ཐེག་པ་རིམ་དགུའི་ལྟ་བའི་སྐོར།

ཐེག་པ་རིམ་དགུའི་ལྟ་བའི་སྐོར།
འགྲོ་མགོན་བློ་གྲོས་རྒྱལ་མཚན།

དང་པོ། ཕྱྭ་གཤེན་ཐེག་པ།
ཕྱྭ་གཤེན་གྱི་བྱ་བྱེད་ལ་སངས་པོ་ཡབ་ཡུམ་གྱི་བྱ་བ་བོ་དང་བྱེད་པ་པོའི་རྒྱུ་རྐྱེན་ལས་གྲུབ། ཅེས་གསུངས་པ་ནི། ད་ལྟ་ཡང་དེ་གཉིས་ལས་བསྐྱེད་པར་འགྱུར་བས་དེའི་ཕྱིར་ཕ་མའི་བྱ་བ་དང་བྱེད་པས་ལུས་སེམས་རྟེན་དང་བརྟེན་པར་གྲུབ་པས། དེ་ཡང་ལུས་འདུས་བྱས་ཡིན་པས་འཇིག་པའི་དུས་སུ་སེམས་ལ་རྟེན་མེད་པས་ལུས་སེམས་ཡ་བྲལ་ཞིང་། དེས་སེམས་འཁྱགས་ཏེ་འཕྱན་ནས་འགྲོ་བ་ཡང་ཕྱི་རོལ་བ་ལྟར་མེད་ཅིང་ཆད་པ་མ་ཡིན་ཏེ། བག་ཆགས་འཁོར་བར་འཁྱམས་པ་དྲངས་ནས་རྟོགས་པའི་ལྟ་བ་དང་། འཇུག་སྒོའི་སྤྱོད་པ་གཏོ་སྤྱད་ཀྱིས་མོས་པ་སྟེ། སྦྱོར་ལམ་དང་པོ་དྲོད་ཐོབ་ཅིང་དེར་དགེ་བ་དང་དུ་བླངས་པས་ས་ལམ་རིམ་གྱིས་ཐོབ་པར་འདོད་པ་སྟེ། ལྷ་འདྲེ་གཉིས་མཐོང་པས་སྣང་རི་འོད་དཀར་ཏེ། སོ་ནི་བྱ་ར་བྱས་པས་ལྷས་ཕ་མ་དང་འདྲ་སྟེ་བློ་ཕུགས་གཏོར་ལ། དེས་ཀུན་རྫོབ་ཏུ་ལྷ་བགེགས་སུ་བཟུང་བ་ཡང་དོན་དམ་པར་ལྷ་འདྲེ་དངོས་པོར་གྲུབ་པ་ལ་ཕྱོགས་ཆ་དྲུག་གི་ཆ་བརྟགས་པས་རྡུལ་ཕྲན་དུ་རྟོགས་ལ་དེ་ལ་ཡང་བརྟགས་པས་འདི་ཞེས་བྲལ་བའི་བདེན་པས་སྟོང་པའི་དམིགས་མེད་དོ། །
གཉིས་པ། སྣང་གཤེན་ཐེག་པ། 
སྣང་གཤེན་པས་སེམས་ལ་སྐྱེས་ཤིར་རྟོགས་པ་ནི། ལུས་སེམས་བདག་གཅིག་པས་ལུས་སྐྱེས་པས། སེམས་སྐྱེས་ལ་ལུས་ཤི་བས་སེམས་ཀྱང་ཤི་བར་རྟོགས་སྟེ། དེ་གང་གིས་བྱས་ན་བགེགས་ཀྱིས་ཟ་ཞིང་འཆི་ལ། ལྷས་གསོ་བར་བྱེད་པས་ལྷ་ལ་ཡོན་ཕུལ་བས་སྐྱོབ་ཅིང་བགེགས་ལ་གླུད་གཏོང་བས་མི་གནོད་པ་ནི་གཟུ་བོ་དང་འདྲ་སྟེ་བར་བྱེད་པས་དང་། མཉམ་རྗེས་ཀྱི་གླུད་བཏང་ནས་བླ་འགུགས་ཤིང་ཕྱྭ་གཡང་སྐྱབས་པས་མོས་སྤྱོད་དེ་གཉིས་པ་རྩེ་མོ་ཐོབ་པ་དང་། སེམས་ལ་སྐྱེ་ཤི་མེད་ཀྱང་ལྷ་འདྲེའི་རྟོག་པས་སྣང་བ་དེ་གར་གསས་ཀྱི་ཐུགས་རྗེས་སྐྱེ་ཤི་ལ་ཁ་ལོ་བསྒྱུར་ནས། གྱེར་སྒོ་བཞི། སྐད་གཅོང་དགུ་ལས་སོགས་ཀྱི་དགེ་ཚོགས་ཀྱིས་ས་ལམ་བགྲོད་པ་དང་། དེ་ཡང་ཀུན་རྫོབ་ཏུ་གདོན་ཡས་སུ་འཛིན་པ་ཡང་དོན་དམ་པར་བརྟགས་པས་དམིགས་པ་མེད་པའོ། །
གསུམ་པ། འཕྲུལ་གཤེན་ཐེག་པ། 
འཕྲུལ་གཤེན་པས་སེམས་ཀྱི་རང་བཞིན་འགྱུར་བ་མེད་ཀྱང་གནས་སྐབས་སུ་རྒྱུན་ཆད་པར་འདོད་ལ། དེ་འཁོར་བ་ཡིན་ཞིང་འཁོར་བ་མི་ཤེས་པ་དེ་སྙིང་བོ་ཏིང་འཛིན་ལས་སོགས་ཀྱི་རྫུ་འཕྲུལ་གྱི་སྟོབས་ཀྱིས་དགྲ་བགེགས་བསྒྲལ་ཞིང་གནས་སྤར་བ་དང་། སྤར་བ་དེ་ཡང་དབལ་གསས་ཀྱི་ཐུགས་རྗེ་ལ་བརྟེན་ནས་ཤི་གཤེད་དེ་ལམ་གྱི་བགེགས་དང་ཉོན་མོངས་བསྒྲལ་ནས་ཐར་བའི་གནས་སུ་སྤར་བ་དང་། དེ་ཡང་རྫུ་འཕྲུལ་བཅུ་གསུམ་ལ་བརྟེན་ནས། སྣ་ལ་ཚེ་དང་། དེ་ནས་ནོར་དང་། དེ་ནས་མཐུ་དང་། དེ་ནས་སེམས་ཀྱི་འབྲས་བུ་སྟེ་བྱང་ཆུབ་བསྒྲུབ་པ་ནི་གསུམ་པ་བཟོད་པ་ཐོབ་པ་སྟེ། སྟག་ལྷ་མེ་འབར་གྱི་བཞེད་ཡིན་པར་གབ་པ་ལས་གསུངས་ཤིང་། ཀུན་རྫོབ་ཏུ་སྣང་བ་དགྲ་གཉེན་དུ་ལྟ་བ་ལ་དོན་དམ་པར་གསད་གསོ་རང་དུ་ཡང་མ་དམིགས་པ་ཉིད་དོ། །
བཞི་བ། སྲིད་གཤེན་ཐེག་པ། 
སྲིད་གཤེན་པས་བླ་ཡིད་སེམས་གསུམ་དུ་ལྟ་སྟེ། དེ་ཡང་བླ་གཤེད་པ་པོས་འཁྱེར་བ་དེ་ཡང་འགུགས་པ་དང་། ཡིད་འདུར་ལེགས་པས་ལྷར་འགོ་བ་དང་སེམས་རྒྱུ་འབྲས་ཀྱི་རྗེས་སུ་འབྲངས་བས་འཁོར་བ་ནས་དྲངས་བར་རྟོགས་ལ། དེ་ཡང་འདུར་སྒོ་སོ་སོར་བསྟན་པ་སྟེ་བཀྲ་མཚུན་གྲི་ལས་སོགས་སུ་འདུར་བ་སྟེ། འདུར་གསས་རྨ་བོའི་ཐུགས་རྗེས་ན་རག་ནས་དྲངས་ནས་བར་ས་བདེ་བའི་འབྲས་བུ་མོས་སྤྱོད་དེ་བཞི་པ་བོན་མཆོག་ཐོབ་པ་དང་། དེ་ཡང་ཚུལ་ནི། གཤེན་པོའི་ཐབས་དང་འདུར་གསས་ཀྱི་ཐུགས་རྗེ་ཡིས་འགྲོ་བ་དྲུག་གི་ས་བོན་ཏེ། དུ། པྲི། སུ། རྣི། ༼ཨ། ཐ།༽ཨཱོྃ། ཨ་མབསྟེན་ནས་རིམ་པ་བཞིན་དུ་འགྲོ་བ་རིགས་དྲུག་གི་བག་ཆགས་སྦྱོང་བ་དང་། བར་ས་བདེ་བར་གསོན་གཤིན་བརྡ་སྤྲད་ཅིང་གཏད་ཡར་ལས་སོགས་ཀྱིས་མྱ་ངན་སངས་པར་བྱེད་པ་དང་། ཀུན་རྫོབ་ཏུ་ཆགས་གནས་འཇིག་སྟོངས་སུ་ལྟ་ཞིང་དོན་དམ་དམིགས་མེད་དོ། །
ལྔ་བ། དགེ་བསྙེན་ཐེག་པ། 
དགེ་བསྙེན་རྒྱུ་འབྲས་གཙོ་བོར་བྱེད་པས་དེའི་འབྲས་བུ་སྨིན་ཞིང་དེ་ཡང་སྦྱིན་ཡུལ་སྟོང་གསུམ་ལ་གཡུང་དྲུང་ལྷ་ནི་བདག་དམ་ཚིག་སེམས་དཔའི་ནུས་པ་སྟེ། མཆོད་སྦྱིན་སྦྱང་སྤེལ་རྣམ་པར་དག་པས་བསྔོ་ཞིང་དེའི་ཡོན་ཏན་གྱིས་འབྲས་བུ་ཐར་བ་ཐོབ་པ་དང་། ཀུན་རྫོབ་ཏུ་དེའི་འབྲས་བུ་རིན་ཆེན་བཞིན་དགོས་འདོད་འབྱུང་བ། སྣང་བ་འཇའ་ཚོན་ལྟར་བདེན་མེད་དུ་ལྟ་ཞིང་དོན་དམ་དམིགས་པ་མེད་པའོ། །
དྲུག་པ། དྲང་སྲོང་ཐེག་པ། 
དྲང་སྲོང་གི་ལུས་ཀྱི་ཕྱག་དང་བསྐོར་བ་ཁྲུས་ལས་སོགས་པའི་སྟོབས་ཀྱིས་ལུས་ཀྱི་སྒྲིབ་པ་སྦྱོང་ཞིང་དེས་སེམས་ཀྱི་དྲི་མ་ཤུགས་ལ་མེད་པར་འདོད་ལ། དེའི་ཚུལ་ཇི་ལྟར་ན་རྩ་བ་བཞི་ལས་གྱེས་པའི་ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ། མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་ལ་སོགས་པས་སྲུང་བས་ཟག་མེད་དེ་དགྲ་བཅོམ་ཐོབ་པར་འདོད་ལ། དེ་ཡང་ཀུན་རྫོབ་ཏུ་སྣང་བ་འོད་གནས་ཡིག་འབྲུ་ལས་སོགས་སམ། སྒྱུ་མར་ལྟ་ལ་དོན་དམ་པར་སྣང་ལ་རང་བཞིན་མེད་པར་བལྟའོ། །
བདུན་པ། ཨ་དཀར་ཐེག་པ། 
ཨ་དཀར་བས་དབྱིངས་ཤེས་ཀྱི་བརྡ་མཚོན་པ་ལ་ལྷ་ཡབ་ཡུམ་གྱི་མཁའ་གསང་རོལ་པས་ལྷག་པ་སྟེ། ཐིག་ལེ་དཀར་དམར་གྱི་འཕྲོ་འདུ་ལས་སྣོད་བཅུད་ལྷ་དང་གཞལ་ཡས་སུ་གསལ་ཞིང་། དེ་དག་ཀྱང་དངོས་བཅས་ལྟ་བུར་མ་ཡིན་ཏེ། སྐྱེ་མེད་ཀྱི་དབྱིངས་ལ་གསལ་བ་དེ་འགག་མེད་ཀྱི་ཡེ་ཤེས་སུ་གསལ་བས་ཐབས་ཤེས་ཀྱི་སྤྲུལ་བ་ལས་ལྷ་ཚོགས་གྲངས་མེད་དུ་བསྐྱེད་པ་དང་། དེ་ཡང་གཞལ་ཡས་ཏེ་རགས་སྣང་མ་ཡིན་པར་ཐུགས་ཀྱི་རྫུ་འཕྲུལ་ལས་བྱུང་བ་ལ། ལྷ་ཚོགས་ནི་སྤྲུལ་བ་སྟེ་ཞི་ལྷ་དང་། ཡེ་ཤེས་ཁྲོ་ཚོགས་དང་། ཡང་སྤྲུལ་ཏེ་ལས་ཀྱི་ཁྲོ་ཚོགས་དང་སྤྲོས་པས་གྲངས་མེད་པར་སྤྲུལ་བ་དང་བཅས་པ་ཡང་མེ་ལོང་ཆུ་ཟླ་ལྟར་སྣང་ལ་རང་བཞིན་མེད་པ་འོད་ཀྱི་ཚུལ་དང་། དེ་ཡང་སོ་སོར་མ་འདྲེས་པར་གསལ་བ་བསྙེན་པ་དང་བཅོ་བརྒྱད་ནི་བསྒྲུབ་པ་དང་ཡང་དགུ་ནི་མཆོང་ཡིན་ཏེ་འོག་ནས་འཆད་ལ། མཁའ་འགྱིང་སྟེ་ཀུན་རྫོབ་ཏུ་ལྷ་དང་གཞལ་ཡས་དང་། དོན་དམ་པར་བདག་མཐའ་དག་དང་བདེན་དངོས་ཀྱིས་སྟོང་པའི་བོན་སྐུ་སྟེ་སེམས་ཉིད་ཉག་གཅིག་གོ །
བརྒྱད་པ། ཡེ་གཤེན་ཐེག་པ། 
ཡེ་གཤེན་གྱི་ཐོག་མཐའ་སྟེ་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་རང་བཞིན་དུས་གསུམ་དུ་མི་འགྱུར་བ་དེ་ཡང་། ཕས་སྣང་བ་སྐྱེ་བ་མེད་པའི་དབྱིངས་ཤེས་པ་ཚུལ་འཇུག་པ་འགག་པ་མེད་པའི་ཡེ་ཤེས་སུ་འཆར་ལ། ཏིང་འཛིན་འོག་ནས་འབྱུང་བ་དག་བསྒོམ་སྟེ། ཚུལ་ནི་དབྱིངས་ཤེས་དབྱེར་མེད་དེ་གསལ་སྟོང་དབྱེར་མེད་དུ་བསྒོམ་ཞིང་། དེ་ཡང་ཀུན་རྫོབ་ཏུ་འོད་དཀར་ནི་དྲི་མ་མེད་པའི་དང་། ཡེ་ནས་གནས་པའི་དོན་ལས་མི་འགྱུར་བའི་གནས་འཛིན་ཏེ། གཞན་སྣང་ལྷ་རུ་ཤར་བ་བསྒོམ་ཞིང་དོན་དམ་པར་ཀུན་བཟང་སྟེ་ཕྱོགས་རིས་མཐའ་དང་བྲལ་བའི་ངང་ལ་ཆིབས་པའོ། །
དགུ་བ། བླ་མེད་ཐེག་པ། 
ཁྱད་པར་ཆེན་པོས་ནི། ཕྱི་རོལ་ནང་གིས་བསྡུས་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཉིད་ཐིག་ལེ་ཉག་གཅིག་སྟེ། དེ་ཡང་ཐིག་མི་འགྱུར་བ། ལེ་བདལ་པ་ཆེན་པོ། ཉག་ཕྲ་བ་གཅིག་བགྲང་དུ་མེད་པ་དེས་འཁོར་འདས་ཀུན་ལ་ཁྱབ་པས་བདལ་བ་ལ། བྱ་བརྩལ་ཏེ་ལུས་ཀྱི་འབད་རྩོལ་དང་བྲལ་བའི་སེམས་ཉིད་དེ། ཡིད་ཀྱི་དྲན་པའི་བཅོས་བསླད་དང་བྲལ་བ། ངག་གི་ཐ་སྙད་བརྗོད་པ་དང་བྲལ་བ་སྟེ། འདི་ཞེས་པའི་དཔེ་དང་། མཚན་མ་དང་། རྟོག་པ་ཡོངས་ཀྱི་ཐ་སྙད་དང་བྲལ་བའོ། དེ་ལྟ་བུའི་དོན་རྟོགས་པས་འོག་མ་བརྒྱད་ཀྱི་གཟུང་འཛིན་དང་རང་བཞིན་གྱིས་བྲལ་བས་ཏེ། གནས་ལུགས་ཀྱི་དོན་རྟོགས་པས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་དེས་གཞན་དུ་མ་ལྟས་ཏེ། སྣང་སྲིད་སེམས་སུ་གསལ་ལ། ཕྱྭ་གཤེན་པས་མཐོང་མི་མཐོང་དུ་འཛིན་པ་ལས་གྲོལ་བ་དང་། སེམས་ཉིད་ཡོ་གལ་མེད་པའི་དོན་རྟོགས་པས་ལྷ་འདྲེའི་བསད་གསོ་འཛིན་པའི་མཐའ་ལས་གྲོལ་བ་དང་། སེམས་ཉིད་ཡེ་ནས་གནས་པའི་བཟོད་ཐོབ་རྒྱལ་པོར་རྟོགས་པས་དགྲ་བགེགས་མཚན་མ་གྲོལ་བས། འཕྲུལ་གཤེན་པས་དགྲ་གཉེན་དུ་འཛིན་པ་ལས་གྲོལ་བ་དང་། སེམས་ཐིག་ལེ་གཅིག་གི་དོན་རྟོགས་པས་རྣམ་གྲངས་དུ་མར་འཛིན་པའི་སྤྲོས་པ་ཆོད་པས། སྲིད་གཤེན་པས་བླ་ཡིད་སེམས་གསུམ་དུ་འཛིན་པ་ལས་གྲོལ་བ་དང་། སེམས་ཉིད་སྦྱིན་བྱ་སྦྱིན་ཡུལ་བདག་མེད་སྟོང་པར་རྟོགས་པས་མ་གོད་ཡོངས་ལ་ཁྱབ་སྟེ། དགེ་བསྙེན་པས་སྦྱིན་བྱ་སྦྱིན་ཡུལ་ལས་སུ་འཛིན་པ་ལས་གྲོལ་བ་དང་། སེམས་ཉིད་བྱ་རྩོལ་དང་བྲལ་བའི་ཡེ་སྲུང་ཆེན་པོར་རྟོགས་པས་རྒྱུ་འབྲས་སུ་འཛིན་པའི་སྤྲོས་པ་ཆོད་པས། དྲང་སྲོང་པས་སྦྱང་བྱ་དང་སྦྱོང་བྱེད་དུ་འཛིན་པ་ལས་གྲོལ་བ་དང་། སེམས་ཉིད་སྐུ་གསུམ་ཡེ་གྲུབ་ཏུ་རྟོགས་པས་དབྱིངས་ལས་ཡེ་ཤེས་རྫོགས་པས་དབྱིངས་ཤེས་དབྱེར་མེད་པས། ཨ་དཀར་ཡེ་གཤེན་གྱིས་ལྷ་དང་ལྷ་མོའི་དཀྱིལ་འཁོར་དང་དབྱིངས་ཤེས་སུ་འཛིན་པའི་རྟོག་པ་ལས་གྲོལ་བ་དང་། དེས་ན་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཐེག་བརྒྱད་ལས་སོགས་ཀྱི་སྤྲོས་པས་སྟོང་ཞིང་བདག་མཐའ་དག་དང་བྲལ་བས་ཡེ་ཤེས་སྐུ་སྟེ། དབྱིངས་ཤེས་དབྱེར་མེད་ཀྱི་སྐུ་སྟེ་བོན་སྐུ་བདེ་བ་ཆེན་པོ་ལ་ཆིབས་པའོ། །ཞེས་གཙོ་བོས་གསུངས་ཏེ། ཀུན་ཏུ་བཟང་པོ་ཕྱོགས་དང་བྲལ་བ་དེ་འཁོར་འདས་ལ་ཁྱབ་ཅིང་བདལ་པ་ནམ་མཁའ་ལྟར་སྤྲོས་པར་མ་གཡོས་པའི་དགོངས་པ་སྟེ་མ་བཅོས་པ་ལ་བཞུགས་པའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།