པགས་གོས་ཀྱི་ཉེས་དམིགསབཤད་པ།

པགས་གོས་ཀྱི་ཉེས་དམིགསབཤད་པ།
ཀུན་མཁྱེན་ཤར་རྫ་རིན་པོ་ཆེ།

༧གང་ཞིག་མཚན་ཐོས་ཙམ་གྱིས་ངན་འགྲོ་ལས། །མི་གཏོང་རྣམ་ཀུན་བརྩེ་བའི་རྗེས་བཟུང་བ། །འདྲེན་མཆོག་སྟོན་པ་གཤེན་རབ་མི་བོ་ཞེས། །གྲགས་པའི་དཔལ་དེས་ཀུན་ཏུ་བདེ་ལེགས་སྩོལ། །དེ་ཡང་དར་ཕྲུག་ལ་སོགས་བཟང་སྡུག་ཅན་གྱི་གོས་དང་ཚ་རུ་ལ་སོགས་པགས་ཤུན་གྱི་གོས་འདི་དག །ཉོན་མོངས་པ་དང་སེར་སྣའི་རྒྱུ་ཡིན་པ་དང་། །སྡིག་པ་དུ་མས་གོས་པ་སྟེ། ཇི་སྐད་དུ། དར་ཕྲུག་ལ་སོགས་བཟང་སྡུག་ཅན་གྱི་གོས། །དྲེགས་དང་སེར་སྣ་སྐྱེ་བའི་རྒྱུ་ལགས་ཕྱིར། །དེ་ཉིད་གྱོན་དང་འཆང་དང་གང་དག་ལ། །ནམ་ཡང་ཉོན་མོངས་སེམས་གྱིས་མི་སྤོངས་ཞིང་། །པགས་གོས་དག་ནི་སྡིག་པའི་རང་བཞིན་ཏེ། །ལྕགས་སྲེག་ལེབ་མོས་ལུས་ལ་དཀྲི་དང་མཚུངས། ། ཞེས་དར་ཕྲུག་ལ་སོགས་རྒྱུ་བཟང་ཞིང་མཛེས་སྡུག་ཅན་གྱི་གོས་རྒྱན་གྱིས་སྤྲས་ན། དྲེགས་སེམས་ཆེ་བ་དང་། ཟད་ཀྱིས་དོགས་ནས་སེར་སྣ་བྱེད་པ་སོགས་ཉོན་མོངས་པ་ཐམས་ཅད་སྐྱེ་བའི་རྟེན་གཞིར་གྱུར་ཅིང་། གོས་ཆེན་ནམ་དར་ཟབ་སོགས་ནི་སྲོག་གཅོད་ཀྱི་རྒྱུ་ཁོ་ན་ལས་བྱུང་བར་བཤད། དེ་བཞིན་ཚ་རུ་ལ་སོགས་པགས་གོས་འདི་དག་ཀྱང་སྡིག་པའི་རྒྱུ་ལས་བྱུང་བ་སྟེ། །དཔེར་ན་ཚ་གོས་ལྟ་བུ་ཞིག་བཟོ་ན་ཚ་རུ་དྲུག་ཅུ་ལྷག་ཙམ་རེས་མ་བྱས་ན་གོན་ཉན་པ་ཞིག་མི་ཡོང་འདུག་པས། དེ་ནི་སེམས་ཅན་དེ་ཙམ་གྱི་སྲོག་ལ་མ་འབག་ན་རང་ཤུགས་ཀྱིས་མི་རྙེད་དེ། ལུའུ་ལ་སོགས་བདེ་སྐྱིད་དང་ལྡན་ཅིང་མ་དང་ལྷན་གཅིག་གནས་སྐབས་དབང་མེད་དུ་སྲོག་འཕྲོག་ནས་དེའི་པགས་པ་གྱོན་ན། དེ་ལ་སྲོག་གཅོད་ཀྱི་སྡིག་པས་མི་གོས་པའི་ཐབས་ཅི་ཡོད། དེ་བཞིན་པགས་ཤུན་གྱི་གོས་ཐམས་ཅད་དེས་མཚོན་པའི་སྡིག་པའི་རང་བཞིན་དུ་གྱུར་བ་ཤུགས་ཀྱིས་གོ་བ་བསྐྱེད་དགོས། དེ་བས་ན་ལུང་ལས། སྡིག་གོས་མ་གོན་གང་བྱུང་ཧྲུལ་བོ་གྱོན། །དཀོར་ཟས་མ་ཟ་དཀའ་ཐུབ་བཅུད་ལེན་གྱིས། །ཞེས་དང་། དྲང་དོན་ལས། མི་འཁྱག་ཙམ་གྱི་དུགས་པོ་གྱོན་ལ་བཟང་སྡུག་བོན་ལ་གྱིས། །ཞེས་པ་ལྟར། སྡིག་པ་དག་འདྲེས་པའི་གོས་སྤངས་ནས་རྟག་ཏུ་དུགས་པོ་དང་། ཕྱིང་གོས་ལ་སོགས་གྱོན་ན་སེར་སྣ་དང་ཉོན་མོངས་པའི་སེམས་དང་། སྡིག་པས་མི་གོས་ཤིང་དགེ་བ་གང་བྱས་ལམ་དུ་འགྲོ་བ་སྟེ། དེ་ལྟར་ནའང་ལུང་ལས། དམ་པའི་རྗེས་མཐུན་སེར་སྣ་མི་སྐྱེ་ཞིང་། །སྡིག་པའི་མི་གོས་དྲགས་སེམས་ཡང་མི་སྐྱེ། །དགྲ་ཡི་མི་འཚེ་ལུས་ལ་ཕན་སྟོབས་ཆེ། །བཙལ་བས་སླ་ལ་ཟད་པས་མི་འཇིག་པ། །རྒྱལ་བས་གནོང་བའི་ཧྲུལ་པོའི་གོས་གྱོན་ན། །དགེ་བའི་ལས་ལ་སྡིག་པ་མ་འདྲེས་ཕྱིར། །ཡོན་ཏན་ཐམས་ཅད་གོང་ནས་གོང་འཕེལ་འགྱུར། །ཞེས་པ་ལྟར་རོ། །དེས་ན་ད་རེས་མི་ཚེ་ཡུད་ཙམ་འདིར་ཟས་གོས་ལ་སོགས་གང་ངན་ངོན་ཙམ་གྱིས་ཆོག་ཤེས་བྱས་ནས་སྡུག་བསྔལ་ཆུང་ངུ་འདིས། །ཡུན་གྱི་བདེ་བ་ཆེན་པོ་རྙེད། །ཅེས་པ་ལྟར། མཐར་ཐུག་གི་བདེ་བ་ཆེན་པོ་འཐོབ་པའི་རྒྱུར་འགྲོ་བར་མ་ཟད་ཤར་བས། འཇིག་རྟེན་ལས་ལ་སྐྱིད་པ་བས། དམ་པའི་དོན་ལ་སྡུག་པའི་དགའ། །ཞེས་པ་ལྟར། ད་རེས་དུས་གཏན་གྱི་འདུན་མ་སྒྲུབ་པ་ལ་སྡུག་བསྔལ་བག་ཙམ་བྱུང་ནའང་སྡུག་བསྔལ་དོན་དང་བཅས་པས་ན། །བཟོད་སྲན་བསྐྱེད་དེ་ཤི་མཐར་གཏུག་ནས་ཉམས་ལེན་ལ་འབད་པར་བྱའོ། །ཨ་ཧོ། བཟང་སྡུག་ཅན་གྱི་སྡིག་གོས་སྤང་བྱས་ནས། །ཚེ་གཅིག་དབེན་པའི་རི་སུལ་འགྲིམ་པ་དང་། །གོས་སུ་དུགས་པོ་སློག་ཧྲུལ་གོན་བྱེད་ན། །སྡིག་དང་ཉོན་མོངས་སེམས་ཀྱིས་མི་གོས་ཤིང་། །དགྲ་སོགས་གང་གིས་མི་འཚེ་རྣམ་པར་བདེ། །དེ་ཕྱིར་ཚུལ་འདི་ཞུགས་རྣམས་རྨད་དུ་བྱུང་། ཅེས་པའང་བུ་སློབ་མཆོག་རྒྱལ་ནས་སྡིག་གོས་སོགས་སྤང་ཇི་ཐུབ་བྱེད་པ་ལགས་པས་པགས་ཤུན་གྱི་གོས་འདི་དག་ཉེས་དམིགས་ཅུང་ཟད་གསུངས་རོགས་ཟེར་བ་ལ་སྤྲང་འཁྱམས་པོ་མངྒའི་མིང་གིས་བྲིས་པའོ། ། མངྒ་ལམ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།