ཚོགས་ལམ་ཊི་ཀ་བཞུགས།།

ཚོགས་ལམ་ཊི་ཀ་བཞུགས།།
བསྟན་བློ།

༧ བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཚོགས་ལམ་བཞི་གསུམ་བཅུ་གཉིས་ནི། ལུས་མི་གཙང་བར་སྒོམ་པའི་དྲན་པ་ཉེ་བར་བཞག་པ། ཚོར་བ་སྡུག་བསྔལ་བ། སེམས་མི་རྟག་པ།བོན་སྟོང་པ་ཉིད། ༧ སྤང་བ་བཞི་ནི། ཉོན་མོངས་མ་སྐྱེས་པ་མི་སྐྱེད། སྐྱེས་པ་སྤང༌། གཉེན་པོ་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་དུ་སྤེལ་བ། ༧ རྫུལ་འཕྲུལ་གྱི་རྐང་པ་བཞི་ནི། ངེས་པར་སེམས་པའི་འདུན་པ། ཉེ་བར་སྒྲུབ་པའི་བརྩོན་འགྲུས། དྲན་ཤེས་ཀྱིས་ཟིན་པའི་སེམས་པ། རྣམ་པར་འབྱེད་པའི་དཔྱོད་པ། དེའང་འདུན་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་སྲེག་པ། བརྩོན་འགྲུས་སེམས་པ་དཔྱོད་པའོ།། ༧ སྦྱོར་ལམ་རིགས་བཞི་ནི། དྲོད་རྩེ་མོ་བཟོད་པ་བོན་མཆོག དེའང་དྲོད་རྩེ་ལ། དབང་པོ་ལྔ་སྟེ། དམིགས་པའི་དོན་ལ་དད་པས་ཡིད་ཆེས། བརྩོན་འགྲུས་ཀྱིས་མི་གཏོང༌། དྲན་པས་བག་དང་ལྡན། ཏིང་ངེ་འཛིན་གྱིས་གཞན་དུ་མི་འགྱུར། ཤེས་རབ་ཀྱིས་ཐེ་ཚོམ་ལས་གྲོལ་བའོ།། བཟོད་བོན་གཉིས་ལ་དེ་ལྔའི་ནུས་པ་རྫོགས་པ་ལ་སྟོབས་ལྔ་ཟེར་རོ།། ༧ སྒྲོན་དྲུག་ལས། བྱང་ཆུབ་སེམས་ནི་གཞི་ཞེས་ལ། རིག་པའི་ཡེ་ཤེས་སྙིང་པོ་བུ། བློ་ནི་ཆོ་འཕྲུལ་རྩལ་ཞེས་བྱ། ཀུན་གཞི་ནམ་མཁའ་རྒྱ་མཚོ་ས་གཞི་འདྲ་སྟེ་ཁྱབ་བརྡལ་གནས། རིག་པ་བྱ་མི་ཉ་དང་འདྲ་སྟེ་རང་སར་གནས། ཡིད་ནི་གཤོག་པ་རྟ་དང་འདྲ་སྟེ་ཀུན་ཏུ་བསྐྱོད། ལུས་ནི་རྒྱ་སྒྲོག་འདྲ་སྟེ་མི་འབྲལ་འཛིན་པར་བྱེད། ༧ གཡུང་དྲུང་ཚིགས་རྐང་བཅུ་གཉིས་པ་ལས། ངང་དང་རང་བཞིན་བདག་ཉིད་གསུམ། གཏན་ཚིགས་གསུམ་གྱིས་ཤེས་པར་བྱ། ངང་ནི་རིག་པ་ཅིར་ཡང་གསལ། རང་བཞིན་རིག་པ་ཅིར་ཡང་སྟོང༌། བདག་ཉིད་གསལ་སྟོང་གཉིས་སུ་མེད། གཉིས་སུ་མེད་པའི་གཏན་ཚིགས་ཀྱིས། ཐམས་ཅད་བྱང་ཆུབ་སེམས་སུ་ཤེས། ༧རྒྱུད་བུ་ཆུང་བཅུ་གཉིས་ལས། ཐིག་ནི་སྟོང་པའི་ཡེ་ཤེས་སོ།། ལེ་ནི་གསལ་བའི་དབྱིངས་ཉིད་དོ།། ཉག་གཅིག་ཟུང་དུ་འཇུག་པའོ།། ཞེས་དང༌། ཐིག་ནི་སྐྱེ་བ་མེད་པའོ།། ལེ་ནི་འགག་པ་མེད་པའོ།། ཉག་གཅིག་སྐྱེ་འགག་གཉིས་མེད་དོ།། ཞེས་པས་སོ།། སེམས་ཉིད་མིག་དང་འདྲ་སྟེ་གཞན་གསལ་རང་མི་གསལ། ཞེས་དང༌། ཡེ་ཤེས་ཟང་ཐལ་ནི། ཀུན་གཞི་རྩ་ཡི་ལམ་ནས་གང་གིས་བསྒྲིབ་པ་མེད་པས་གསལ་བ་ཟང་ཐལ། དངོས་པོ་དང་མཚན་མ་མེད་པས་སྟོང་པ་ཟང་ཐལ། གསལ་སྟོང་གཉིས་སུ་མེད་པས་གཉིས་མེད་ཟང་ཐལ་ཤར་པས་ཡེ་ཤེས་ཟང་ཐལ་ཞེས་སོ།། ༧ སྙན་རྒྱུད་རིག་པ་གཅེར་མཐོང་ལས། ཡེ་ཤེས་ཟང་ཐལ་གྱི་སྐུ་མིག་འབྲས་གཉིས་ཀྱི་ དཀྱིལ་ན་བཞུགས། གསལ་ལ་མཐོང་བ་མ་འགགས་པར་ཤར། མིག་གི་དཀྱིལ་ནི་ཡེ་ཤེས་གསལ་འགྲིབ་མེད་པར་བཞུགས་སོ།། ༧ རིགས་ཀྱི་བུ་སངས་རྒྱས་ཀྱི་ངོ་བོ་ལྔ་ནི། སངས་རྒྱས་ཀྱི་ངོ་བོ་བོན་སྐུ་ཡིན། བོན་སྐུའི་ངོ་བོ་རང་གི་རིག་པ་ཡིན། རིག་པའི་ངོ་བོ་མིག་ཡིན། མིག་གི་ངོ་བོ་མཐོང་ལ་མ་འགགས་པ་འདི་ཡིན། སངས་རྒྱས་ཀྱི་ངོ་བོ་ཡེ་ཤེས་ཀྱི་ལུས་ཅན་འདི་ཡིན། ༧ རང་གི་མིག་གི་དཀྱིལ་ནས། ཤེས་རིག་མ་འགགས་པར་འཆར་བ་འདི། སངས་རྒྱས་ཡིན་པར་ཤེས་ན། སངས་རྒྱས་རང་ལས་རྙེད་པ་ཡིན། ༧ མཉམ་བཞག་ལས། སྣང་སྲིད་འཁོར་འདས་བོན་རྣམས་ཀུན། ཐམས་ཅད་བྱང་ཆུབ་སེམས་སུ་རྫོགས། སེམས་ཉིད་སྟོང་པའི་ཡེ་ཤེས་ནི། རྒྱུ་ཡིས་མ་བསྐྱེད་རང་བྱུང་ཡིན། རྐྱེན་གྱིས་མ་བསླད་ཟང་ཐལ་ཡིན། བྱས་པས་མ་བཅོས་སོ་མ་ཡིན། ཡེ་ནས་གནས་པས་ལྷུག་པའོ།། ཞེས་སོ།། ༧ གསང་དོན་རྣམ་འབྱེད་ལས། དེ་ཡང་རང་བཞིན་སྐྱེད་མེད་དང༌། རོལ་པ་འགག་མེད་སྣ་ཚོགས་འཆར། རོལ་པའི་རྩལ་ལ་རྟོགས་འཁྲུལ་ཡོད། རྟོགས་པའི་སྐབས་སུ་ཡེ་ཤེས་འཆར། སྐུ་དང་ཡེ་ཤེས་རོལ་པར་རྫོགས། རྟོགས་འཁྲུལ་གཉིས་ཀ་རོལ་པར་གྲུབ། ཅེས་དང༌། གཟེར་བུ་ལས། སྣང་བ་ཐམས་ཅད་སེམས་ཀྱི་རྩལ་དང་རོལ་པར་བསྟན་པ་ནི། སྣང་ཚད་སྐུའི་རོལ་བ། གྲགས་ཚད་སྐུའི་གསུང་གི་རོལ་བ། དྲན་ཚད་ཐུགས་ཀྱི་རོལ་བ། བྱུང་ཚད་ཡོན་ཏན་གྱི་རོལ་བ། བྱས་ཚད་ཕྲིན་ལས་ཀྱི་རོལ་བ། ཞེས་པའོ།། ༧ ཡུལ་སྣང་དང་རིག་པ་ཟུང་འབྲེལ་མཚོན་པའི་དཔེ། ཆུ་ཤེལ་ཉི་མ་མར་མེ་འོད་ཀྱི་ཚུལ། ༧ ཡང་གསང་དོན་རྣམ་འབྱེད་ལས། འཁྲུལ་འཁོར་ཐོག་མཐའ་ཡོད་མེད་ནི། མི་རྟག་པ་ལ་ཐུག་མེད་ཕྱིར། འཁོར་བ་ཐོག་མ་མེད་པར་བཞེད། གཞི་ལས་སྐྱེས་ཤིང་འགག་པའི་ཕྱིར། འཁོར་བའི་ཐོག་མ་ཡོད་པར་གསུངས། ཞེས་པ་འདིའང་བསྟན་བློས་བྲིས་པའོ།། དགེའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།