ཁྱབ་ཆེས་ཆེ་བ་ཞིག་བྱུང་མྱོང་ཡོད་པ་ནི་ཏུན་ཧོང་བོད་ཀྱི་ཡིག་རྙིང་ཤོག་དྲིལ་གྱི་ཁྲོད[p.t.1047]དུ་ཡིག་ཕྲེང་བཞི་བ་ནས་བརྩམས། ཡིག་ཕྲེང་བཞི་བརྒྱ་དང་གཉིས་ཀྱི་བར་ཚིག་ཚོགས་ཤིན་ཏུ་མང་བའི་ཇུ་ཐིག་གི་མོ་བཤད་ཀྱི་ཡིག་ཆ་ཞིག་དེང་དུས་རང་ཅག་གི་དབང་བོའི་མངོན་སུམ་དུ་བཞུགས་བཞིན་པ་དང་། མཁས་མཆོག་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ(1846_1912)གྱིས་ཇུ་ཐིག་གི་བསྟན་བཅོས་སྣང་གསལ་སྒྲོན་མེ་མཛད་པའི་ཚེ། ཇུ་ཐིག་གི་ཡིག་རྙིང་པོད་གྲངས་བཅུ་གཅིག་ཕྱག་ཏུ་སོན་པ་རྣམས་གོ་བསྡུར་གནང་ཚུལ་དང་། ཇོ་བོ་མཁན་བློ་བཟང་མདོ་རྒྱུད(དུས་རབས18)ཀྱིས་ཞང་ཞུང་གི་མོ་ཡིག་པོད་བཅུ་བདུན་ཙམ་གཟིགས་ཤིང་བཏུས་པ་རྒྱུད་ཆེན་དགོངས་པ་རབ་གསལ་ཞེས་བྱ་བའི་ཇུ་ཐིག་གི་གཞུང་མཛད་ཚུལ་གསལ་བ་དེ་རྣམས་ཀྱིས་ཤེས་ཐུབ་པ་ཡིན།
ཇུ་ཐིག་གི་མོ་རྒྱག་ཚུལ་ནི་ཇུ་ཐིག་ཤར་བ་སྐྱ་དྲུག་ཅེས་སུ་གྲགས་པ་ལྟར། ཇུ་ཐིག་གི་མོ་ཆས་སུ་ཐིག་གུ་རིང་ཐུང་དྲུག་ཡོད་པ་དེ་རྣམས་ཀྱི་ཐིག་སྣེ་ཟུང་རེ་ཉིས་གཤིབ་བྱས་པའི་རྩེར་མདུད་པ་རེ་བོར་བས་མདུད་པའི་རྣམ་པ་མི་འདྲ་བ་བཞི་འབྱུང་ཞིང་ལྷག་མ་རྣམས་མོ་མའི་ཕྱག་གཉིས་ཀྱིས་ཐིག་གུ་ཟུང་རེ་དམ་དུ་བཟུང་སྟེ། ཐད་ཀར་ཁ་ཕྱེས་པ་ན་མདུད་པའི་རྣམ་པ་མི་འདྲ་བ་ཅི་རིགས་ཤིག་འབྱུང་སྲིད་པ་དེ་དག་ལ་ཞིབ་འཇུག་བྱེད་དགོས་པ་དེ་ཡིན། ཇུ་ཐིག་གི་མདུད་གྲངས་མི་འདྲ་བ་ཇི་ཙམ་ཞིག་ཡོད་པ་ནི་སྣང་གསལ་སྒྲོན་མེ[སྡེ་ཤ229ན5]ལསལྟར་སྲིད་པའི་བླ་མདུད་ལ། ཞིབ་ཚགས་བྱས་ན་དྲུག་བརྒྱ་ཡོད། སངས་ཁྲི་ཕྲག་འབུམ་ཞེས་སོགས་བཤད། བབ་རྐྱེན་པ་བསྡུས་པས་སུམ་བརྒྱ་དྲུག་ཅུ་ཡོད། བརྒྱག་གིས་བསྒྱུར་བ་མི་འདྲ་ཁྲི་ཙམ་ཡོད། བརྒྱག་གཙོ་བོ་བདུན་བརྒྱ་ཉི་ཤུར་འདུས། ཞེས་གསུངས་པ་ལྟར། མདུད་པའི་གཙོ་བོ་དིང་དིང་དང་ཁྱུང་བརྒྱད། སྐྱམ་ཞེས་པ་ལྟ་བུ་དྭངས་མའི་མདུད་པ་དང་། མཛངས་མའི་མདུད་པ་དང་སྙིགས་མའི་མདུད་པ་རིགས་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་ཡོད་པ་སྟེ། ཇུ་ཐིག་གི་དཔེ་རྙིང་སྒྱུ་མ་གསེར་འབུམ་གྱི་ལུང་སྣང་གསལ་སྒྲོན་མེ[སྡེ་ཤ401བ3]ལས་མོ་མདུད་སུམ་བརྒྱ་དྲུག་ཅུ་ལ། དྭངས་མ་བརྒྱ་དང་ཉི་ཤུ་དེ། ལྷ་ཁམས་སྲིད་པའི་བླ་གནས་ཡིན། མཛངས་ལ་བརྒྱ་དང་ཉི་ཤུ་དེ། མི་ཁམས་སྲིད་པའི་བླ་གནས་ཡིན། སྙིགས་མ་བརྒྱ་དང་ཉི་ཤུ་དེ། འདྲེ་ཁམས་སྲིད་པའི་བླ་མདུད་ཡིན། ཞེས་པས་གསལ་བ་དེ་དག་ཡིན། བརྒྱག་ཅེས་པ་ནི་མདུད་པའི་གཙོ་བོ་མང་འདྲ་ཞིག་བྱུང་བ་དེ་མོ་མདན་གྱི་སྟེང་དུ་བཀོད་ཚེ། མདུད་པའི་བཀོད་དབྱིབས་དང་། ཁ་ཕྱོགས་ཀྱིའབྲེལ་བ་སོགས་ལ་ཞིབ་དཔྱད་བྱེད་པའི་རིགས་དེ་ལ་ཟེར་བ་ཡིན། སངས་ཁྲི་ཕྲག་འབུམ་ཞེས་དཔེ་འདིར་འཁོད་ཡོད་ནའང་སྒྱུ་མ་གསེར་འབུམ་གྱི་ལུང་སྣང་གསལ་སྒྲོན་མེ[སྡེ་ཤ401བ5]ལས་བྲག་ལ་ཁྲི་དང་སད་ལ་འབུམ། ཞེས་བྲག་དང་སད་ཀྱི་ཐ་སྙད་གསལ་བོར་བསྟན་ཡོད་ལ། དཔེ་འདིར་སངས་ཞེས་པ་དང་། སྒྱུ་མ་གསེར་འབུམ་དུ་སད་ཅེས་པ་དེ་གཉིས་གོ་དོན་གཅིག་ཡིན་པ་ནི་ཤེས་སླ་ལ། ཕྲག་ཅེས་པ་འདི་ནི་སྤྱིར་བཏང་དུ་ཁྲི་ཕྲག་དང་། འབུམ་ཕྲག་ཅེས་པའི་ཚིག་འདི་མི་ཀུན་ལ་ཁ་བྱང་ལག་བྱང་དུ་ཡོད་པ་ཞིག་ཡིན་ལ། སད་ཁྲི་བྲག་འབུམ་སྟེ། སད་ཀྱི་རིགས་མི་འདྲ་བ་ཁྲི་དང་བྲག་གི་རིགས་མི་འདྲ་བ་འབུམ་ཡོད་པའི་དོན་འདི་ནི། སད་དང་བྲག་གི་གོ་དོན་དུ་ཤེས་ཤིདེ་ལ་ཆ་རྒྱུས་ཡོད་མཁན་ཞིག་ཡིན་ན་མ་གཏོགས་ངེས་དཀའ་བ་ཞིག་ཡིན་སྟབས། ཡིག་མཁན་རྣམས་ཀྱིས་འབྲི་ནོར་དེ་ལུགས་སུ་བྱས་ཡོད་པའང་ཤེས་སླ་བ་ཡིན། བྲག་ཅེས་པའི་གོ་དོན་རྣལ་མ་ནི་གལ་ཆེ་བའི་མོ་རྣམས་མོ་ཐེངས་བཅུ་གསུམ་གྱི་བར་དུ་བསྐྱལ་ཏེ་གདབ་དགོས་པ་དེ་དག་གི་རྩ་བའི་མདུད་པ་ཕན་ཚུན་གྱི་འབྲེལ་ཞིག་ལ་ཟེར་བ་ཡིན་ཞིང་། སད་ཅེས་པ་ནི་རྩའི་མདུད་པ་ཕན་ཚུན་གྱི་འབྲེལ་ཙམ་དུ་མ་ཟད་བརྒྱག་གིས་བསྒྱུར་བའི་འབྲེལ་ཞིག་ཡིན་པ་སྟེ། དེ་འདྲའི་རིགས་རྣམས་ལ་ཞིབ་དཔྱད་བྱས་པ་ཡིན་ན་ཁྲི་དང་འབུམ་གྱི་རྣམ་གྲངས་སུ་འགྱུར་བའི་དོན་དུ་ཤེས་དགོས།
ཇུ་ཐིག་གི་མདུད་པ་གཙོ་བོ་ལོ་གཅིག་གི་ཞག་གྲངས་སམ་མཐུ་ཆེན་ཝེར་མའི་གྲངས་ལྟར་སུམ་བརྒྱ་དྲུག་ཅུ་ཡོད་པ་ལས། མདུད་པའི་དཔེ་ཙམ་སྟོན་པའི་ཆེད། དྭངས་མའི་མདུད་པ་གསུམ་གཤམ་གསལ།

1810111221

ཤིན་ཏུ་རྒྱ་ཆེ་ལ་རྣམ་གྲངས་མང་བའི་ཇུ་ཐིག་གི་སྐོར་འདི་རྣམས་ནི་བོན་ཕྱྭ་གཤེན་པའི་ལུགས་སུ་པྲ་ལྟས་མོ་ཞེས་པའི་བོན་སྒོ་དེ་ལ་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་དང་། ཡེ་མཁྱེན་སྒྲ་བླའི་མངོན་ཤེས། ཡེ་རྗེ་སྨོན་པའི་རྨི་ལམ། ཡེ་དབང་ལྷའི་བཀའ་བབས་བཅས་བཞི་རུ་ཕྱེས་ཡོད་པའི་དང་པོ་སྟེ། ལྐོག་གྱུར་གསལ་བའི་ཆ་རྐྱེན་ཆེས་མཆོག་ཏུ་གྱུར་པ་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་རེད།

<<ཞང་བོད་ལོ་རྒྱུས་ཏི་སེའི་འོད>>ལས།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།