ངན་སོང་དོང་སྤྲུགས་ཀྱི་འགྲེལ་བ་དང་ཕན་ཡོན།

ངན་སོང་དོང་སྤྲུགས་ཀྱི་འགྲེལ་བ་དང་ཕན་ཡོན།
ཀུན་མཁྱེན་ཤར་རྫ་བཀྲ་ཤིས་རྒྱལ་མཚན།

༄༅། །གང་སྐུ་མར་ཞིའི་བུམ་པ་བཟང་པོ་ལ། །གང་ཐུགས་བརྩེ་ཆེན་བདུད་རྩིས་ལེགས་བཀང་སྟེ། །གང་ཞིག་སྐྱེ་རྒུའི་སྐོམ་པའི་གདུངས་སེལ་བ། །གང་གིས་འགྲན་བྲལ་དམུ་རྒྱལ་གཤེན་ལ་འདུད། །དེ་ལ་འདིར་ངན་སོང་དོང་སྤྲུགས་ཀྱི་འགྲེལ་བ་དང་ཕན་ཡོན་ཅུང་ཟད་འབྲི་བ་ལ། ། ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྭཱཧཱཿ ཅེས་པ་ལས། ཨ་དཀར་ཨ་རྨདཿབཞི་སྦྱང་བྱེད་སྙིང་པོའོ། དུ་ཏྲི་སུ་ནག་པོཿབཞི་སྦྱང་བྱའི་སྙིང་པོ། ཞི་ཞི་མལ་མལཿབཞི་སྦྱང་བའི་ཡོན་ཏན་གྱི་སྙིང་པོ། མཐར་རྒྱན་ཡིག་འབྲུ་སྭཱཧཱཿགཉིས་ལོག་རྟོག་འཇོམ་པའི་སྙིང་པོ་སྟེ། དེ་ཡང་སྦྱང་བྱེད་ཡིག་འབྲུ་བཞི་ལས། ཨ་དབྱིངས་ཀྱི་ཡུམ་ས་ཏྲིག་ཨེར་སངས་ཀྱི་སྙིང་པོ། དཀར་ཡེ་ཤེས་ཀྱི་ལྷ་གཤེན་ལྷ་འོད་དཀར་གྱི་སྙིང་པོ། ཨ་ཐབས་ཀྱི་མཆོག་སངས་པོ་འབུམ་ཁྲིའི་སྙིང་པོ། རྨད་ཤེས་རབ་ཀྱི་ཕུལ་སྟོན་པ་གཤེན་རབ་ཀྱི་སྙིང་པོའོ། ། སྦྱང་བྱའི་ཡིག་འབྲུ་བཞི་ལས། དུ་དམྱལ་བ་སྤྱི་སྡེ་བཞིའི་ས་བོན། ཏྲི་ཡི་དྭགས་སྡེ་གསུམ་གྱི་ས་བོན། སུ་བྱོལ་སོང་སྡེ་གསུམ་གྱི་ས་བོན། ནག་པོ་མཐོ་རིས་ཀྱི་ས་བོན། སྦྱང་ཚུལ་ཡུམ་གྱིས་དམྱལ་བ་སྦྱོང་། གཤེན་ལྷས་བྱོལ་སོང་སྦྱོང་། སྲིད་པས་ཡི་དྭགས་སྦྱོང་། གཤེན་རབ་ཀྱིས་མཐོ་རིས་གསུམ་སྦྱོང་བའོ། ། སྦྱངས་པའི་ཡོན་ཏན་གྱི་ཡིག་འབྲུ་བཞི་ལས། ཞི་ཞི་སྡུག་བསྔལ་མཐའ་དག་ཞི་བ། མལ་མལ་བདེ་བ་དང་ལྡན་པའོ། །མཐའ་རྒྱན་ཡིག་འབྲུ་གཉིས་ནི་འཁོར་འདས་དབྱེར་མེད་དུ་རྟོགས་པའོ། ། ཡང་དུག་དང་ཡེ་ཤེས་ལ་སྦྱར་ན། ཨ་སྟོང་ཉིད་ཡེ་ཤེས། དཀར་མེ་ལོང་ཡེ་ཤེས། ཨ་སོར་རྟོགས་ཡེ་ཤེས། རྨད་བྱ་གྲུབ་ཡེ་ཤེས་དང་མཉམ་ཉིད་ཡེ་ཤེས་ཏེ་སྦྱང་བྱེད་ཀྱི་ཡིག་འབྲུ་བཞིའོ། ། དུ་ཞེ་སྡང་གི་ས་བོན། ཏྲི་འདོད་ཆགས་ཀྱི་ས་བོན། སུ་བྱོལ་སོང་གི་ས་བོན། ནག་པོ་ཕྲག་དོག་དང་ང་རྒྱལ་གཉིས་ཀྱི་ས་བོན་ཏེ་སྦྱང་བྱའི་ཡིག་འབྲུ་བཞིའོ། ། སྦྱང་ཚུལ་ནི་སྟོང་ཉིད་ཀྱིས་ཞེ་སྡང་སྦྱོང་། མེ་ལོང་གིས་གཏི་མུག་སྦྱོང་། སོར་རྟོག་གིས་འདོད་ཆགས་སྦྱོང་། བྱ་གྲུབ་དང་མཉམ་ཉིད་གཉིས་ཀྱིས་ཕྲག་དོག་དང་ང་རྒྱལ་སྦྱོང་བའོ། །སྦྱང་བའི་ཡོན་ཏན་གྱི་འབྲུ་བཞི་ལས། ཞི་ཞི་དུག་ལྔ་ཞི་བ། མལ་མལ་བྱམས་པ་སྦྱིན་པ་ཡེ་ཤེས་ཡངས་པ་ཞི་བ་སོགས་ལྔ་རྫོགས་པའོ། །མཐའ་རྒྱན་ཡིག་འབྲུ་གཉིས་ནི་དུག་དང་ཡེ་ཤེས་དབྱེར་མེད་དུ་རྟོགས་པའོ། །ཡང་བདེན་པ་བཞི་དང་སྦྱར་ན། སྦྱང་བྱེད་ཡིག་འབྲུ་ཨ་དཀར་ཨ་རྨདཿབཞི་ལས་ཀྱི་བདེན་པ་སྟེ་བསླབ་པ་གསུམ་གྱི་དོན་འདུས། སྦྱང་བྱའི་ཡིག་འབྲུ་དུ་ཏྲི་སུཿགསུམ་སྡུག་བསྔལ་གྱི་བདེན་པ་སྟེ་ཚ་གྲང་ལ་སོགས་སྡུག་བསྔལ་བཅུ་དྲུག་འདུས། ནག་པོ་ཀུན་འབྱུང་བདེན་པ་སྟེ་ལས་དང་ཉོན་མོངས་པ་ཐམས་ཅད་འདུས། སྦྱང་ཚུལ་བསླབ་པ་གསུམ་གྱིས་ལས་དང་ཉོན་མོངས་པ་ཐམས་ཅད་སྦྱངས་པས་ཚོགས་གཉིས་རྫོགས་ནས་སྒྲིབ་གཉིས་བྱང་བའོ། །སྦྱངས་པའི་ཡོན་ཏན་གྱི་ཡིག་འབྲུ་ཞི་ཞི་མལ་མལཿབཞི་འགོག་པའི་བདེན་པ་སྟེ་སྡུག་བསྔལ་གྱི་རྒྱུན་ཆད་པའི་སྒྲའོ། །སྭཱ་ཧཱཿགཉིས་ལམ་དང་འབྲས་བུ་དབྱེར་མེད་དུ་རྟོགས་པའི་དོན་ནོ། །ཡང་དག་བྱ་དག་བྱེད་ལ་སྦྱར་ན། ཨ་དཀར་ཨ་རྨདཿདག་བྱེད་ཆུ་ལྟ་བུའི་ཡི་གེ། དུ་ཏྲི་སུ་ནག་པོཿབཞི་དག་པར་བྱ་རྒྱུའི་དྲི་མ་ལྟ་བུའི་ཡི་གེ། ཞི་ཞི་མལ་མལཿབཞི་ལས་དང་སྒྲིབ་པ་ཐམས་ཅད་དག་ཅིང་བྱང་བའི་དོན་ནོ། །སྭཱ་ཧཱཿདག་བྱ་དག་བྱེད་གཉིས་དབྱེར་མེད་དུ་རྟོགས་པའོ། །དེ་ནས་སྒོམ་རིམ་ལ། དང་པོ་འགྲོ་ལ་སྙིང་རྗེ་བསྐྱེད། །དེའི་ངང་ནས་འདི་བཞིན་མོས། །རང་ཉིད་གཤེན་རབ་བེེཌཱུའི་མདངས། །དཀྱིལ་ཀྲུང་མཉམ་བཞག་བརྒྱན་གྱིས་སྤྲས། །གསེར་གྱི་འཁོར་ལོའི་ཁྲི་ལ་བཞུགས། །སྤྱི་བོར་ས་ཏྲིག་ཨེར་སངས་དང་། །འཕྲག་གཡས་གཤེན་ལྷ་གཡོན་སངས་པོ། །རྩ་གནས་བ་སྤུའི་བུ་ག་རྣམས། །བདེར་གཤེགས་སྟོང་གིས་ཁེངས་པར་བསམ། །ཐུགས་ཀར་རིག་པའི་ངོ་བོ། །བཟླས་པའི་སྔགས་ཀྱིས་གཡས་སུ་བསྐོར། །འོད་དང་ཟེར་གྱིས་སྟོང་ཁམས་གང་། །ཀུན་གྱི་ལས་ཉོན་རབ་བཅོམས་ནས། །མཐོང་ཚད་སྐུ་དང་གྲགས་ཚད་སྔགས། །རྟོག་ཚད་རྣམ་པ་མི་རྟོག་པའི་ངང་ནས། །ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ། །ཞེས་རྒྱུན་དུ་བཟླས། །སྭཱ་ཧཱཿནི་སྟོང་རེ་མཚམས་སུ་རེ་རེ་བཟླས་པས་ཆོག་པ་གསུངས་སོ། །དེ་ལྟར་ཉིན་རེ་བཞིན་བརྒྱ་སྐོར་གསུམ་རེ་བཟླས་ན། །ལུས་ངག་ཡིད་གསུམ་གྱི་སྡིག་པ་བྱས་ཚད་དག །སྟོང་ཕྲག་རེ་བཟླས་ན་ཉིན་གཅིག་གི་སྡིག་པ་ཐམས་ཅད་དག །དེ་ལྟར་ནའང་ལུང་ལས། ཁྲི་ཚོ་གཅིག་གིས་ཉོན་མོངས་སྒྲིབ་པ་དག །འབུམ་ཕྲག་གཅིག་གིས་ཤེས་བྱའི་སྒྲིབ་པ་བྱང་། བྱེ་བ་རེ་རེས་ས་རེ་ནོན་པའོ། །ས་ཡ་དྲུག་གིས་རིགས་དྲུག་གི་སྐྱེ་སྒོ་ཆོད། དུང་ཕྱུར་གཅིག་གིས་འཁོར་བ་དོངས་སྤྲུགས་ནུས། །ཞེས་དང་། འཁོར་བ་རྒྱུན་བཅད་ཀྱི་སྒྲུབ་པ་ལས། །བརྒྱ་ཡིས་ལུས་ཀྱི་སྒྲིབ་པ་བྱང་། །སྟོང་གིས་ངག་གི་སྒྲིབ་པ་བྱང་། །ཁྲི་ཡིས་ཡིད་ཀྱི་སྒྲིབ་པ་བྱང་། །ཞེས་གསུངས། དེ་ཡང་བྱེ་བ་གཅིག་འདོན་ན་ས་དང་པོ་ཐོབ། ། བྱེ་བ་གཉིས་འདོན་ན་ས་གཉིས་པ་ཐོབ། ། བྱེ་བ་གསུམ་འདོན་ན་ས་གསུམ་པ་ཐོབ། ། བྱེ་བ་བཞི་ནས་བཅུ་བར་དུ་འདོན་ན་བཞི་ནས་བཅུ་མན་ཆད་ཐོབ། །ས་ཡ་གཅིག་གིས་ཁ་ལག་འབྲེལ་ཚད་ངན་སོང་མི་ཤོར་ཏེ་འདྲེན་ནུས། ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་དུང་ཕྱུར་གཅིག་འདོན་ན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ནས་འཁོར་བ་དོང་སྤྲུགས་བྱེད་ནུས། མཚམས་མེད་ལྔ་བྱས་པ་ཡང་ས་ཡ་རེ་བཟླས་པས་བྱང་། སྡོམ་པ་ལ་གནས་པའི་ཉིན་རེ་བཞིན་སྟོང་ཚོ་རེ་མ་ཆག་པར་བཟླས་ན། ལྟུང་བ་བྱུང་བ་གོང་དུ་འཕེལ་མི་ནུས། བྱེ་བ་གཅིག་གིས་ལྟུང་བ་རྩ་བ་ནས་བྱང་བར་འགྱུར་རོ། །གཞན་ཡང་ཨ་དཀར་རྒྱུན་དུ་བཟླས་ན་རྒྱལ་བའི་ཐུགས་རྗེས་ཟིན་པ་དང་། ལྷ་འདྲེའི་གནོད་པས་མི་ཚུགས་པ་དང་། །སྔོན་གྱི་ལས་ངན་བྱང་བ་དང་། ལས་དང་སྒྲིབ་པ་ཐམས་ཅད་དག་པ་དང་། རང་བྱུང་ཡེ་ཤེས་འབད་མེད་དུ་ཤར་བ་དང་། འཁོར་བ་སྤྱི་དང་ཁྱད་པར་ངན་སོང་གི་སྡུག་བསྔལ་ལས་གྲོལ་བ་ལ་སོགས་ཕན་ཡོན་དཔག་ཏུ་མེད་དེ། དེ་ལྟར་ནའང་ལུང་ལས། འདི་བཟླས་ཙམ་གྱི་རྒྱལ་བའི་ཐུགས་རྗེས་བཟུང་། །མི་མིན་ལྷ་སྲིན་འབྱུང་པོའི་བསྐྱེད་མི་ཚུག །སྔོན་གྱི་ལས་ནད་དག་ཀྱང་གཅོད་བྱེད་དེ། །བསྐལ་བར་བསགས་པའི་ལས་སྒྲིབ་དག་ཀྱང་འབྱོངས། །རང་བྱུང་ཡེ་ཤེས་འབད་མེད་ཤུགས་ཀྱིས་འཆར། །ངན་སོང་འཁོར་བའི་སྡུག་བསྔལ་ཡང་གཅོད་ནས། །འགྲོ་ཀུན་བདེ་ཆེན་ས་ལ་མངོན་རེག་སྟེ། །འཁོར་བ་དོང་སྤྲུགས་ཡེ་སངས་རྒྱས་པར་འགྱུར། །ཞེས་གསུངས་སོ། །དེ་བས་ཉིན་རེ་བཞིན་བརྒྱའམ་སྟོང་ངམ་ཁྲི་ལ་སོགས་གང་འགྲུབ་བཟླས་ལ་མཐར་བསྔོ་སྨོན་གྱི་རྒྱས་གདབ་བོ། །སྨྲས་པ། བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན། །བོན་སྒོ་བརྒྱད་ཁྲི་བཞི་སྟོང་ཡང་སྙིང་མཆོག །མཆོག་གྱུར་དོང་སྤྲུགས་སྙིང་པོའི་ཕན་ཡོན་དག །དག་ཁུང་དཔེ་རྒྱུད་རྣམས་ལ་བརྟེན་ནས་བྲིས། །བྲིས་འདི་འགྲོ་བ་ཀུན་ལ་ཕན་གྱུར་ཅིག ། ཅེས་པ་འདིའང་བྱང་བཏང་བླ་མ་དྲི་མེད་འོད་ཟེར་དང་མཆོག་སྤྲུལ་ཉི་མའི་མཚན་ཅན་གྱིས་བསྐུལ་ངོར་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་སྒྲུབ་སྡེ་ཆེན་པོ་གོང་རྒྱལ་བཀྲ་ཤིས་གླིང་དུ་བྲིས་པའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།