བསྙེན་དགུ་ཡན་ལག་བཅོ་བརྒྱད་ཀྱི་གོ་རིམ་ལྟར་གསང་བ་སྔགས་ཀྱི་དགོངས་རྟོགས་རང་རྒྱུད་ལ་འཇུག་པའི་བྱིན་འབེབ་བདུད་རྩིའི་ཟེགས་མ་ཞེས་བྱ་བ།།

བསྙེན་དགུ་ཡན་ལག་བཅོ་བརྒྱད་ཀྱི་གོ་རིམ་ལྟར་གསང་བ་སྔགས་ཀྱི་དགོངས་རྟོགས་རང་རྒྱུད་ལ་འཇུག་པའི་བྱིན་འབེབ་བདུད་རྩིའི་ཟེགས་མ་ཞེས་བྱ་བ།།
བསྟན་འཛིན་སྦྱིན་པ།

བསྙེན་པའི་གཞི་མ་སྒོ་དགུ་ལས་དང་པོ་སྔོན་འགྲོ་ཕྱི་ཡི་བསྙེན་པ་གསུམ་སྟེ།

༡༽དཔོན་གསས་ལྷ་ལ་བསྙེན་པ།
རྒྱུད་ལུང་མན་ངག་གསུམ་གྱིས་ཐུགས་རྒྱུད་ཕྱུག།
རིག་པའི་གནས་ཆེན་སྨྲ་ལ་ཐོགས་ཆགས་བྲལ།།
བསྡུ་དངོས་བཞི་ཡིས་འཁོར་ཚོགས་སྐྱོང་ལ་མཁས།།
ཐབས་དང་ཐུགས་རྗེས་འགྲོ་དོན་མཛད་ལ་བྲེལ།།
དཔོན་གསས་རྒྱལ་ཐེབས་བསྟེན་པའི་བྱིན་ཆེན་ཕོབས།།
༢༽མཚན་ལྡན་གྲོགས་ལ་བསྙེན་པ།
སྟོབས་ལྡན་བློ་གསལ་དད་དང་ཤེས་རབ་ལྡན།།
བཀའ་ཉན་དམ་སྡོད་རྒྱུད་ལྷོད་གཤིས་ཀ་བཟང་།།
ཚིག་གི་རྒྱུད་བཟུང་དོན་དམ་ནན་ཏན་ཆེ།།
ཤེས་རབ་གསུམ་གྱིས་བླ་མའི་ཐུགས་རྒྱུད་ཟིན།།
གོང་མའི་རྒྱལ་ཐེབས་ནུས་པའི་བྱིན་ཆེན་ཕོབས།།
༣༽རིགས་ལྡན་གནས་ལ་བསྙེན་པ།
རི་བོ་རི་ཕྲན་རྒྱ་མཚོའི་འཁྱིལ་ཆུ་འཚོགས།།
འཁོར་ལོ་རྩིབས་བརྒྱད་བཀྲ་ཤིས་རྟགས་ཀྱིས་མཛེས།།
ཉི་ཟླའི་མདངས་དང་གཟའ་སྐར་རྒྱུ་ལམ་བཟང་།།
ཞི་རྒྱས་དབང་དྲག་ལས་བཞི་བསྒྲུབ་ལ་མྱུར།།
རྨད་བྱུང་ཡོན་ཏན་རྒྱས་པའི་བྱིན་ཆེན་ཕོབས།།
གཉིས་པ་ཉེ་བ་ནང་གི་བསྙེན་པ་གསུམ་སྟེ།
༡༽ཡོ་བྱད་རྫས་ལ་བསྙེན་པ།
འཁོ་དགུའི་དམ་རྫས་རྒྱུ་མཆོག་ཕུན་སུམ་ཚོགས།།
བགོ་དགུའི་ཆས་བཟང་སྤྱད་བྱའི་ཡོ་བྱད་ལེགས།།
དམིགས་པའི་རྟེན་འཛོམ་མཆོད་པའི་སྤྲིན་ཚོགས་འཐུག།
འཚོ་བ་ཕུན་ཚོགས་གཤེན་གྱི་ཐུགས་མཆོག་མཉེས།།
རྒྱུ་རྐྱེན་རྟེན་འབྲེལ་འཛོམ་པའི་བྱིན་ཆེན་ཕོབས།།
༢༽ཐར་གླུད་སྐོང་ལ་བསྙེན་པ།
ལོ་ཟླ་ཞག་དུས་གཟའ་སྐར་དུས་ཚེས་བཟང་།།
དུག་ཚན་ཁྲུས་དང་བསང་གིས་ཡོ་བྱད་བསང་།།
བར་ཕུད་སྐྱེམས་ཀྱིས་མགྲོན་བཞི་མཉེས་པར་བྱས།།
ཐར་གླུད་སྐོང་བཤགས་ས་ཡི་ཆོ་ག་བསྙེན།།
བར་ཆོད་ལམ་སྣ་སེལ་བའི་བྱིན་ཆེན་ཕོབས།།
༣༽ཕྱི་རྟེན་སྐོས་ལ་བསྙེན་པ།
དབལ་གྱི་ཕོ་བྲང་སྒྲུབ་ཁང་བརྗིད་ལ་རྔམ།།
མདུང་དང་རྒྱལ་མཚན་པུ་ཐོ་བྱ་ཁྲ་སོགས།།
ཕྱི་རྟེན་སྐོས་ཀྱིས་སྟེང་འོག་ཕྱོགས་མཚམས་མཛེས།།
དགུ་ཁྲི་དགུ་འབུམ་ལྷ་ཚོགས་རྟེན་ལ་བསྟིམས།།
ཕྱི་ནང་གཞོམ་གཞིགས་བྲལ་བའི་བྱིན་ཆེན་ཕོབས།།
གསུམ་པ་བཅའ་གཞི་ལས་ཀྱི་བསྙེན་པ་གསུམ་སྟེ།
༡༽སྲུང་བ་མཚམས་ཀྱི་བསྙེན་པ།
ཏིང་འཛིན་སྔགས་ཚིག་རྫས་དང་ནུས་མཐུ་སྦྲགས།།
ཁྲོ་རྟགས་བརྒྱད་ཅུས་སྐུ་ཡི་ཆེ་བ་འདོན།།
གསུང་དབྱངས་དྲུག་ཅུས་གདུག་པའི་ང་རོ་འབྱིན།།
དགྲ་བགེགས་བྱད་མ་བདེན་པའི་བཀའ་ལ་བཀོད།།
གནོད་བྱེད་བར་ཆོད་སྲུང་བའི་བྱིན་ཆེན་ཕོབས།།
༢༽དཀྱིལ་འཁོར་བཅའ་གཞིའི་བསྙེན་པ།
རང་བཞིན་མཚན་མེད་དག་པའི་ཀློང་ཡངས་སུ།།
ཏིང་འཛིན་ཡིད་ཀྱི་དཀྱིལ་འཁོར་རང་ལ་ཤར།
བཅུད་དགུའི་རྫས་སོགས་མཚོན་བྱ་ལྷུན་རྫོགས་པའི།།
རྡུལ་ཚོན་དཀྱིལ་འཁོར་མ་འདྲེས་གཞི་འདིར་བཞེངས།།
གཞལ་ཡས་མཚན་ཉིད་དག་པའི་བྱིན་ཆེན་ཕོབས།།
༣༽སྒོ་དབྱེ་བསྲེ་བསྣན་གྱི་བསྙེན་པ།
དང་པོ་སྐྱབས་སུ་འགྲོ་བ།
སྐྱེ་བཞི་རྒྱུད་ལྔའི་ལས་ལ་ཡིད་སུན་སུན།།
སྡུག་བསྔལ་འཇིགས་པའི་འཕྲང་ལ་སྐྲག་སྔངས་སྔངས།།
དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་ལྷང་ལྷང་།།
འདི་ཕྱི་བར་དོའི་རེ་ལྟོས་ཞུ་ལ་ལ།།
སྐྱོབས་དང་མགོན་གྱི་དཔུང་གཉེན་བྱིན་ཆེན་ཕོབས།།
གཉིས་པ་སེམས་བསྐྱེད་པ།
ཐོག་མེད་ལས་ཀྱི་བག་ཆགས་དཔུང་འཐུག་འཐུག།
དངོས་རྒྱུད་འབྲེལ་བའི་སེམས་ཅན་མཐའ་ཡས་ཡས།།
བསམ་ཞིང་བསམ་ན་ཕན་བདེ་བསྒྲུབ་དགོས་དགོས།།
དེ་ཕྱིར་སངས་རྒྱས་བསྒྲུབ་ལ་འཇུག་མྱུར་མྱུར།།
སེམས་བསྐྱེད་འགྲོ་དོན་འགྲུབ་པའི་བྱིན་ཆེན་ཕོབས།།
གསུམ་པ་བཤགས་པ་འབུལ་བ།
ཆགས་སྡང་རྨོངས་པའི་དྲྭ་བ་རྩེད་འཐིབ་འཐིབ།།
མ་རྟོགས་ལོག་པའི་ལས་སྤྱོད་གྲངས་མང་མང་།།
དེ་དག་གནང་འགྱོད་སེམས་ཀྱིས་དྲན་ལྷང་ལྷང་།།
བདེར་གཤེགས་རིག་འཛིན་དྲུང་དུ་མཐོལ་ལ་ལ།།
མི་བྱེད་དམ་བཅའ་བརྟན་པའི་བྱིན་ཆེན་ཕོབས།།

སྒྲུབ་པའི་ཡན་ལག་བཅོ་བརྒྱད་ལས་དང་པོ་དཀྱིལ་འཁོར་གཞིའི་སྒྲུབ་པ་དྲུག་སྟེ།
༡༽བར་མཚམས་དོན་གྱི་སྒྲུབ་པ།
ཐུགས་དམ་མི་འགྱུར་ཏིང་འཛིན་སྲ་འཁྲག་འཁྲག།
ལྷ་སྣང་ང་རྒྱལ་དྲག་ཚད་རྣོ་ངར་ངར།།
ལོག་འདྲེན་བར་ཆད་རྒྱང་མཚམས་གཅོད་ཤག་ཤག།
གར་བཞུགས་སྒྲུབ་པའི་གནས་མཆོག་བདེ་ལམ་ལམ།།
མཐུ་བྱིན་མེ་དཔུང་འབར་བའི་བྱིན་ཆེན་ཕོབས།།
༢༽ཙཀ་ལི་བཀོད་པ་སྐུ་ཡི་སྒྲུབ་པ།
དང་པོ་དེ་བཞིན་ཉིད་ཀྱི་ཏིང་འཛིན།
འདི་སྣང་མཚན་མའི་སྤྲོས་པ་ཞི་ལམ་ལམ།།
བློས་བྱས་དྲི་མའི་མཁའ་གོས་གཡའ་དག་དག།
བཅོས་མེད་གཤིས་ཀྱི་རིག་པ་རྗེན་ལྷང་ལྷང་།།
ཁྱབ་བདལ་གཉུག་མའི་རང་མདངས་གསལ་ལྷམ་ལྷམ།།
རང་བཞིན་འོད་གསལ་ཆེན་པོའི་བྱིན་ཆེན་ཕོབས།།
གཉིས་པ་ཀུན་ཏུ་སྣང་གི་ཏིང་འཛིན།
མན་ངག་བདུན་གྱི་བློ་སྦྱོང་གསལ་ཁྲིགས་ཁྲིགས།།
མཐའ་ཡས་འགྲོ་ལ་གཟིགས་པའི་སྤྱན་ཟུམ་ཟུམ།།
རྣམ་བཞི་ཚད་མེད་རིག་པའི་གཞི་རླིང་རླིང་།།
འགྲོ་བའི་སྡུག་བསྔལ་ཐ་རམ་མར་ཞུ་ཞུ།།
ཀུན་སྣང་ཏིང་འཛིན་ཆེན་པོའི་བྱིན་ཆེན་ཕོབས།།
གསུམ་པ་སྤྲུལ་པ་རྒྱུ་ཡི་ཏིང་ངེ་འཛིན།
སྟོང་ཉིད་སྙིང་རྗེའི་རང་གཟུགས་བདེ་ལམ་ལམ།།
སྐྱེ་མེད་ཡི་གེའི་ས་བོན་གསལ་ལྷག་ལྷག།
ཏིང་འཛིན་འཕྲོ་འདུའི་འཇུག་པ་གློག་འཁྱུག་འཁྱུག།
བདག་མདུན་གསུམ་གྱི་ལྷ་ཚོགས་སྤྲིན་འདུ་འདུ།།
སྟོང་གཟུགས་སྒྱུ་འཕྲུལ་ཆེན་པོའི་བྱིན་ཆེན་ཕོབས།།
༣༽རང་གྲོལ་གདན་གྱི་སྒྲུབ་པ།
རིན་ཆེན་སྣ་ལྔའི་ཁྲི་འཕང་མཐོ་ལིང་ལིང་།།
ཉི་ཟླ་པད་མའི་ཞབས་གདན་མཛེས་ལམ་ལམ།།
དེ་བཞིན་གཤེགས་པའི་སྐུ་མཆོག་གསལ་ལྷང་ལྷང་།།
འགྲོ་ལ་དགྱེས་བརྩེའི་ཞལ་མདངས་འཛུམ་དམུལ་དམུལ།།
མི་འདོར་ཡུན་དུ་བཞུགས་པའི་བྱིན་ཆེན་ཕོབས།།
༤༽སྤྱན་དྲངས་ཡེ་ཤེས་ཀྱི་སྒྲུབ་པ།
བོན་ཉིད་བདེ་ཆེན་ཞིང་ཁམས་མཐོང་ཡངས་ཡངས།།
སྤོས་དཀར་དུད་པའི་སྤྲིན་ཚོགས་སྨུག་ཐུལ་ཐུལ།།
ཡེ་ཤེས་སེམས་དཔའི་སྟངས་སྟབས་གར་བསྒྱུར་བསྒྱུར།།
བྱིན་རླབས་བདུད་རྩིའི་ཟིལ་ཐིག་འོད་ཁྲོམ་ཕྲོམ།།
ཐར་པའི་ལམ་སྣ་འདྲེན་པའི་བྱིན་ཆེན་ཕོབས།།
༥༽ཕྱག་འཚལ་མོས་འདུན་གྱི་སྒྲུབ་པ།
དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་ལྷང་ལྷང་།།
བདག་སོགས་འགྲོ་བས་གུས་འདུན་ཞུ་ལ་ལ།།
ཡན་ལག་སྨད་ལྔ་ས་ལ་འཛུགས་སླ་སླ།།
སྡིག་སྒྲིབ་ཉེས་སྐྱོན་ཕྱག་མས་འདེབས་ཤག་ཤག།
ལེགས་ཚོགས་ཡོན་ཏན་འབྱུང་བའི་བྱིན་ཆེན་ཕོབས།།
༦༽ཉེས་འགལ་བཤགས་པའི་སྒྲུབ་པ།
རྩ་བ་ལོ་མའི་དམ་ཚིག་ཕྲ་ཞིབ་ཞིབ།།
སྒོ་གསུམ་སྤྱོད་པ་ཐ་མལ་ཡིན་བསམ་བསམ།།
རྩ་ལྟུང་ཉེས་པའི་དྲི་མ་འགོས་མང་མང་།།
དེ་དག་ཉེས་བཤགས་སྟོབས་བཞི་དཔུང་བསྐྱེད་བསྐྱེད།།
འཁྲུལ་རྟོག་ལོག་ཚོགས་འཇོམས་པའི་བྱིན་ཆེན་ཕོབས།།
གཉིས་པ་ངོ་མཚར་ལམ་གྱི་སྒྲུབ་པ་དྲུག་སྟེ།
༡༽གསང་མཚམས་ཉོན་མོངས་ཚར་གཅོད་ཀྱི་སྒྲུབ་པ།
གཙང་སྨེ་གཉིས་ཀྱི་རྟོག་ཚོགས་མུན་འཐིབ་འཐིབ།།
དག་དང་མ་དག་མཆོད་པ་རྫས་དབྱེ་དབྱེ།།
དེ་དག་རློམ་པའི་བར་ཆོད་དགྲ་སྡང་སྡང་།།
ད་གཟོད་གཉེན་པོའི་ཡེ་ཤེས་ལྷ་བསྒོམ་བསྒོམ།།
ཚོགས་དྲུག་སྣང་བ་དག་པའི་བྱིན་ཆེན་ཕོབས།།
༢༽བྱིན་འབེབས་ལོངས་སྤྱོད་ཀྱི་སྒྲུབ་པ།
ཕྱི་མཆོད་དང་པོ།
གཟུགས་ལྔ་ཁ་དོག་རྣམ་དྲུག་མཛེས་ལམ་ལམ།།
མེ་ཆུ་ས་རླུང་རྔ་གཤང་སྒྲ་སྙན་སྙན།།
ག་པུར་ཙན་དན་ཨ་གར་དྲི་ཞིམ་ཞིམ།།
ཁ་མངར་ཞལ་ཟས་རོ་བཅུད་ཡིད་ཚིམས་ཚིམས།།
ལྷབ་ལྷུབ་དར་ཟབ་རེག་འཇམ་བདེ་ལྷམ་ལྷམ།།
འདོད་ཡོན་ལྷ་མོ་དགྱེས་པའི་བྱིན་ཆེན་ཕོབས།།
ཕྱི་མཆོད་གཉིས་པ།
མཛེས་སྙན་ཞིམ་བདའི་ལོངས་སྤྱོད་སྤྲིན་སྤུངས་སྤུངས།།
འཇམ་སྡུག་འཐད་རྒུའི་དངོས་ཚོགས་ཆར་འབེབ་འབེབ།།
བསྟན་སྐྱོང་དཔལ་མགོན་མཆོད་པས་ཐུགས་དགྱེས་དགྱེས།།
དྭངས་སྙིགས་ཁུ་བ་རྩིགས་མས་མགྲོན་མཉེས་མཉེས།།
འཛད་མེད་ཡོན་ཏན་རྒྱས་པའི་བྱིན་ཆེན་ཕོབས།།
ནང་མཆོད་དང་པོ།
རི་རབ་གླིང་མཚོ་འཇིག་རྟེན་སྐར་བཀྲ་བཀྲ།།
ནང་བཅུད་གཏེར་ལྔའི་མཆོད་པ་མཚོ་འཁྱིལ་འཁྱིལ།།
ཆགས་སེམས་ཞི་བའི་ལོངས་སྤྱོད་སྤུ་གཏོར་གཏོར།།
མ་ལུས་འགྲོ་ལ་དངོས་གྲུབ་ཟས་སྦྱིན་སྦྱིན།།
ཡེ་ཤེས་རོལ་པ་ཆེན་པོའི་བྱིན་ཆེན་ཕོབས།།
ནང་མཆོད་གཉིས་པ།
ཁྲོ་ཚོགས་བྱེ་བའི་རྣམ་འགྱུར་འཇིགས་རྔམ་རྔམ།།
སྣང་ཞེན་ཕྲ་རག་སྡིག་ཚོགས་དྲི་དབེན་དབེན།།
ཤ་ལྔའི་གཏེར་མཆོད་ཞལ་དུ་གསོལ་ལ་ལ།།
གདུག་པའི་དྲེགས་ཚོགས་ཀླད་པ་འགུལ་ཤིག་ཤིག།
བདུད་ལྔ་རང་སར་གྲོལ་བའི་བྱིན་ཆེན་ཕོབས།།
ནང་མཆོད་གསུམ་པ།
དམ་རྫས་བདུད་རྩིའི་ཟིལ་ཐིག་སྐྱ་ཤར་ཤར།།
དངོས་གྲུབ་བཅུད་ཀྱི་དམུ་ཡད་གཡང་འཁོར་འཁོར།།
དུག་ལྔའི་ནད་གདོན་དྲི་མ་གཙང་སེལ་སེལ།།
མཆོད་སྦྱིན་མགྲོན་ཚོགས་ཐུགས་དམ་དགྱེས་མྱུར་མྱུར།།
མ་ཆགས་ཏིང་འཛིན་འབར་བའི་བྱིན་ཆེན་ཕོབས།།
གསང་མཆོད་དང་པོ།
སྣང་སྲིད་འཁོར་འདས་གཞི་རྩ་སྟོང་ལྷོང་ལྷོང་།།
སྟོང་པ་སྟོང་མེད་སྣང་བ་གསལ་ལྷམ་ལྷམ།།
སྣང་བ་སྣང་མེད་སྟོང་པ་དྭངས་སངས་སངས།།
གཉིས་མེད་སྙོམས་འཇུག་ཡེ་ཤེས་བདེ་ལམ་ལམ།།
ཡབ་ཡུམ་ཐབས་ཤེས་རོལ་པའི་བྱིན་ཆེན་ཕོབས།།
གསང་མཆོད་གཉིས་པ།
ཞིང་བཅུ་དགྲ་བོའི་རྟོག་ཚོགས་དཔུང་འཐུག་འཐུག།
ང་བདག་འཛིན་པའི་སྲོག་རྩ་སྲ་ཐག་ཐག།
རྣལ་འབྱོར་དགོངས་པའི་རལ་གྲི་རྔོ་རྣོ་རྣོ།།
ཀུན་རྫོབ་སྒྱུ་མའི་གཟུགས་བརྙན་གཅོད་སླ་སླ།།
སྐྱེ་ཤི་འཁོར་བ་སྒྲོལ་བའི་བྱིན་ཆེན་ཕོབས།།
ཡང་གསང་གི་མཆོད་པ།
གྲོལ་བ་གསུམ་གྱི་དགོངས་པ་སྲ་བརྟན་བརྟན།།
མཆོད་བྱ་མཆོད་བྱེད་མཆོད་ཡུལ་གཞི་སྟོང་སྟོང་།།
སྨྲ་བསམ་བརྗོད་བྲལ་ཁྱབ་བདལ་ངང་མཉམ་མཉམ།།
སྣང་གྲགས་འཁོར་འདས་མཉམ་ཉིད་རོ་གཅིག་གཅིག།
ཡང་གསང་ཕྱག་རྒྱ་ཆེན་པོའི་བྱིན་ཆེན་ཕོབས།།
༣༽འཕྲོ་འདུ་གསང་བ་འཛབ་ཀྱི་སྒྲུབ་པ།
བསྙེན་འཛབ།
འཁྲུལ་པའི་སྒྲ་དོན་འཛིན་རྟོག་ཞེ་མེར་མེར།།
ངག་བཟླས་ཡིད་བཟླས་བོན་ཉིད་ལ་བཟླ་བཟླ།།
ཚངས་པའི་གསུང་གིས་འགྲོ་དོན་མཛད་ལ་ལ།།
དེ་དག་རྟེན་འབྲེལ་བསྒྲིག་ལ་ཐབས་མཁས་མཁས།།
ལྷ་སྔགས་ཡེ་ཤེས་འཆར་བའི་བྱིན་ཆེན་ཕོབས།།
འཕྲོ་འདུ་དང་པོ།
འཕྲོ་འདུ་དྲུག་གི་ཏིང་འཛིན་ཐག་འདྲེན་འདྲེན།།
བདག་མདུན་ལྷ་ཚོགས་ཆུ་ནང་ཟླ་ཤར་ཤར།།
བཟླས་བསྙེན་ལྷ་སྔགས་ཡི་གེ་འཕྲུལ་འཁོར་འཁོར།།
འདི་སྣང་མཚན་མའི་དངོས་པོ་མར་བཞུ་བཞུ།།
སྒོ་གསུམ་སྣང་བ་དག་པའི་བྱིན་ཆེན་ཕོབས།།
འཕྲོ་འདུ་གཉིས་པ།
སྒྲུབ་གཤེན་ཆེན་པོའི་ཆ་ལུགས་སྒམ་ཁྲིགས་ཁྲིགས།།
ཏིང་འཛིན་ཡིད་ཀྱི་དམིགས་པ་གསལ་ཐག་ཐག།
རྒྱུན་མེད་ངག་གི་འཛབ་དབྱངས་འབྲུག་འུར་འུར།།
ཐུགས་དམ་བསྲུང་བའི་ཕྲེང་བ་གློག་འཁྱུག་འཁྱུག།
གསང་སྔགས་གནད་དུ་ཐིངས་པའི་བྱིན་ཆེན་ཕོབས།།
ཚོགས་མཆོད་ཀྱི་རིམ་པ།
སྟོང་གསུམ་སྣོད་ཀྱི་གཟེད་ཞལ་མཐོང་ཡངས་ཡངས།།
ཁམས་གསུམ་བཅུད་ཀྱི་རང་མདངས་གསལ་ལྷང་ལྷང་།།
དུག་གསུམ་གནས་དག་ཡེ་ཤེས་བདེ་ཆེམས་ཆེམས།།
སྲིད་གསུམ་ཚོགས་ཀྱི་མཆོད་པ་རྒྱ་ཆེ་ཆེ།།
ས་གསུམ་སྒྲོལ་སྦྱོང་མཐར་ཕྱིན་བྱིན་ཆེན་ཕོབས།།
ཚོགས་ཀྱི་རང་བཞིན་ཐབས་ཆེན་སྡེ་དྲུག་སྟེ།།
འདི་སྣང་རོལ་པ་ཆུ་ཟླའི་གཟུགས་ཤར་ཤར།།
ཐམས་ཅད་ཐབས་ཆེན་གཞི་ཡི་ཀློང་ཐིམ་ཐིམ།།
ཐབས་མཁས་ཐུགས་རྗེའི་དགོངས་པ་འོད་སྤྲོས་སྤྲོས།།
གཅིག་ལས་བཅུ་སྤྲོས་གདུལ་བྱ་འབྲུ་སྨིན་སྨིན།།
ཐབས་ལམ་ཟབ་མོ་མཐོང་བའི་བྱིན་ཆེན་ཕོབས།།
ཐབས་བཟང་ཡེ་ཤེས་རོལ་པ་ཆར་བཞུར་བཞུར།།
རྟོགས་ལྡན་ལམ་པའི་ཉམས་རྟོགས་ཉ་ལྡང་ལྡང་།།
ཐབས་མང་འཇུག་སྒོར་སྐལ་ལྡན་འབྲུ་བསྡུ་བསྡུ།།
ཡེ་ཤེས་ཚོགས་ཆེན་སྐལ་རེ་ལོན་ཤག་ཤག།
ཐབས་འཕེལ་ཤེས་རབ་རྒྱས་པའི་བྱིན་ཆེན་ཕོབས།།
འདུ་འཛི་དབེན་པའི་སྒྲུབ་གནས་བཙལ་ཤེས་ཤེས།།
རྣལ་འབྱོར་ཕོ་མོའི་དགོངས་རྟོགས་མཐོ་སེང་སེང་།
ཕུན་སུམ་ཚོགས་པའི་ཡོ་བྱད་རྫས་བསགས་བསགས།།
བསྐལ་པ་གསུམ་གྱིས་གཙང་སྨེ་སྣོད་སྦྱོང་སྦྱོང་།།
གསང་གསུམ་ཡི་དམ་འབྱོན་པའི་བྱིན་ཆེན་ཕོབས།།
ལྷ་ཚོགས་གསལ་གདབ་བརྟན་བཞུགས་ལྷ་གསོལ་གསོལ།།
སྦྱོར་སྒྲོལ་བཅོ་ལྔའི་དགོངས་པར་དབང་འབྱོར་འབྱོར།།
མཆོད་ཚོགས་བྱེ་བ་དམིགས་པས་འབུལ་ལ་ལ།།
རང་དག་རྟོག་པའི་ཉེས་ཚོགས་རྒྱུ་བཤགས་བཤགས།།
མཆོད་སྤྲིན་མི་ཟད་རྒྱན་གྱིས་བྱིན་ཆེན་ཕོབས།།
རྒྱུད་ལྔ་འགྲོ་བའི་རྣམ་ཤེས་གཞུ་བཀུག་བཀུག།
ལོག་འདྲེན་བར་ཆོད་ཐུགས་རྗེས་དགྲ་གསོད་གསོད།།
མཁའ་ཀློང་དབྱིངས་གསུམ་ལྟ་བས་རྒྱས་གདབ་གདབ།།
བརྟན་གཡོ་སྣོད་བཅུད་ཚོགས་སུ་བསྟབ་ཤག་ཤག།
ཡེ་ཤེས་རོལ་པ་ཆེན་པོའི་བྱིན་ཆེན་ཕོབས།།
ཐུགས་དམ་བརྒྱུད་ནས་བསྐུལ་བ།
ཡེ་གཞི་ཀ་དག་དགོངས་པ་དྭངས་སེ་དྭངས།།
ལམ་མཆོག་སྟོབས་ལྡན་འཛེག་སྐས་ཁྲེགས་སེ་ཁྲེགས།།
སྐུ་གསུམ་འབྲས་བུའི་ནོར་བུ་སྤུངས་སེ་སྤུངས།།
ལྷུན་འགྲུབ་རིགས་ལྔའི་ཞིང་ཁམས་ཝལ་དེ་ཝལ།།
མཆོག་ཐོབ་རིག་འཛིན་འགྲུབ་པའི་བྱིན་ཆེན་ཕོབས།།
དཔོས་གསས་རིག་འཛིན་དགྱེས་པའི་གླུ་སྙན་སྙན།།
སྤྲོ་དགའི་ཚིག་གི་རྒྱུད་མང་སྒྲ་བྲེང་བྲེང་།།
བརྩེ་བའི་སེམས་ཀྱི་དུད་པ་སྔོ་ལང་ལང་།།
དགའ་བའི་བཞིན་གྱི་འཛུམ་མདངས་རྒོད་འཚེར་འཚེར།།
སྣང་སྲིད་ཞི་བདེ་རྒྱས་པའི་ཐུགས་དམ་བསྐང་།།
༤༽ཕྱག་རྒྱ་གར་གྱི་སྒྲུབ་པ།
རྟེན་པ་སྣོད་ཀྱི་རང་བཞིན་འགྱུར་ལིང་ལིང་།།
གཡོ་བ་བཅུད་ཀྱི་འགྲོ་བ་འགུལ་ཤིག་ཤིག།
དེ་དག་གསང་གསུམ་ཕྱག་རྒྱས་གར་བསྒྱུར་བསྒྱུར།།
ངོ་བོ་རང་བཞིན་གཞི་རྩལ་ཡིན་ལ་ལ།།
ལྷུན་གྲུབ་ཡེ་ཤེས་ཆེན་པོའི་བྱིན་ཆེན་ཕོབས།།
༥༽སྐུ་མདོག་ཕྱག་མཚན་གདན་ཁྲིའི་སྒྲུབ་པ།
གསང་གསུམ་ཡི་དམ་རྒྱ་མཚོ་བདེ་ཆེམ་ཆེམ།།
མཚན་དཔེའི་ཟླ་གཞོན་མཁའ་ནས་ཉི་ཤར་ཤར།།
མཁྱེན་བརྩེའི་འོད་སྟོང་དབྱིངས་ནས་ཟེར་འཕྲོས་འཕྲོས།།
འགྲོ་བའི་དུག་གསུམ་སྨག་རུམ་སྟོང་སངས་སངས།།
ལས་བཞི་ལྷུན་གྲུབ་ཆེན་པོའི་བྱིན་ཆེན་ཕོབས།།
༦༽དོན་དམ་རྟགས་ཀྱི་སྒྲུབ་པ།
སྐྱེ་མེད་བོན་སྐུའི་རང་ཞལ་རྗེན་ལྷང་ལྷང་།།
འགག་མེད་ལྷ་སྐུ་གཞལ་ཡས་བཀྲ་ལམ་ལམ།།
གང་འདུལ་དེར་སྟོན་རྣམ་འགྱུར་མཐའ་ཡས་ཡས།།
མཚན་དཔེ་ཡོན་ཏན་ཆག་ཚད་རྫོགས་ལ་ལ།།སྟོང་གཟུགས་སྒྱུ་འཕྲུལ་ཆེན་པོའི་བྱིན་ཆེན་ཕོབས།།
ལྷ་མཆོག་བྱེ་བའི་རྣམ་འགྱུར་གྲངས་མང་མང་།།
བདག་འཛིན་འདུལ་བའི་སྟངས་སྟབས་བདེ་ཁྱུག་ཁྱུག།
མཐའ་གཉིས་བསལ་བའི་གར་སྒྱུར་གསལ་ཁྲིགས་ཁྲིགས།།
མཚན་མ་འཇོམས་པའི་གླུ་དབྱངས་སྙན་ལྷང་ལྷང་།།
རང་བཞིན་ལྷུན་འགྲུབ་ཆེན་པོའི་བྱིན་ཆེན་ཕོབས།།
ཕུང་ཁམས་སྐྱེ་མཆེད་རྣམ་པར་ཡིད་འགྲོ་འགྲོ།།
འཁྲིག་ཚིག་རེག་འཁྱུད་བག་ཆགས་གཏིང་རིང་རིང་།།
ཡུལ་ཤེས་གཉིས་འཛིན་རྟོག་པ་དག་དཀའ་དཀའ།།
སྦྱང་བྱའི་ཐ་མལ་ཞེན་པ་དཔུང་འཐུག་འཐུག།
སྦྱོང་བྱེད་རྟོག་གྲོལ་ཆེན་པོའི་བྱིན་ཆེན་ཕོབས།།
འཕྲིན་ལས་རིགས་ལྔའི་ཡོན་ཏན་མེ་འབར་འབར།།
མི་ཟད་ཆོ་འཕྲུལ་རྣམ་པ་འཇིགས་རྔམ་རྔམ།།
ཕྱི་ནང་གསང་བའི་བར་ཆོད་དགྲ་གཞོམ་གཞོམ།།
མཚན་བྱ་མཚོན་བྱེད་གཉིས་མེད་ཟུང་འཇུག་འཇུག།
མཐུ་བྱིན་མེ་དཔུང་འབར་བའི་བྱིན་ཆེན་ཕོབས།།
གསུམ་པ་འབྲས་བུ་དབང་གི་སྒྲུབ་པ་ལ་དྲུག་སྟེ།།
༡༽དངོས་གྲུབ་ལྷ་ཡི་ཡང་སྙིང་གི་སྒྲུབ་པ།
དངོས་གྲུབ་རྫས་བཞིའི་དམུ་ཡད་མཚོ་འཁྱིལ་འཁྱིལ།།
དལ་འབྱོར་ཕུན་ཚོགས་སྒྲུབ་གཤེན་ཚེ་རིང་རིང་།།
ཡོ་བྱད་ཕུན་ཚོགས་འདོད་ཡོན་རི་སྤུངས་སྤུངས།།
མཐུ་སྟོབས་ཕུན་ཚོགས་དགྲ་བགེགས་འཁོར་བསྡུ་བསྡུ།།
མཆོག་ཐུན་བྱིན་རླབས་འཇུག་པའི་བྱིན་ཆེན་ཕོབས།།
༢༽དུས་གསུམ་འབྲལ་མེད་དམ་བཅའི་སྒྲུབ་པ།
གཞལ་ཡས་ལྷ་ཚོགས་མི་བརྗེད་ནོར་ཉར་ཉར།།
དཔོན་གསས་མཆེད་ལྕམ་མི་འབྲལ་སྲོག་གཅེས་གཅེས།།
སྣོད་བཅུད་སྙིང་པོ་ཡེ་སངས་རྒྱས་ཡིན་ཡིན།།
ཐམས་ཅད་ཡེ་གཞིའི་ཀློང་དུ་ངང་མཉམ་མཉམ།།
མི་བརྗེད་དམ་བཅའ་བརྟན་པའི་བྱིན་ཆེན་ཕོབས།།
༣༽ཕུད་གཏའ་འཛད་མེད་གཏེར་གྱི་སྒྲུབ་པ།
དམིགས་རྟེན་ཕུད་མཆོད་ཧོམ་དུ་འབྲུ་བླུག་བླུག།
འཁོར་བའི་ཕུང་ལྔ་ཕྱག་རྒྱས་ཆལ་དཀྲོལ་དཀྲོལ།།
དུག་ལྔའི་བག་ཆགས་རྩ་ཕུང་མེར་བསྲེག་བསྲེག།
མེ་མཆོད་གཏེར་གྱིས་ལྷ་མཆོག་མགྲོན་མཉེས་མཉེས།།
འབྱུང་ལྔ་དབྱིངས་སུ་དག་པའི་བྱིན་ཆེན་ཕོབས།།
༤༽དམར་ལམ་ཟོར་གྱི་སྒྲུབ་པ།
ཐུགས་རྗེའི་བསྐལ་མེ་མཁའ་ལ་མདའ་འཕེན་འཕེན།།
ཟ་ལམ་དགྲ་བོའི་ཤ་རུས་ཤིང་གསེ་གསེ།།
དམར་གསུམ་མཆོད་པ་ཕྱུག་པོས་ནོར་སྤེལ་སྤེལ།།
དབལ་གྱི་མ་ཚོགས་མཆོད་པས་ཐུགས་དགྱེས་དགྱེས།།
མཁའ་ཀློང་དབྱིངས་ཉིད་དག་པའི་བྱིན་ཆེན་ཕོབས།།
༥༽གཟིར་མནན་བྲོ་ཡི་སྒྲུབ་པ།
འཁྲུལ་རྟོག་ཉོན་མོངས་རྩ་བ་ཤ་བཅད་བཅད།།
བར་ཆད་འགབ་འདྲེ་ལྡང་མེད་དགྲ་བྲུབ་བྲུབ།།
འགུག་སྒྲོལ་སྤར་བས་ལིང་གཏོར་རོ་མནན་མནན།།
རྣལ་འབྱོར་དགྱེས་པའི་བྲོ་གར་ལྷ་འཁྲབ་འཁྲབ།།
མཐར་ཕྱིན་ལས་སྦྱོར་འགྲུབ་པའི་བྱིན་ཆེན་ཕོབས།།
༦༽དབྱེ་བསྡུ་རྒྱུན་གྱི་སྒྲུབ་པ།
རྟག་ཆད་གོལ་སའི་རྟོག་པ་ལ་བཅད་བཅད།།
བདག་མདུན་ལྷ་ཚོགས་ཆུ་བུར་ཆུ་ཐིམ་ཐིམ།།
བསྐྱེད་བསྡུ་སྤྲོས་པ་ཉི་ཟེར་མར་འདུ་འདུ།།
ཐམས་ཅད་སྐྱེ་མེད་དགོངས་གཅིག་འདྲེས་ལ་ལ།།
མཐར་ཐུག་འབྲས་རྫོགས་ཆེན་པོའི་བྱིན་ཆེན་ཕོབས།།
ཕྱྭ་ཚེ་གཡང་བླན།
སྒྲུབ་གཤེན་བསམ་པའི་ལས་དོན་ལྷ་གྲུབ་གྲུབ།།
གཡུང་དྲུང་འོད་ཀྱི་དམུ་ཐག་སྲ་འཁྲེག་འཁྲེག།
ཚེ་བསོད་དཔལ་གྱི་དམུ་ཡད་གཡང་འཁོར་འཁོར།།
ཚེ་ཡི་བུམ་པའི་བདུད་རྩི་ཆུ་འབེབ་འབེབ།།
ལེགས་ཚོགས་འགྱུར་མེད་བརྟན་པའི་བཀྲ་ཤིས་ཤོག། །།
ཅེས་པ་འདི་ཉིད་བོན་རང་ལུགས་སྔགས་ཀྱི་ཆོ་གའི་གོ་རིམ་ལྟར་བསྙེན་པའི་གཞི་མ་སྒོ་དགུ་དང་སྒྲུབ་པའི་ཡན་ལག་བཅོ་བརྒྱད་ཀྱི་གོ་དོན་རག་ཙམ་ཞིག་ཡིད་ངོར་འཆར་བ་ལྟར་གཞུང་དོན་ལ་འདྲིས་པ་དང་ཚིག་སྦྱོར་ལ་བློ་འབྱོང་བའི་ཆེད་དུ་བསྟན་འཛིན་སྦྱིན་པས་ཉིན་འགའི་ངལ་གསོ་དང་བསྟུན་ཏེ་བྲིས།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།