བླ་ཡིད་སེམས་གསུམ་གྱི་དོན་བསྟན་པ།

བླ་ཡིད་སེམས་གསུམ་གྱི་དོན་བསྟན་པ།
ཤར་རྫ་བཀྲ་ཤིས་རྒྱལ་མཚན།

༄༅། །དེ་ལ་བླ་ཡིད་སེམས་གསུམ་ནི། ལུས་ལ་བརྟེན་བཅས་དུས་སེམས་སྙིང་ལ་བརྟེན་བཅས་ཏེ་བདག་རྐྱེན་སྒོ་ལྔར་བརྟེན་ནས་ཡུལ་ལྔ་ལ་གཅོད་ཅིང་བདག་ཏུ་འཛིན་པའི་ཤེས་པ་དང་། ཡིད་ཡུལ་བྱེ་བྲག་སོ་སོར་ཁྱད་འབྱེད་ཅིང་ནང་གི་དོན་སྣོད་ལྔ་ལ་གནས་བཅས་པའོ། །བླ་བག་ཆགས་ཀྱི་རྗེས་སུ་འབྲང་བ་སྟེ་ཀུན་གཞིའི་རྣམ་ཤེས་སོ། །འབྲལ་དུས་འདུར་རྒྱུད་ལས། བླ་ནི་གཤེད་པོ་སྲི་ཡིས་ཁྱེར། །ཡིད་ནི་ཀུན་གཞིའི་བག་ལ་ཞ། །སེམས་ནི་ནམ་མཁའི་ངང་དུ་ཡལ། །ཞེས་སོ། ། འདུར་ལུགས་ནི། བླ་གཤེད་མ་དང་ཕྱེ་བ་སྟེ། དེ་ཉིད་ལས། གཅན་གཟན་རི་དྭགས་བདས་པ་ལ། མི་དང་འཕྲད་ནས་བསྐྱུར་བ་བཞིན་བླ་ནི་གཤེད་མའི་ལག་ནས་འཕྲོག ཅེས་སོ། ། ཡིད་ཀྱི་བག་ཆགས་སློང་བའི་ཚུལ་ཡང་དེ་ལས། དཔེར་ན་སྐྱེས་བུ་གཉིད་ལོག་དག་ལ་ནི། ཆུ་ལྕགས་བརྒྱབ་བཞིན་བག་ཆགས་ཕྲད་ཀྱིས་སློང་། ཞེས་སོ། །སེམས་དམིགས་རྟེན་ལ་བསྟིམ་ཞིང་བླ་ཡིད་སེམས་གསུམ་གཅིག་ཏུ་འདྲིལ་བ་ནི་སྔ་མ་ལས། མེ་ལོང་གཟུགས་བརྙན་ཆགས་པ་བཞིན། སེམས་ནི་དམིགས་པའི་རྟེན་ལ་བསྟིམ། བླ་ཡིད་སེམས་གསུམ་གཅིག་དྲིལ་གཅེས། ཞེས་སོ། དེ་གསུམ་གཅིག་ཏུ་རྟོགས་དུས་ན་གཅིག་ཏུ་འདུས་པའི་ཚུལ་ཡང་དེ་ཉིད་ལས། བླ་ནི་ཡིད་ལ་ཐིམ། ཡིད་ནི་སེམས་ལ་ཐིམ། སེམས་ནི་ནམ་མཁའ་འདྲ་སྟེ་སྟོང་བའོ། ། ཞེས་སོ། དེ་ན་དེ་ལས། བླ་ཡིད་སེམས་གསུམ་མ་ཤེས་ན། འདྲེན་སྟོན་པ་རྣམས་འདྲེན་ཐབས་མེད། ཅེས་པ་ལྟར་གལ་ཆེ་བར་རིག་པར་བྱའོ། །

༼ལྷ་གཉེན་ཤེལ་སྒོང་༽ལས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།