རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་ཁྲིད་ཉམས་སུ་ལེན་ཚུལ།

རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་ཁྲིད་ཉམས་སུ་ལེན་ཚུལ།
ཤར་རྫ་བཀྲ་ཤིས་རྒྱལ་མཚན།

༄༅། །བླ་མེད་ཐར་བའི་ལམ་བཟང་སྟོན་མཛད་པ། །སྟོན་པ་ཀུན་བཟང་རང་རིག་དབྱེར་མེད་ཀྱི། །ངོ་བོ་གཅིག་དྲིལ་བླ་མར་སྐྱབས་སུ་མཆི། །ཚེ་གཅིག་ལམ་མཆོག་མཐར་ཕྱིན་བྱིན་གྱིས་རློབས། ། ༧ དེ་ལ་འདིར་རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་ཁྲིད་ཉམས་སུ་ལེན་ཚུལ་ལ། ཐོག་མར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱ། དེའི་ཆེད་དུ་ལམ་མཆོག་འདི་ཉམས་སུ་བླངས་པར་བྱའོ་སྙམ་པ་འདི་ཤིན་ཏུ་གལ་ཆེ་བས་སྔོན་འགྲོ་བཀའ་ལུང་རྒྱ་མཚོའམ་ལྟུང་བཤགས་ཀྱི་ཁྲིད་ལྟ་བུའི་ཀུན་སློང་བཅོས་ཚུལ་གྱིས་བློ་སྦྱོང་ལ་ཞག་ཡུན་ཏུ་འབད་ལ་ནན་ཏན་བྱའོ། ། དེ་ནས་རྒྱུད་སྦྱོང་བ་ལམ་གྱི་རྨང་གཞི་ཡིན་པས་ཐོག་མར་མི་རྟག་གིས་བློ་སྦྱོང་ནི་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་དབུ་ནས། ཞེན་པ་རང་ལོག་གི་ཕཊཿཅེས། ང་ང་ཟེར་བའི། ལྟར་ཁ་ནང་དུ་ལོག་ནས་ཞིབ་ཏུ་རང་རྒྱུད་ལ་ཁེལ་ངེས་ཀྱི་དཔྱོད་སྒོམ་ལ་འབད་པ་དང་། དེ་ནས་ལྟུང་བཤགས་ཀྱི་ཁྲིད་ལྟར་དལ་འབྱོར་རྙེད་དཀའ་བར་བསམ་པ་སོགས་བློ་ལྡོག་རྣམ་བཞི་ནས་ཕར་ཕྱིན་དྲུག་ཡན་ཆད་ལ་ནང་རེ་བཞིན་ཏུ་ལན་གྲངས་བསྐྱལ་ནས་ཡང་ཡང་བསྒོམ་པ་དང་། ཉིན་གུང་ནས་བསྒོམ་རིམ་ཐར་ལམ་མྱུར་བགྲོད་ལྟར་སྔོན་འགྲོ་འབུམ་དགུའི་བསགས་སྦྱོང་སྨྲ་བ་བཅད་ལ་བསྐྱེད་རིམ་དང་མི་འབྲལ་བར་བསོག མཎྜལ་འབུལ་བའི་འབྲུ་ནས་ནི་འབྱོར་བ་དང་བསྟུན། ཕྱག་ནི་ནུས་ན་རྐྱང་ཕྱག་ཁོ་ནར་འཚལ། གཞན་ཡང་སཱཙཱ་འབུལ་ཕྲག་དང་། ཆུ་གཏོར་འབུམ་ཕྲག་སོགས་ཤིན་ཏུ་གལ་ཆེ་བས་འགྲོ་ངེས་བྱ། དེ་ནས་སྐུ་གསུམ་རང་ཤར་ལྟར་ཞི་གནས་འཇོག་ལ་རིག་པ་རྩད་གཅོད་གོ་མ་ལོག་པར་ཞལ་ཁྲིད་དང་བཅས་པས་གདམས་ངག་ཐེབས་ངེས་བྱ། དེའི་རྗེས་འཁོར་འདས་རུ་ཤན་དབྱེ་བའི་སྤྱོད་པ་ལའང་སྦྱང་ཞིང་། ནང་གི་རུ་ཤན་དབྱེ་བ་ལ་ཨ་རྫོགས་སྙན་གསུམ་གྱི་རིགས་དྲུག་རང་སྦྱོང་ཞག་ཞེ་དགུ་རེ་ལ་སྨྲ་བཅད་བྱ་ལ་འབད། དེ་ནས་ལུས་ངག་ཡིད་གསུམ་སྦྱོང་བ་སྙིང་ཐིག་ལྟར་རམ་སྐུ་གསུམ་རང་ཤར་ལྟར་ཉམས་སུ་བླང་ལ། རྣལ་དབབ་ལ་ཟླ་བ་གསུམ་དང་སོར་ཞུགས་ཞག་བདུན་རེ་ལས་མི་ཉུང་བར་བྱ། འདི་སྐབས་བློས་དཔོག་ན་དབྱིངས་རིག་མཛོད་སྨད་དུམ་ལྟར་མཚན་མའི་ཏིང་ངེ་འཛིན་དགུ་ལ་བློའི་མྱོང་བ་ཐོན་པར་བྱ། དེ་ནས་གཏུམ་མོ་ལྟར་རྩ་ཐིག་རླུང་གསུམ་ཞག་བརྒྱར་ཉམས་སུ་བླངས་པའི་མཐར་ལི་ཕྱོད་བདུན་པ་གསང་ཐུར་བཅུད་ལེན་དང་བཅས་པའི་མཐར་ཐོན་ངེས་སུ་བྱ་ལ། སྤྱིར་ཡང་ཐུན་བཞི་ལ་འབད་ཅིང་ཉམས་མྱོང་རྟོགས་པ་ལ་ཉམས་ལེན་གྱི་མཐིལ་བྱེད་པ་ནི་དཔོན་སློབ་གཉིས་ཀས་རྩལ་བཏོན་དགོས། འདི་སྐབས་རྣམས་སུ་དངོས་གཞི་སྐུ་གསུམ་རང་ཤར་གྱི་རྩ་རླུང་སྦྱོང་ལ་བོགས་འདོན། དེ་ནས་སྙན་བརྒྱུད་ཀྱི་འོད་གསལ་བདུན་སྐོར་དང་། སྐུ་གསུམ་རང་ཤར་གྱི་འོད་གསལ་བདུན་སྐོར་གཉིས་ཞག་ཞེ་དགུ་རེ་མཚམས་བསྡོམས་ལ་གཞུག དབང་པོ་དང་བསྟུན་ལ་སྙིང་ཐིག་ལྟར་རམ་སྐུ་གསུམ་རང་ཤར་གྱི་དངོས་གཞི་ཁྲེགས་ཆོད་ལ་ཉམས་ལེན་གྱི་གཞུང་ཤིང་བྱ། འདི་སྐབས་ཉིན་མཚན་ནང་ནུབ་འཆི་ཀས་ཐབས་ལམ་དྲུག་སྐུ་གསུམ་རང་ཤར་ལྟར་རམ་སྡེ་སྣོད་མཛོད་ལྟར་འབད་པ་འདོན། སྔར་དགོང་གི་ཉམས་ལེན་ཟེར་གཉིས་འཛོམ་དུས་དང་ཟླ་བ་མར་མེ་སོགས་ལ་བསྟེན་ནས་ཐོད་རྒལ་གྱི་ཉམས་ལེན་ལ་ཚེ་བསྐྱལ། དེ་དག་ལ་ལོ་གསུམ་མམ་ལོ་བདུན་ནས་དགུའམ་བཅུ་གཉིས་ལ་སོགས་མི་ཚེ་སྐྱལ་ནས་ཉམས་ལེན་ལ་གདིང་ལེན་པར་བྱའོ། ། ཨ་ཧོ། བསྟན་པའི་སྙིང་པོ་གཡུང་དྲུང་བོན་མཆོག་བཀའ། །གདམས་པའི་བཅུད་དྲིལ་སྐུ་གསུམ་རང་ཤར་ཁྲིད། །ཉམས་སུ་ལེན་ཚུལ་ལོང་བའི་མིག་བུ་བཞིན། །ཐར་བའི་ལམ་ཁྲིད་དེད་དཔོན་འདི་ཀོ་རྨད། ། ཅེས་པ་འདིའང་རིན་སྤུངས་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་གྱིས་བསྐུལ་ངོར་ཤར་རྫའི་བྱ་བྲལ་བཀྲ་ཤིས་རྒྱལ་མཚན་གྱིས་རྔ་ཡུལ་གྱི་བཤད་སྒྲུབ་བསྟན་པའི་གླིང་ཆེན་པོ་བཀྲ་ཤིས་སྨིན་གྲོལ་འཁྱིལ་གླིང་དགོན་དུ་སྦྱར་བའོ། ། བཀྲ་ཤིས་སོ། ། དགེའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།