བསྔོ་སྨོན་སྒོ་དག་ཚིག་བཞི་བའི་འགྲེལ་བ་ཉི་འོད་པདྨོ་འཛུམ་འབྱེད་ཅེས་བྱ་བ་བཞུགས།

བསྔོ་སྨོན་སྒོ་དག་ཚིག་བཞི་བའི་འགྲེལ་བ་ཉི་འོད་པདྨོ་འཛུམ་འབྱེད་ཅེས་བྱ་བ་བཞུགས།
ཤར་རྫ་བཀྲ་ཤིས་རྒྱལ་མཚན།

༄༅། །བླ་མ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། ། བསྔོ་སྨོན་སྒོ་དག་ཚིག་བཞི་བའི་འགྲེལ་བ་ཉུང་ཙམ་སྤེལ་བ་ལ། སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ། ། ཞེས་སྒོ་གསུམ་ནི། ལུས་ཀྱི་སྒོ། ངག་གི་སྒོ། ཡིད་ཀྱི་སྒོ་དང་གསུམ་ལ་ཟེར་བ་ཡིན། དག་པའི་དགེ་བ་ནི། འཇིགས་སྐྱོབ་དང་། ལེགས་སྨོན་སོགས་མ་དག་པའི་དྲི་མས་མ་གོས་པར་ཡང་དག་པའི་ཀུན་སློང་གིས་ཟིན་པའི་དགེ་བ་ཐམས་ཅད་ཡིན་ཞིང་། དེ་ཡང་འཇིགས་སྐྱོབ་ཀྱི་དགེ་བ་ནི་ཚེ་འདིའི་ནད་གདོན་ལ་སོགས་ཞི་བའི་ཆེད་དང་། ཕྱི་མ་ངན་སོན་གསུམ་གྱི་སྡུག་བསྔལ་ཙམ་ལ་སྐྲག་ནས་དགེ་བ་བྱས་པ་རྣམས་དང་། ལེགས་སྨོན་དགེ་བ་ནི། ཚེ་འདིའི་ལྟོ་གོས་སོགས་རྙེད་པའི་ཕྱིར་དང་། ཕྱི་མར་ལྷ་མིའི་བདེ་འབྲས་ཙམ་དོན་དུ་གཉེར་ནས་དགེ་བ་བྱས་པ་རྣམས་ཡིན་ཏེ། དེ་ལྟ་བུའི་དགེ་བ་ཅི་ཙམ་བྱས་ཀྱང་འཁོར་བ་ལས་ཐར་བའི་རྒྱུར་མི་འགྲོ་བས་མ་དག་པའི་དགེ་བ་ཡིན་ལ། འཁོར་བ་ཐ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་དེ་དག་ལས་ཐར་འདོད་ཀྱི་བློས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དགེ་བ་བྱས་པ་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུར་འགྱུར་བས་ན། ཡང་དག་པའི་དགེ་བ་ཞེས་བྱ། གང་བགྱིས་པ། ཞེས་པ་ནི། དེ་ལྟར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བ་བྱས་ཚད་ཐམས་ཅད་ཡིན་ཏེ། མདོར་བསྡུས་ན། ལུས་དག་པའི་དགེ་བ། སྲོག་བསྐྱབ། སྦྱིན་གཏོང་། ཚུལ་ཁྲིམས་བསྲུང་བ་གསུམ། ངག་དག་པའི་དགེ་བ། བདེན་སྨྲ། མཐུན་འཇུག ཞི་དལ་སྨྲ་བ། ཁ་ཏོན་བྱེད་པ་བཞི། ཡིད་དག་པའི་དགེ་བ། གཏོང་སེམས། བརྩེ་སེམས། མ་ནོར་བའི་ལྟ་བ་རྒྱུད་ལ་བསྐྱེད་པ་གསུམ་དང་བཅུ་ལ་འདུས། ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། ། ཞེས། ཁམས་གསུམ་ནི་འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་གསུམ་ལ་ཟེར་བ་ཡིན། སེམས་ཅན་རྣམས་ཀྱི་ཞེས་པ་ནི། དེར་གནས་པའི་སེམས་ཅན་རྣམས་ཏེ། འདོད་ཁམས་གནས་རིགས་ཉི་ཤུ། གཟུགས་ཁམས་གནས་རིགས་བཅུ་བདུན། གཟུགས་མེད་གནས་རིགས་བཞི་རྣམས་ཡོད་ཅིང་། དེ་ཡང་དམྱལ་བ་ཚ་གྲངས་ཟུར་རེ་བརྩིས་པ་བརྒྱད། ཡི་དྭགས་བྱོལ་སོང་གཉིས་ཏེ་བཅུ་བོ་དེ་ངན་སོང་གནས་རིགས་བཅུ། གླིང་བཞིའི་མི་བཞི། འདོད་ལྷ་དྲུག་དང་བཅུ་པོ་དེ་མཐོ་རིས་གནས་བཅུ་སྟེ་འདོད་ཁམས་གནས་རིགས་ཉི་ཤུ་ཞེས་བྱ། དེའི་གོང་བསམ་གཏན་རིགས་བཞིའི་ལྷ་རིགས་བཅུ་གཉིས། གཙང་མ་རིགས་ལྔའི་ལྷ་དང་བདུན་པོ་གཟུགས་ཁམས་པ་ཡིན། དེ་སྟེང་སྲིད་པའི་རྩེ་མོ་ཞེས་བྱ་བ་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ་རིགས་ཡོད་ཅིང་། དེ་མན་ཆད་འཁོར་བའི་ས་ཡིན་ཏེ། མདོར་བསྡུ་ན་ཁམས་གསུམ་ལ་གནས་རིགས་བཞི་བཅུ་རྩ་གཅིག་ཡོད་དོ། ། དོན་དུ་བསྔོ། ཅེས་པ་ནི། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་སྒོ་གསུམ་དག་པའི་དགེ་བ་གང་བྱས་པ་ཐམས་ཅད་དེ་རྣམས་ཀྱི་དོན་དུ་བསྔོ་བའོ། །ཚུལ་ཇི་ལྟར་བསྔོ་ན། དེ་དག་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་བའི་ཕྱིར། སྔོན་གྱི་སངས་རྒྱས་དང་གཡུང་དྲུང་སེམས་དཔའ་རྣམས་ཀྱི་བསྔོས་པ་བཞིན་དུ། རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་བའོ། ། འོ་ན་སྒོ་གསུམ་དག་པའི་དགེ་བ་ཁོ་ན་མ་གཏོགས། འཇིགས་སྐྱོབ་དང་། ལེགས་སྨོན་གྱི་དགེ་བ་སོགས་བྱང་ཆུབ་རྒྱུར་བསྔོ་མི་རུང་ངམ་ཞེ་ན། དེ་དག་གི་བསམ་པ་འཁོར་བར་ཞེན་པས་དེའི་རྒྱུ་ལས། བྱང་ཆུབ་ཏུ་བསྔོ་བའི་བསམ་པ་རྣམ་དག་མེད་ཅིང་། གལ་ཏེ་ཡོད་ན་མ་དག་པའི་དགེ་བ་ཡང་མི་འགྱུར་ཏེ། དེའི་འབྲས་བུ་འཁོར་བའི་སར་མི་སྨིན་པས་སོ། །དེ་ཡན་ཆད་བསྔོ་བའོ། ། དུས་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས། ། ཞེས། དུས་གསུམ་ནི། སྐྱེ་བ་སྔ་ཕྱི་ད་ལྟ་གསུམ་ལ་ཟེར་བ་ཡིན། བསགས་པའི་ལས་སྒྲིབ་ནི། དེའི་དུས་སུ་བསགས་པའི་ལས་དང་སྒྲིབ་པ་གཉིས་སོ། །དེ་ཡང་ལས་བྱ་བ་མ་དག་པའི་སྡིག་པའི་ལས་ཐམས་ཅད་དེ་མདོར་བསྡུ་ན། ལུས་ཀྱི་ལས། སྲོག་གཅོད་པ། མ་བྱིན་པ་བླངས་པ། ལོག་པར་གཡེམ་པ་གསུམ། ངག་གི་ལས། རྫུན། ཕྲ་མ། ངག་ཀྱལ། ཚིག་རྩུབ་བཞི། ཡིད་ཀྱི་ལས། མངན་སེམས། གནོད་སེམས། ལོག་ལྟ་གསུམ་དང་བཅུ་པོ་དེ་ལ་འདུས། སྒྲིབ་པ་ནི། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་ཡིན་ཞིང་། ཉོན་མོངས་པའི་སྒྲིབ་པ་ནི་མ་དབྱར་གྱི་ཤེའུ་མུན་ལྟ་བུའོ། ། རིག་པའི་རྒྱུ་ལས་བྱུང་། ཤེས་བྱའི་སྒྲིབ་པ་ནི། བདག་གཞན་གཉིས་ཐག་ཁྲར་སྦྲུལ་འཛིན་པ་བཞིན་ནོ།། སུ་འཛིན་པ་ལས་བྱུང་། དེ་གཉིས་མ་བྱང་ན། ཉོན་སྒྲིབ་ཀྱིས་ལྷ་མིའི་གོ་འཕང་ཐོབ་ཏུ་མི་སྟེར། ལྷ་མིའི་གོ་འཕང་མ་ཐོབ་ན་སངས་རྒྱས་སྒྲུབ་པའི་ཐབས་མེད། ཤེས་སྒྲིབ་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཏུ་མི་སྟེར། དེ་གཉིས་བྱང་བ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན། དེ་གཉིས་ལ་དབྱེ་ན། ཉོན་སྒྲིབ་བཅུ། ཤེས་སྒྲིབ་བཅུ་དང་ཉི་ཤུ་ཡོད། སྤྱིར་སངས་རྒྱས་ནི་སྒྲིབ་པ་གཉིས་བྲལ། གཡུང་དྲུང་སེམས་དཔའ་རྣམས་སྒྲིབ་པ་གཅིག་སྟེ་ཤེས་སྒྲིབ་ལྡན། ཁམས་གསུམ་སེམས་ཅན་ནི་སྒྲིབ་པ་གཉིས་ལྡན་ནོ།། ཀུན་བྱང་ནས། ཞེས་པ་ནི། དེ་ལྟ་བུའི་ལས་དང་སྒྲིབ་པ་ཀུན་བྱང་ནས། སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག ། ཅེས་སྐུ་གསུམ་ནི་བོན་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་ཡིན། རྫོགས་པའི་སངས་རྒྱས་ཞེས་པ་ནི། དེ་ལྟ་བུའི་སྐུ་གསུམ་པོ་དེ། ཉན་རང་ལྟ་བུ་སྤང་རྟོགས་ཀྱི་ཡོན་ཏན་ཕྱོགས་གཅིག་མཐར་ཐུག་པ་ཙམ་མ་ཡིན་པར། སྤང་རྟོགས་ཀྱི་ཡོན་ཏན་མ་ལུས་པ་རྫོགས་པའམ་མཐར་ཐུག་པ་སྟེ། རང་གཞན་གཉིས་ཀའི་དོན་མཐར་ཕྱིན་པའི་མི་གནས་པའི་མྱང་འདས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་ཐོབ་ཤོག་ཅེས། ཁམས་གསུམ་རིགས་དྲུག་གི་སེམས་ཅན་རྣམས། དེ་ལྟ་བུའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་བ་མྱུར་དུ་ཐོབ་པར་ཤོག །ཅེས་བྱ་བ་ནི་སྨོན་ལམ་བཏབ་པའོ།། ཞེས་གྲོགས་དཔལ་འབྱོར་གྱིས་བསྐུལ་ངོར་སྤྲང་མངྒས་བྲིས་སོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།