སྐྱབས་འགྲོའི་རྒྱུའི་གཙོ་བོ་དད་པ་བཤད་པ།

སྐྱབས་འགྲོའི་རྒྱུའི་གཙོ་བོ་དད་པ་བཤད་པ།
རིན་སྤུངས་ཚུལ་བསྟན།

༧ དེ་ལ་འདིར་དད་པ་བཤད་པ་ལ། ༡ དད་པའི་ངོ་བོ། ༢ བཙལ་ཐབས། ༣ དབྱེ་བ། ༤ གང་ལ་བརྟེན་ནས་གང་ཞིག་སྐྱེ་བ། ༥ ལྡོག་ན་གསོ་ཐབས། ༦ ཡོད་མེད་ཀྱི་རྟགས། ༧ སྐྱོན་ཡོན་བཤད་པ་དང་བདུན་ལས།
༡ དང་པོ་དད་པའི་ངོ་བོ་ནི། སྡེ་སྣོད་མཛོད་ལས། དེ་ལ་དད་པའི་དངོས་པོ་ཡུལ་ལ་མོས།། ཞེས་གསུངས་པར་ལྟར། ཡུལ་ཁྱད་པར་ཅན་གྱི་རྗེས་སུ་མོས་པའི་བློ་འཇུག་པ་སྐོམ་པ་ཆུས་གདུང་བ་ལྟ་བུ་ཏེ། འདི་བསྟན་གྱི་དད་པའི་ངོ་བོ་ཡིན་ཏེ། མེ་སྟོན་གྱི་སུམ་བརྒྱ་པ་ལས། གང་ཟག་སྐོམ་པ་གང་ཞིག་ཆུས་གདུང་བཞིན། ། དད་པས་སྔོན་ལ་དགེ་བར་མོས་ཞེས་བཤད། ། ཅེས་དང༌། མཛོད་ལས། དད་པའི་དངོས་པོ་དགེ་ལ་མོས། ། ཞེས་གསུངས། 
༢ གཉིས་པ་བཙལ་ཐབས་ནི། སྡེ་སྣོད་མཛོད་ལས། བཙལ་ཐབས་ཡུལ་གྱི་ཡོན་ཏན་དྲན་པའོ། ། ཞེས་གསུངས་པར་ལྟར། དད་པ་དེ་རང་གི་རྒྱུད་ལ་མེད་ན་དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དག་ཡང་དང་ཡང་དུ་དྲན་པ་དང༌། བཀའ་ལུང་ལ་བལྟ་རྟོག་བྱེད་པ་དང༌། གང་ཟག་ཁྱད་པར་ཅན་ལ་བརྟེན་པས་དཔེར་ན་སྤང་ལ་ཆུ་བརྡོལ་བ་བཞིན་དུ། དད་པ་བཞི་པོ་རང་རྒྱུད་ལ་རིམ་གྱིས་སྐྱེ་བ་སྟེ། སུམ་བརྒྱ་པ་ལས། སྤང་ལ་ཆུ་བརྡོལ་བཀག་པས་མི་ཁོག་བཞིན། ། དེ་ལ་བརྟེན་དེ་ནི་སྐྱེ་བར་འགྱུར། ། ཞེས་སོ།།
༣ གསུམ་པ་དབྱེ་བ་ནི། སྡེ་སྣོད་མཛོད་ལས། མོས་པས་རྗེས་འཇུག་དྭངས་བས་དགེ་སྡིག་འབྱེད། ། ཡིད་ཆེས་མི་ལྡོག་མཐར་ཕྱིན་གནས་སུ་བསྐྱལ། ། དད་པའི་བྱེད་ལས་གོ་རིམ་དེ་བཞིན་ནོ།། ཞེས་དང༌། ཡང་རྩེ་ཀློང་ཆེན་ལས། མོས་པའི་དད་པ་དང༌། དྭངས་པའི་དད་པ་དང༌། ཡིད་ཆེས་པའི་དད་པ་དང༌། མཐར་ཕྱིན་པའི་དད་པ་དང་བཞི། ཞེས་གསུངས་པར་ལྟར་བཞི་ཡོད་པ་ལས། ༡ དང་པོ་མོས་པའི་དད་པ་ནི། བླ་མ་དགེ་བའི་བཤེས་གཉེན་ནམ་སྐྱེས་བུ་དམ་པ་དག་གི་ཞལ་མཇལ་བའམ། མིན་ཀྱང་དེ་དག་གི་ཡོན་ཏན་དང་རྣམ་ཐར་སོགས་ཐོས་པ་ལྟ་བུའི་རྐྱེན་གྱིས་འཕྲལ་ལ་ཐུགས་རྗེ་མ་ཆུང་སྙམ་དུ་རྒྱུད་ལ་དད་པ་ལྷངས་ཀྱིས་སྐྱེ་ཏེ། དཔེར་ན་མའི་ཕྱི་ནས་བུ་ཚ་ཆུང་ངུ་འབྲངས་པ་ལྟ་བུ། དེའི་རྗེས་སུ་འཇུག་པར་འདོད་པའི་སེམས་དགའ་ཡལ་ལེ་བ་དེ་ལ་མོས་པའི་དད་པ་ཞེས་ཟེར་ཏེ། སུམ་བརྒྱ་པ་ལས། མ་ཡི་ཕྱི་བཞིན་བུ་གཞོན་འབྲང་བ་ལྟར། ། མོས་པའི་དད་པས་བསྟན་པ་ལ་འཇུག་འགྱུར།། ཞེས་གསུངས། ༢ གཉིས་པ་དྭངས་པའི་དད་པ་ནི། དེ་ལྟར་མོས་པའི་དད་པས་བླ་མ་ཚུལ་བཞིན་བསྟེན་ནས་ཐོས་བསམ་གྱི་ཤེས་རབ་རྒྱས་པའི་སྐབས་སུ་དེས་རྐྱེན་བྱས་ནས། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་དེ་དང་བྲལ་འདོད། མྱ་ངན་ལས་འདས་པ་བདེ་བའི་རང་བཞིན་དུ་མཐོང་ནས་དེ་ལ་ཐོབ་འདོད། སྡིག་པའི་ཉེས་དམིགས་མཐོང་ནས་དེ་ལ་སྤང་འདོད། དགེ་བའི་ཕན་ཡོན་མཐོང་ནས་དེ་ལ་བསྒྲུབ་འདོད་སྐྱེས་ཏེ། དཔེར་ན་ནོར་བུ་ཆུ་འདང་ཞེས་བྱ་བས་ཆུའི་དྭངས་སྙིགས་འབྱེད་པ་བཞིན་དུ། ཡིད་དགེ་བ་ལ་སྤྲོ་ཞིང་དགེ་སྡིག་གི་སྐྱོན་ཡོན་འབྱེད་ཤེས་པ་དེ་ལ་དྭངས་པའི་དད་པ་ཞེས་ཟེར་ཏེ། ཡང་སུམ་བརྒྱ་པ་ལས། ནོར་བུ་ཆུ་འདངས་རྫས་ཀྱིས་ཆུ་རྙོག་སེལ། ། དྭངས་པའི་དད་པས་སྤྲོར་འགྱུར་དགེ་སྡིག་འབྱེད། །ཅེས་གསུངས། ༣ གསུམ་པ་ཡིད་ཆེས་པའི་དད་པ་ནི། དེ་ལྟར་དྭངས་པའི་དད་པ་དེས་སྣ་དྲངས་ནས་འཁོར་བར་འཁྱམས་པའི་རྒྱུ་སྡིག་པ་ཡིན་པར་ཡིད་ཆེས། སྡིག་པ་ལས་འབྲས་བུ་སྡུག་བསྔལ་སྨིན་པར་ཡིད་ཆེས། མྱ་ངན་ལས་འདས་པའི་རྒྱུ་དགེ་བ་ཡིན་པར་ཡིད་ཆེས། དགེ་བ་ལས་འབྲས་བུ་བདེ་བ་སྨིན་པར་ཡིད་ཆེས་ནས་ཐེ་ཚོམ་སེལ་ཏེ། དཔེར་ན་རྒུན་གཞུའི་རྒྱུད་བཞིན་དུ་འགྱུར་ལྡོག་མེད་པར་ཤེས་པའི་གཞུང་ཚུགས་ནས་དགེ་སྒྲུབ་སྡིག་སྤང་ལ་འབད་པ་དེ་ཡིད་ཆེས་པའི་དད་པ་ཞེས་ཟེར་ཏེ། ཡང་སུམ་བརྒྱ་པ་ལས། རྒུན་གཞུའི་རྒྱུད་བཞིན་ཡིད་ཆེས་དད་པ་ཡིས། ། ཐེ་ཚོམ་སེལ་ཏེ་ཤེས་པ་གཞུང་ཚུགས་འགྱུར། ། ཞེས་གསུངས། ༤ བཞི་བ་མཐར་ཕྱིན་པའི་དད་པ་ནི། དེ་ལྟར་ཡིད་ཆེས་པའི་དད་པས་སྡིག་པ་སྤངས་ནས་དགེ་བ་ལག་ཏུ་བླངས་པ་སྟེ། དཔེར་ན་སྲོག་ཆད་པའི་མི་སླར་སྔར་གྱི་ལུས་ལ་ཞུགས་ནས་མི་འོངས་པ་བཞིན་དུ། གང་ལ་འཇུག་པའི་དོན་མཐར་མ་ཕྱིན་བར་དུ་ཕྱིར་མི་ལྡོག་པ་དེ་ལ་མཐར་ཕྱིན་པའི་དད་པ་ཞེས་ཟེར་ཏེ། སུམ་བརྒྱ་པ་ལས། སྲོག་ཆད་མི་གང་ལོག་པ་མེད་པ་བཞིན།། ཕྱིར་མི་ལྡོག་པའི་དད་པས་མཐའ་རུ་ཕྱིན། ། ཞེས་གསུངས། དད་པ་དེ་བཞིའི་བྱེད་ལས་ཀྱང་དང་པོས་བོན་སྒོར་འཇུག གཉིས་པས་དགེ་སྡིག་གི་སྐྱོན་ཡོན་འབྱེད། གསུམ་པས་བླངས་དོར་གྱི་གནས་ལ་ཕྱིར་མི་ལྡོག བཞི་བས་མཐར་ཕྱིན་གྱི་གནས་སུ་བསྐྱལ་བར་བྱེད་དོ། གོ་རིམ་ཡང་རིམ་པ་ལྟར་ངེས་ཏེ་དེ་དག་གཅིག་གིས་གཅིག་བསྐྱེད་པའི་ཚུལ་དུ་སྐྱེའོ།།
༤ བཞི་བ་གང་ལ་བརྟེན་ནས་གང་ཞིག་སྐྱེ་བ་ནི། དེ་དག་ལས་མོས་པའི་དད་པ་ནི་དམ་པ་ཁྱད་པར་ཅན་ཞལ་འཇལ་བའི་དུས་ན་སྐྱེ་ལ། དྭངས་བའི་དད་པ་ནི་དེ་ལས་བཀའ་དྲིན་ཞུ་བའི་ཚེ་ན་འཆར་ཞིང༌། ཡིད་ཆེས་པའི་དད་པ་ནི་བཀའ་དྲིན་གང་ཐོབ་པ་དེ་ཉིད་ཉམས་སུ་ལེན་པའི་སྐབས་ན་འབྱུང་སྟེ། མཐར་ཕྱིན་པའི་དད་པ་ནི་གདམས་ངག་ལམ་དུ་ལངས་པས་ཐོབ་པ་ཡིན་ནོ།།
༥ ལྔ་བ་ལྡོག་ན་གསོ་ཐབས་ནི། སྡེ་སྣོད་མཛོད་ལས། དགེ་སྤྱོད་སྤྱི་དང་བླ་མའི་འཁྲུལ་པ་མཐོང་ ཞེས་པ་ནས་ ལྟ་སྤྱོད་ངན་པས་གོམས་འདིས་དད་པ་ཡལ།། ཅེས་པའི་བར་དུ་གསུངས་པ་བཞིན།
༦ དྲུག་པ་དད་པ་ཡོད་མེད་ཀྱི་རྟགས་ནི། སྔ་མ་ལས། དགེ་ལ་རྩོལ་ཆུང་དམ་པར་བཀུར་མི་བྱེད། ། དགེ་སྡིག་ཕྲ་བརྙས་བླངས་དོར་བསྐྱུངས་ན་མེད།། གནས་ལ་རྩོལ་ཆེ་སྐྱབས་གནས་རྣམས་ལ་གུས། ། དགེ་སྡིག་ཕྲ་ནས་བླང་དོར་བྱེད་ན་ལྡན། ། ཅེས་གསུངས་པར་ལྟར་བཞིན།
༧ བདུན་པ་སྐྱོན་ཡོན་ནི། དད་པ་མེད་པའི་སྐྱོན་ནི། ཐར་བའི་སྐམ་ས་དང་བྲལ་བླ་ན་མེད་པཚོ་གཏིང་གི་རྡོ་ལྟ་བུ། འཁོར་བའི་རྒྱ་མཚོ་ལས་མི་ཐར་བ་ཆུ་བོ་ཆེན་པོ་གྲུ་གཟིངས་མེད་པར་ལྟར་ལྟ་བུ། བྱང་ཆུབ་ཀྱི་མྱུ་གུ་མི་སྨིན་པ་ས་བོན་མེས་ཚིག་པ་ལྟ་བུ། ཡོན་ཏན་སྣ་གཅིག་མི་ཐོབ་པ་ལག་ཟླུམ་གསེར་གླིང་དུ་ཕྱིན་པ་ལྟ་བུའོ། དད་པ་ཡོད་པའི་ཡོན་ཏན་ནི། མི་ཡོད་པས་ནོར་སོག་པ་ལྟར་དགེ་སྦྱོར་གྱི་རྟེན་བྱེད་པ་དང༌། རྟ་བཟང་པོ་ལ་ལྕག་གིས་བྲབ་པ་ལྟར་བརྩོན་འགྲུས་ཀྱི་ལས་མྱུར་བ་དང༌། ནོར་ལྡན་ལ་མཛོད་ཁང་ཡོད་པ་ལྟར་གདམས་ངག་གི་སྣོད་བྱེད་པ་དང༌། གར་སྤྱིན་ལ་རློན་དྲོད་འཛམ་པ་ལྟར་ཤེས་རབ་ཀྱི་འཛིན་པ་བྱེད་པ་ལྟར་བུ་སོགས་ཡོན་ཏན་དུ་མར་ལྡན་ནོ།། ཞེས་བཀའ་ལུང་རྒྱ་མཚོ་ལས་བཏུས་ནས་བཀོད་པའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།