འཁོར་ལོའི་ཕན་ཡོན་བཤད་པ།

འཁོར་ལོའི་ཕན་ཡོན་བཤད་པ།
ཤར་རྫ་བཀྲ་ཤིས་རྒྱལ་མཚན།

༄༅། །རྣམ་དག་མཚན་དཔེའི་ཡོན་ཏན་རབ་རྫོགས་སྐུ། །རྣམ་མང་འགྲོ་ལ་བརྒྱད་ཁྲིའི་བོན་སྟོན་གསུང་། །རྣམ་མཁྱེན་ཡེ་ཤེས་སུམ་བརྒྱའི་དཔལ་འབར་ཐུགས། །རྣམ་འདྲེན་བརྒྱ་པའི་མགོན་པོར་མགོས་ཕྱག་འཚལ། །དེ་ལ་འདིར་འཁོར་ལོའི་ཕན་ཡོན་ཅུང་ཟད་འབྲི་བ་ལ། སྤྱིར་འཁོར་ལོ་ལ་འཁོར་བའི་འཁོར་ལོ། བཀའ་ཡི་འཁོར་ལོ། སྒོམ་པའི་འཁོར་ལོ། འདོགས་པའི་འཁོར་ལོ། བསྐོར་བའི་འཁོར་ལོ་དང་ལྔ་ཡོད་པ་ལས། དང་པོ་འཁོར་བའི་འཁོར་ལོ་ནི་རྟེན་འབྲེལ་བཅུ་གཉིས་སོ། །གཉིས་པ་བཀའ་ཡི་འཁོར་ལོ་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དུས་སུ་བསྐོར་བའོ། ། གསུམ་པ་སྒོམ་པའི་འཁོར་ལོ་ནི་གུར་ཁང་དགུ་རིམ་ལྟ་བུའོ། ། བཞི་བ་འདོགས་པའི་འཁོར་ལོ་ནི་བསྲུང་བའི་ཀྱི་རི་སོགས་སོ། ། ལྔ་པ་བསྐོར་བའི་འཁོར་ལོ་ལ་མེ་འཁོར། ཆུ་འཁོར། རླུང་འཁོར། ས་འཁོར། ལག་འཁོར་དང་ལྔ་ཡོད། དེ་ལའང་མུ་ཁྱུད་མ་དང་། ཞགས་པ་མ་གཉིས་གཡས་གཡོན་གང་དུ་བསྐོར་ཀྱང་རུང་ཞིང་། དེ་ཡང་ཞགས་པ་མ་ཡིན་ན་སྨན་ཤོག་གཙང་མ་ལ་རབ་རིན་པོ་ཆེ། འབྲིང་མཚལ་དཀར། ཐ་མར་རྒྱ་སྣག་སོགས་གང་རུང་གིས་སྙིང་པོ་རྣམས་ལྷག་ཆད་མེད་པར་འབྲི་ལ། དྲིལ་བའི་དུས་སུ་བོན་བསྐོར་བྱེད་ན་ཡི་གེའི་ཞལ་ནང་དུ་བསྟན། ཆོས་བསྐོར་བྱེད་ན་ཡི་གེའི་ཞལ་ཕྱི་རུ་བསྟན། ཡིག་མཐའ་གཉིས་ཀ་ནང་དུ་སྲོག་ཤིང་ལ་བྱའོ། ། དེ་ནས་དར་ཟབ་ཀྱི་ན་བཟའ་གསོལ་ཏེ། ཕྱི་ནང་གསང་བའི་སྔགས་ཀྱི་རབ་གནས་དང་བྱིན་རླབས་བྱ། བསྐོར་བའི་དུས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་ལོ་བསྐོར་ནས་ཚེ་གཅིག་ལུས་གཅིག་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱའོ། །སྙམ་དུ་སེམས་ཅན་ཐམས་ཅད་ཀྱིས་འཁོར་ལོ་བསྐོར་བའི་མོས་པར་བྱས་ལ་འཁོར་ལོ་བསྐོར་རོ། ། དེ་ལྟར་བསྐོར་བའི་ཕན་ཡོན་ནི་ཚད་མེད་དེ། ཇི་སྐད་དུ། ཕན་ཡོན་ལེའུ་ལས། སྟོང་གསུམ་རིན་ཆེན་སྣ་ལྔས་བཀང་ནས་སུ། སངས་རྒྱས་མཆོད་དང་སེམས་ཅན་རེ་བསྐང་བས། །འཁོར་ལོ་ལན་གཅིག་བསྐོར་བའི་བསོད་ནམས་ཆེ། །སེམས་བབསྐྱེད་དང་ལྡན་གཞན་ཕན་བློ་ཅན་གྱིས། །དག་སྣང་བསྐྱེད་ཅིང་འཁོར་ལོ་བསྐོར་བ་ཡི། །བསོད་ནམས་དེ་ནི་གཞལ་གྱིས་མི་འོང་སྟེ། །ཞིང་གི་རྡུལ་རྙེད་བགྲང་ནུས་དེ་ནི་མིན། །མཚམས་མེད་ལས་དང་དམ་ཚིག་སྡོམ་ཉམས་པའི། །ཉེས་པ་དེ་ཡང་འཁོར་ལོ་བསྐོར་བས་འཇོམ། །ཞེས་པ་ལྟར་ས་གསུམ་རིན་པོ་ཆེ་སྣ་ལྔས་བཀང་ནས་སངས་རྒྱས་མཆོད་པ་དང་སེམས་ཅན་ལ་སྦྱིན་པ་བཏང་བ་བས་འཁོར་ལོ་ལན་གཅིག་བསྐོར་བ་ན་མཚམས་མེད་ལྔ་ལ་སོགས་སྡིག་ཆེན་ཐམས་ཅད་དག་ཅིང་། གསང་སྔགས་ཀྱི་དམ་ཚིག་སོ་ཐར་གྱི་སྡོམ་པ་ཉམས་པ་དང་ལྟུང་བ་བྱུང་ཡང་འཁོར་ལོ་བསྐོར་བས་ཡོངས་སུ་བྱང་བར་གསུངས། དེ་ལྟ་ནའང་ལུང་ལས། བླ་མ་ཞིག་གིས་བསྐོར་གྱུར་ན། །འགྲོ་དོན་མཐའ་རུ་རྒྱས་པར་འགྱུར། །བཙུན་པ་ཞིག་གིས་བསྐོར་གྱུར་ན། །དད་དཀོར་གཤིན་ཟས་གང་ཟོས་བྱང་། །རྒྱལ་པོ་ཞིག་གིས་བསྐོར་གྱུར་ན། །ཁྲིམས་ཁང་འགྲིམས་ཚད་ཐར་བ་ཐོབ། །སྐྱེ་བོ་ཞིག་གིས་བསྐོར་གྱུར་ན། །སྡིག་པ་གང་བྱས་ཡོངས་སུ་བྱང་། །བུད་མེད་ཅིག་གིས་བསྐོར་གྱུར་ན། །ཚེ་རབས་བསགས་པའི་སྡིག་སྒྲིབ་དག །རི་བོའི་རྩེ་ལ་བསྐོར་གྱུར་ན། །རི་ལ་གནས་ཚད་ཐར་བ་ཐོབ། །རྒྱ་མཚོའི་འགྲམ་དུ་བསྐོར་གྱུར་ན། །ཆུ་ལ་བཏུང་ཚད་ཐར་བ་ཐོབ། །གྲོང་ཁྱེར་དཀྱིལ་དུ་བསྐོར་གྱུར་ན། །གྲོང་ལ་གནས་ཚད་ཐར་བ་ཐོབ། །འབྱུང་བ་རླུང་ལ་བསྐོར་གྱུར་ན། །རླུང་གིས་གར་ཁྱབ་ཐར་བ་ཐོབ། །འབྱུང་བ་ཆུ་ལ་བསྐོར་གྱུར་ན། །ཆུ་ལ་གནས་ཚད་ཐར་བ་ཐོབ། །འབྱུང་བ་མེ་ལ་བསྐོར་གྱུར་ན། །དུ་བས་གར་ཁྱབ་ཐར་བ་ཐོབ། །འབྱུང་བ་ས་ལ་བསྐོར་གྱུར་ན། །ས་ལ་གནས་ཚད་ཐར་བ་ཐོབ། །ཞེས་པ་ལྟར། གཞན་ཡང་བསམ་པ་རྣམ་པར་དག་པས་འཁོར་ལོ་བསྐོར་ན་རྒྱལ་བའི་བཀའ་འགྱུར་རོ་ཅོག་དུས་གཅིག་ཏུ་ཀློག་པ་དང་འདྲ། །དེ་བཞིན་རྒྱལ་བ་སྲས་བཅས་ཐུགས་མཉེས་ཤིང་། །དཀར་ཕྱོགས་ལྷ་འདྲེན་རྣམས་རྒྱུད་གྲོལ་ནས་སྡོང་གྲོགས་བྱེད་པ་དང་། །ནག་ཕྱོགས་འབྱུང་པོའི་རིགས་རྣམས་བཅར་མི་ནུས་པ་དང་། །ནད་གདོན་ལ་སོགས་གནོད་པས་མི་ཚུགས་པ་དང་། །གཞན་གྱིས་མཐོང་བ་ན་དེ་ལ་ཡང་དགེ་བའི་འདུན་པ་སྐྱེས་ནས་གཞན་རྒྱུད་ལ་ཡང་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པ་དང་། །ཕྱི་མར་སངས་རྒྱས་ཀྱི་བསྟན་པ་འཛིན་པར་འགྱུར་བ་དང་། །བསྲུང་བའི་མཆོག་ཏུ་ཡང་འགྲོ་སྟེ་ཚེ་སྒྲུབ་ཀྱི་མཆོག་ཏུ་གྱུར་ནས་ཚེ་ལོ་མཐར་ཕྱིན་པ་དང་། བསྲུང་བའི་མཆོག་ཏུ་ཡང་འགྲོ་སྟེ་བསྲུང་བཟློག་གི་ཀྱི་རི་བརྒྱ་འདོགས་པ་བས་ཀྱང་ལྷག །ཊཱཀྐི་མཁའ་འགྲོའི་གསུང་ལས། དུ་ཏྲི་སུ་ཡིག་དྲུག་རྣམས་ཀྱི་ལག་འཁོར་བྱས་ན། མི་དེ་ལ་བཟང་ངན་གྱི་འབྲེལ་བ་གང་ཡོད་བདེ་བའི་གནས་སུ་འདྲེན་པ་འདུག་གོ །མཚམས་མེད་ལྔ་བྱས་པ་ཡང་ངན་སོང་ལས་ཐར་ནས་མཐོ་རིས་ཀྱི་གནས་སུ་སྐྱེ་ངེས་སོ། །འདི་དང་ཕྱི་མ་གཉིས་ཀའི་དོན་ཐམས་ཅད་འཁོར་ལོ་ཁོ་ནས་འགྲུབ་བོ། །དེ་བས་ན་མི་ཀུན་ལག་འཁོར་རེ་འཆང་ན་ཕན་ཡོན་རྒྱ་ཆེན་པོ་ཡོད་དོ། །ཞེས་དག་ཕན་ཡོན་ལེའུ་ལས། ཉིན་རེ་བཞིན་འཁོར་ལོ་བརྒྱ་རྩ་བརྒྱད་ཙམ་དེ་མ་ཆག་པར་བསྐོར་ན་ཉིན་གཅིག་ལ་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ངེས་སོ། །དེ་བཞིན་སྟོང་རྩ་བརྒྱད་རེ་བསྐོར་ན་ལུས་ངག་གཉིས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག །ཁྲི་རེ་མ་ཆག་ན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག །རྒྱུན་དུ་བསྐོར་ན་ཚེ་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་ནས་ཕྱི་མར་བཀའ་ཡི་འཁོར་ལོ་བསྐོར་བར་འགྱུར་རོ། །ཞེས་གསུངས་སོ། ། དེ་ལྟར་རྒྱུན་དུ་འཁོར་ལོ་ལ་དད་པ་དང་མོས་གུས་བྱེད་ཅིང་ཕྱག་མཆོད་དང་བཀུར་སྟི་བྱ། འཇོག་པའི་ཚེ་བསྔོ་བ་སྨོན་ལམ་བྱ་ལ་ས་རྗེན་དང་རང་བས་དམའ་སར་མི་འཇོག་པར་འགྲོ་དུས་གོང་མའི་ནང་དང་། འདུག་དུས་སྟེགས་མཐོན་པོའམ་འགོམ་ཡུག་མི་འགྲོ་སར་བཞག །བཅའ་ཀ་ལ་སོགས་སྟེང་དུ་མི་བཞག་སྤོས་དུད་ཀྱིས་ཕྱུང་བ་དང་། ནུབ་མོ་ཉལ་དུས་མགོ་གཏད་ཕྱོགས་མཐོན་པོར་འཇོག་ནས་ཕྱག་འཚལ། ནུབ་མོ་ཡང་དེ་བཞིན་ཕྱག་འཚལ་བ་དང་སྐྱབས་འགྲོ་བྱེད་ཅིང་ཡིད་བཞིན་གྱི་ནོར་བུ་ལྟར་གཅེས་པར་འཆང་བར་བྱའོ། ། ཨ་ཧོ། རྒྱལ་བའི་བསྟན་པ་རཏྣའི་གླིང་ཆེན་ལྟར། །གྱུར་ཀྱང་སྐལ་ལྡན་དད་བརྩོན་ལྡན་པ་ལས། །གཞན་དག་གང་གི་ཐུན་མོང་མ་གྱུར་བ། །ལག་རྡུམ་གསེར་གླིང་ཕྱིན་པ་ཇི་བཞིན་ནོ། །དེ་ཕྱིར་ནོར་སྐལ་བ་ཅན། །ཡོད་ན་རྒྱལ་བསྟན་མར་ཞིའི་གླིང་ལ་སྤྱོད་། །ཅེས་པའང་དགེ་བའི་བཤེས་གཉེན་དམ་པ་བློ་གྲོས་དང་ཚུལ་ཁྲིམས་མཆོག་རྒྱལ་གཉིས་ཀྱིས་བསྐུལ་ངོར་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱིས་དཔལ་ལྡན་ཡོངས་ཕྱིན་དགོན་དུ་སྔོན་འགྲོའི་བོན་འཆད་ཉན་བྱེད་པའི་སྐབས་སུ་བྲིས་པ་དགེའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།