གབ་རྩེའི་སྐོར།

གབ་རྩེའི་སྐོར།
ནམ་མཁའི་ནོར་བུ།

 གབ་རྩེ་ཞེས་བྱ་བ་དེ་ནི་ལོ་གཅིག་གི་རིང་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ཙམ་ཡོད་པ་དེ་དག་རེ་རེ་བཞིན་དུ་འབྱུང་བའི་ཁམས་དང་། སྨེ་བ་དང་། སྤར་ཁ་དང་། དེ་དག་ལ་དབང་བྱེད་པའི་ལྷ་དང་ཀླུ་དང་། གཉན་དང་ས་བདག་ལ་སོགས་པ་ཇི་སྙེད་ཅིག་ཡོད་པ་དེ་ཀུན་སྐྱེས་འགྲོ་ཕལ་པའི་དབང་པོའི་མངོན་སུམ་དུ་མ་གྱུར་བས་གབ་པ་དང་། དེ་དག་འགྲོ་བ་མིའི་རིགས་དང་འབྲེལ་མཐུད་ཀྱི་གསང་གནད་དམ། ཤིན་ཏུ་གཉན་པའི་གནད་དམ། གནད་དུ་ཐེབས་ངེས་པའི་དམིགས་ཏེ་རལ་གྲིའི་རྩེ་མོ་ལྟར་གསང་གནད་ཀྱི་རྩེར་གྱུར་བས་དེ་སྐད་དུ་གྲགས་པ་ཡིན། དེ་ལྟ་བུའི་གབ་རྩེ་སུམ་བརྒྱ་དྲུག་ཅུ་ལ་ས་བདག་གི་རྒྱལ་པོ་ཐེ་སེ། ཧལ་ཁྱི། པི་ལིང་། ཟིན་ཕུང་། ཀིང་ཀང་། གནམ་ཁྱི། སྡེ་བརྒྱད་ཀྱི་རིགས་རྣམས་ཇི་ལྟར་རྒྱུ་བའི་ཚུལ་དང་། དེ་དག་སྐྱེས་བུའི་བླ་སྲོག་དབང་ཀླུང་རྣམས་དང་འབྲེལ་བ་ཇི་ལྟར་ཡོད་པའི་སྐོར་དང་། ལེགས་སྤེལ་ཉེས་སེལ་ཅི་དང་ཅི་དགོས་པའི་ཚུལ་རྣམས་གཏན་ལ་འབེབས་པ་དེ་ལ་གབ་རྩེ་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་ཡིན།
མང་པོ་ཞིག་གིས་བྱི་བ་དང་། གླང་ལ་སོགས་པའི་ལོ་སྐོར་བཅུ་གཉིས་པོ་འདི་དག་འབྱུང་བ་ཤིང་མེ་ས་ལྕགས་ཆུ་ལྔ་དང་བསྡེབས་པའི་སྐོར་འགོ་འདི་ནི་རྒྱ་ནག་གི་ལུགས་སུ་ངོས་འཛིན་པ་དེ་ཡིན་མོད། རྒྱ་ནག་གི་ལུགས་ཞེས་པ་དེ་སྔོན་དུས་རྒྱ་ནག་ཏུ་ཡོད་པ་དང་བོད་དུ་མེད་པ་ཞིག་ཡིན་པ་ལ། དུས་ཕྱིས་སྲོང་བཙན་སྒམ་པོའི་དུས་སུ་རྒྱ་ནག་ནས་བོད་དུ་དྲངས་པའི་ཚུལ་རྒྱལ་རབས་མང་དག་ནས་བཤད་པ་དེའི་དོན་ལ་ཟེར་བ་མིན། སྲོང་བཙན་གྱི་དུས་སུ་རྒྱ་ནག་ནས་རྩིས་ཀྱི་སྐོར་མང་པོ་ཞིག་བོད་དུ་དྲངས་ཡོད་པ་དང་། དེ་ལ་བརྟེན་ནས་བོད་ཀྱི་རྩིས་གཞུང་དར་རྒྱས་སུ་ཕྱིན་ཡོད་པ་ནི་བཤད་མ་དགོས་ནའང་བོད་དུ་དེ་སྔོན་མེད་པ་ནི་མ་ཡིན་ཏེ་གཉའ་ཁྲིའི་དུས་སུ་བོན་ཤེས་པ་ཅན་བཅུ་གཉིས་ཡོད་ཚུལ་བཤད་བཞིན་པ་དང་། སྟོན་པ་གཤེན་རབ་མི་བོ་ཆེས་ཞང་ཞུང་དུ་སྨན་དང་རྩིས་སོགས་ཕྱྭ་གཤེན་གྱི་བོན་བསྟན་པའི་ཚུལ་ལོ་རྒྱུས་མང་དག་ནས་འབྱུང་བ་དེ་དག་གིས་ཤེས་ཐུབ་པ་ཡིན།
སྤྱིར་བཏང་རྒྱ་གར་དུ་ལོ་སྐོར་བཅུ་གཉིས་པོ་འདི་དག་འབྱུང་བ་ཤིང་མེ་ས་ལྕགས་ཆུ་དང་བསྡེབས་པའི་ལུགས་འདི་མི་དར་བ་བདེན་མོད། རྒྱ་གར་དུ་མ་དར་བ་ཙམ་གྱིས་བོད་དང་ཞང་ཞུང་དུ་མི་དར་བ་ནི་མི་འགྲུབ་སྟེ་ཨོ་རྒྱན་དང་ཞང་ཞུང་གི་ཡུལ་རྣམས་སུ་ཆེས་སྔ་བའི་དུས་ནས་ལུགས་དེ་དར་སྲོལ་བྱུང་ཡོད་པ་ནི་ཨོ་རྒྱན་གྱི་ཡུལ་ནས་གདན་དྲངས་པའི་རྫོགས་ཆེན་མན་ངག་སྡེའི་གཞུང་ཐམས་ཅད་ཀྱི་རྩ་བ«སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད»[ཀ༤༩ཤ༢༥ན༥]ལས། “ཞག་ནི་བཅུ་ཕྲག་གསུམ་པ་ཡང་། །ཟླ་བ་དག་ནི་གཅིག་ཡིན་ཏེ། །དེ་ལྟར་བཅུ་གཉིས་རྫོགས་པ་ལས། །ལོ་ནི་གཅིག་ཏུ་འདོད་པའོ། །ནང་དང་དགོང་མོ་བདུན་བརྒྱ་དང་། །ཉི་ཤུ་དག་ནི་རྫོགས་པ་ལས། །ཞག་ནི་སུམ་བརྒྱ་དྲུག་ཅུར་འདོད། །དེ་རྣམས་རྫོགས་པས་ལོ་ནི་གཅིག །ཞག་ནི་ཕོ་མོ་ལས་ཀྱི་དབྱེ། །ཟླ་བ་སྟོན་དཔྱིད་དབྱར་དང་དགུན། །རེ་རེ་དག་ལ་གསུམ་གསུམ་གྱིས། །འཇུག་ཅིང་འབྱུང་བའི་སྣོད་ལྔ་བྱེད། །བྱི་བ་གླང་དང་སྟག་ཉིད་དང་། །རྣ་རིང་སྦྲུལ་དང་འབྲུག་དང་ཡང་། །རྟ་དང་ལུག་དང་སྤྲེའུ་དང་། །བྱ་དང་ཁྱི་ཕག་བཅུ་གཉིས་ཀྱིས། །འབྱུང་བའི་རྩིས་རྣམས་སྤེལ་བའོ། །”ཞེས་དང་། «གཟེར་མིག»[༧༥ཤ༣༨ན༣]ལས། “ལོ་ཡི་མགོ་བོ་བྱི་བའི་ལོ་ལ་དགོངས་ནས་གཤེགས་པ་ནི་ནན་ནན་ཏན་ཏན་གྱིས་སེམས་ཅན་འདུལ་ཞིང་། ཞིབ་ཏིག་གིས་བསྟན་པ་སྤེལ་བ་ལགས་སོ། །ཟླ་བའི་མགོ་བོ་དཔྱིད་ཟླ་ར་བ་ལ་དགོངས་ནས་གཤེགས་པ་ནི་འཇིག་རྟེན་གྱི་ཁམས་སུ་མཛད་པ་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པས་ཟླ་བ་བཅུ་གཉིས་ཀྱི་མགོ་དཔྱིད་ཟླ་ར་བ་ལ་དགོངས་ནས་བྱོན་པ་ལགས་སོ། །ཞག་གི་སྙིང་བོ་ཚེས་བཅོ་ལྔ་ལ་དགོངས་ནས་གཤེགས་པ་ནི་སྔོན་གྱི་སྟོན་པ་རྣམས་གཤེགས་པའི་དུས་ཁྱད་པར་ཅན་གྱི་རྗེས་དང་། ཟླ་གསང་ཐིག་ལེའི་དངོས་གྲུབ་ནོད་པས་གཤེགས་སོ། །སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་གཤེགས་པ་ནི་བདུད་བཞི་དབང་དུ་བསྡུས་ཏེ་རྒྱལ་བ་དང་། འཇིག་རྟེན་ཟིལ་གྱིས་གནོན་པའི་ཕྱིར་རོ། །དུས་ཚོད་ཀྱི་དང་པོ་ནམ་ལངས་པ་ལ་དགོངས་ནས་གཤེགས་པ་ནི་ནམ་ལངས་རྟིང་ལ་ཉི་མ་ཤར་འོང་བ་འདྲ་སྟེ། བདག་གཤེགས་པའི་རྟིང་ལ་སྐུ་ལས་སྤྲུལ་སྐུ་འབུམ་ཕྲག་མང་པོ་ཕྱུངས་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །”ཞེས་པ་རྣམས་ཀྱིས་གསལ།
རྒྱ་ནག་ཏུ་འབྱུང་རྩིས་ལུགས་ཀྱི་སྨེ་བ་དང་། སྤར་ཁའི་སྐོར་མགོ་རྣམས་དར་རྒྱས་ཆེན་པོར་བྱུང་ཡོད་པ་དེ་དག་ཀྱང་གཤེན་རབ་མི་བོ་ཆེས་བསྟན་པ་རྣམས་གསུམ་བཞག་པའི་ཚུལ་དང་འབྲེལ་ཡོད་པ་ཞིག་སྟེ། དེའི་ཚུལ་ཡང«གཟེར་མིག»[༧༡༥ཤ༧༧ན༦]ལས། “མི་མཇེད་འཇིག་རྟེན་ལྷོ་ཕྱོགས་ཀྱི་རྒྱལ་པོ་ཀ་མདའ་ལ་གསེར་གྱི་མདོག་ཅན་གྱི་བུར་སྐྱེ། སྐྱེས་ནས་དགེ་བའི་ཤུགས་ཀྱིས་ཤིན་ཏུ་བསོད་ནམས་ཆེ་སྟེ་འོང་། དེ་ལ་བསྟན་པ་བཞག་པའི་ས་ཡིན་ནོ།”ཞེས་དང་། ཡང་[༧༡༦ཤ༧༨ན༡]ལས། “དེའི་དུས་དེའི་ཚེ་ན་ཡུལ་རྒྱ་ལག་འོད་མའི་གླིང་། མཁར་ཁྲི་སྒོ་རྩེ་བརྒྱའི་གླིང་། གྲོང་ཁྱེར་འཕྲུལ་བསྒྱུར་བཀོད་པའི་མཆོག་དེ་ན་ཕ་ནི་རྒྱལ་པོ་ཀ་མདའ་ལ་གསེར་གྱི་མདོག་ཅན་ཞེས་བྱའོ། མ་ནི་བཙུན་མོ་མུ་ཊི་ལ་གསེར་འོད་མ་ཞེས་བྱའོ། དཀོར་ནི་རྒྱལ་སྲིད་རིན་པོ་ཆེ་ལ་སོགས་ཏེ་འཇིག་རྟེན་གྱི་མིར་གྱུར་པ་ལས་ཆེའོ། བུ་དང་སྲས་མི་མངའ་ན་དུས་དེར་མི་མཇེད་ཀྱི་འཇིག་རྟེན་ཕར་འདས་པའི་ལྷོ་ཕྱོགས་ན་རྒྱལ་པོ་གསལ་མཆོག་དམ་པ་དེ་དེར་ཚེ་འཕོས་ནས་བསོད་ནམས་ཀྱི་ཤུགས་ཀྱིས་ཡུལ་རྒྱ་ལག་འོད་མའི་གླིང་གི་རྒྱལ་པོ་ཀ་མདའ་ལ་གསེར་གྱི་མདོག་ཅན་གྱི་བུར་སྐྱེས།”ཞེས་དང་། ཡང[༧༡༧ཤ༧༨བ༣]ལས། “ལག་པ་གཡས་གཡོན་གྱི་མཐིལ་ལ། ཀོང་རྩེ་འཕྲུལ་གྱི་ཡི་གེ་སུམ་ཅུ་རྒྱལ་རྟགས་སུ་འཁོར་བར་བྲིས་ནས་ཆགས་པ་དེ་ལ་ཡང་ཀྱང་ཤིན་ཏུ་སྤྲོ་བ་སྐྱེས་ནས་མཚན་གསོལ་བ་ནི་རྒྱལ་པོ་རྒྱའི་རིགས་ལ། འཕྲུལ་ཡིག་ཀོང་རྩེ་སུམ་ཅུ་འཁོར་བར་བྲིས་པས། རྒྱ་ཀོང་རྩེ་འཕྲུལ་གྱི་རྒྱལ་པོའི་མིང་དུ་བཏགས་སོ། །”ཞེས་དང་། ཡང[༧༢༢ཤ༨༡ན༡]ལས། “འཆི་རྒྱགས་ཀྱི་དགེ་རྩ་བྱ་ན། མི་དང་མི་མཉམ་པར་ཁྱད་པར་ཡོད་པ་ཞིག་བྱ་བར་བསམ་ནས། ལག་པའི་ཀོང་རྩེའི་ཡིག་འབྲུ་བལྟས་ནས་གཙུག་ལག་བརྩིས་པས། རང་གི་བསོད་ནམས་ཀྱིས་དགེ་བ་ཅི་བྱས་ཀྱང་འགྲུབ་པར་མཐོང་ངོ་། །”ཞེས་སོགས་ལུང་དུ་བསྟན་པ་དེ་ལྟར་ན་ཞང་ཞུང་དུ་དར་བའི་རྩིས་དེ་རྒྱལ་ནག་ལས་སྔ་བའང་ཤེས་ཐུབ་པ་ཡིན། །

«ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས»ལས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།