སངས་རྒྱས་བོན་གྱི་འཇུག་སྒོ་ཐོག་མ་སྔོན་འགྲོའི་བསགས་སྦྱོང་གི་སྙིང་དོན་སྐོར་བཞུགས་སོ།

སངས་རྒྱས་བོན་གྱི་འཇུག་སྒོ་ཐོག་མ་སྔོན་འགྲོའི་བསགས་སྦྱོང་གི་སྙིང་དོན་སྐོར་བཞུགས་སོ།།
ཀུན་གསལ་སྙིང་པོ།

དང་པོ། གཞན་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ།
བོན་ཐམས་ཅད་ཀྱི་སྔོན་འགྲོ་དང་པོ་སེམས་བསྐྱེད་བཟང་པོ་དེ་སྔོན་དུ་འགྲོ་རྒྱུ་ཤིན་ཏུ་གལ་ཆེ་སྟེ། སྤྱིར་ ལས་བཟང་ངན་དང༌། དགེ་མི་དགེ་ཟེར་བ་དེ་ཚང་མ་སེམས་བཟང་ངན་གྱི་སྒོ་ནས་བྱུང་སྟེ། སེམས་རྒྱུ་ཀུན་སློང་བཟང་པོ་རང་སེམས་ལས་སུ་རུང་བ་ཞིག་ཡོད་ན་ལུས་ངག་གི་ལས་སྤྱོད་ཐམས་ཅད་རང་ཤུགས་སུ་དགེ་བའི་ངོ་བོར་འགྲོ་ལ། སེམས་ལས་སུ་མ་རུང་ཕྱིན་ཆད་ལས་སྤྱོད་ཐམས་ཅད་མི་དགེ་བའི་ངོ་བོར་འགྱུར་བས་ན་དགེ་སྡིག་གཉིས་དེ་བསམ་པ་བཟང་ངན་དབང་གིས་བྱུང་བར་ངེས། རང་གཞན་སེམས་ཅན་ཐམས་ཅད་སྡུག་བསྔལ་བྲལ་འདོད་དང༌། བདེ་བ་ལྡན་འདོད་ཤ་སྟག་ཡིན་མོད། དོན་ལ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་བསྒྲུབ་མ་ཤེས། སྡུག་བསྔལ་མི་འདོད་ཀྱང་དེའི་རྒྱུ་མི་དགེ་བ་ཤུགས་ལ་བསྒྲུབ་རྒྱུ་དེ་རང་སེམས་ལས་སུ་མ་རུང་བའི་རྟགས་ཡིན་ལ། སྟོན་པ་སངས་རྒྱས་ཀྱིས“རང་གི་སེམས་ནི་རང་གིས་བཏུལ།། ཉོན་མོངས་རྗེས་སུ་སེམས་མ་གཏོང༌།།”ཞེས་སྟོན་པས་བོན་གསུངས་ཚད་ཐམས་ཅད་རང་སེམས་འདུལ་ཐབས་དང་རང་རྒྱུད་ཀྱི་ཉོན་མོངས་ཞི་ཐབས་འབའ་ ཞིག་ཏུ་གསུངས་པར་བརྟེན་དུས་དང་རྣམ་པ་ཀུན་ཏུ་འགྲོ་བ་སེམས་ཅན་ལ་བསམ་བཟང་ལྷད་མེད་དང་རང་ བས་གཞན་གཅེས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་དུ་སྐྱེ་ཐབས་ལ་འབད་དགོས། སེམས་བསྐྱེད་དུས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ༌། བདེ་བ་དང་ལྡན་ཏེ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཆེད་དུ་བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ་བསམ་མོ། དེའི་ཚིག་བཤད་ནི། ཇི་ལྟར་རྒྱལ་བ་འཕགས་པ་ཇི་བཞིན་དུ།། འདི་སོགས་དུས་གསུམ་དགེ་བའི་མཐུ་དཔལ་གྱིས།། སེམས་ཅན་སངས་རྒྱས་འཐོབ་པར་བྱ་བའི་ཕྱིར།། བདག་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།། ཞེས་འབུམ་གཅིག་བརྗོད།
གཉིས་པ། ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ།
རང་གཞན་སེམས་ཅན་ཐམས་ཅད་དཀོན་མཆོག་གི་ཐུགས་རྗེའི་འོག་ཏུ་ཚུད་པར་བྱེད་པའི་ཐབས་སྐྱབས་འགྲོ་ནི་ནང་བ་སངས་རྒྱས་པའམ་ནང་བ་གཤེན་རབ་པའི་ལམ་གྱི་

འཇུག་སྒོའི་རྩ་བ་ཡིན་ལ། དེ་ཡང་སྐྱབས་སུ་འགྲོ་བའི་ཡུལ་ནི། བླ་མ་དཀོན་མཆོག་དང༌། སངས་རྒྱས་དཀོན་མཆོག བོན་དཀོན་མཆོག སེམས་དཔའ་དཀོན་མཆོག་བཅས་ལ་སྐྱབས་གནས་ཡུལ་མཆོག་གནས་བཞི་ཟེར། བླ་མ་མ་བསྣན་ན་གཞན་གསུམ་པོ་ལ་དཀོན་མཆོག་གསུམ་མམ་རིན་ཆེན་རྣམ་གསུམ་ཡང་བརྗོད། ༡、བླ་མ་དཀོན་མཆོག་ནི། མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ། འགྲོ་བའི་དེད་དཔོན། སྙིང་རྗེའི་བདག་པོ། ཐུགས་རྗེ་བྱིན་རླབས་བླ་ན་མེད་པ་སེམས་ཅན་ཡོངས་ཀྱི་མ་ལྟ་བུ་ཞིག་ལ་ཟེར། ༢、སངས་རྒྱས་དཀོན་མཆོག་ནི། རང་འཇིགས་པ་ཐམས་ཅད་དང་བྲལ་ཞིང༌། གཞན་འཇིགས་པ་ཀུན་ལས་སྐྱོབ་པའི་ཐབས་ལ་མཁས་པ། ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པ་ཀུན་ལ་འཇུག་པ། ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་མཁན་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན། མདོར་ན་དོན་གཉིས་མཐར་ཕྱིན་སྤངས་རྟོགས་མཐར་ཐུག་ཅིག་ལ་ཟེར། ༣、བོན་དཀོན་མཆོག་ནི། སངས་རྒྱས་ཀྱི་སྐུ་གཟུགས་དང༌། གསུང་རབ། སྐུ་གདུང་མཆོད་རྟེན། ཐེག་པ་སོ་སོའི་ཐར་ལམ་དང་འགོག་བདེན་སོགས་ལུས་ཅན་གྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་བའི་རྣམ་དཀར་གྱི་བོན་རྣམས་ལ་ཟེར། ༤、སེམས་དཔའ་དཀོན་མཆོག་ནི། རང་བས་གཞན་གཅེས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་ལྡན་པའི་ལམ་ཞུགས་ཀྱི་གཡུང་དྲུང་སེམས་དཔའ་རྣམས་ལ་ཟེར་ཞིང༌། དེའི་རྗེས་མཐུན་ཙམ་ནི་ཐར་ལམ་རང་རྒྱུད་ལ་མ་ཐོབ་ཀྱང་སྐྱབས་འགྲོའི་བསླབ་བྱ་ལ། སངས་རྒྱས་ལ་སྐྱབས་སུ་སོང་ན། ཕྱི་རོལ་མུ་སྟེགས་པའི་ལྷ་དང༌། འཇིག་རྟེན་པའི་ལྷ་ལ་ཕྱག་མི་བྱའོ། འོ་ན་བསྟན་སྲུང་གི་ནང་ལ་འཇིག་རྟེན་པའི་ལྷ་ཡོད་དོ་ཞེ་ན་སྐྱོན་མེད་དེ། སངས་རྒྱས་ཀྱི་བསྟན་པ་སྲུང་ཕྱིར་དང༌། འཕྲལ་རྐྱེན་ཞི་ཆེད་ལ་གནས་སྐབས་སུ་མཆོད་བསྟོད་བྱས་ཀྱང་སྐྱབས་གནས་མི་འཛིན་པས་སོ། བོན་ལ་སྐྱབས་སུ་སོང་ན་སེམས་ཅན་ཡོངས་ལ་གནོད་འཚེ་སྤང་དགོས། གཤེན་རབ་དང་བླ་མ་ལ་སྐྱབས་སུ་སོང་ན། མུ་སྟེགས་པ་དང༌། བསྒྲལ་བའི་ཞིང་བཅུ་རུ་གྱུར་པ་རྣམས་དང་མི་འགྲོགས་པའོ། སྐྱབས་སུ་འགྲོ་བའི་དུས་ནི། རང་གཞན་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་འདི་ཕྱི་བར་དོ་གསུམ་ལ་རེ་ས་དང་བལྟོས་ས་གཞན་ན་སུ་ཡང་མེད་པས་སྐྱབས་གནས་ཁྱེད་རྣམས་ཀྱིས་ཐུགས་རྗེས་བཟུང༌། ཐུགས་རྗེས་སྐྱབས། ཐུགས་རྗེས་དྲང་དུ་གསོལ་ལོ་སྙམ་པའི་ཁྱེད་ཤེས་བློ་གཏད་ཀྱི་སྒོ་ནས་སྐྱབས་འགྲོའི་ཚིགས་བཤད་འདོན། གཤེན་རབ་བླ་མ་སྐུ་གསུམ་འབྱུང་གནས་དཔལ།། དུས་གསུམ་བདེར་གཤེགས་འགྲོ་བ་ཡོངས་ཀྱི་མགོན།། སྐུ་གཟུགས་ཞལ་སྐྱིན་སྐུ་གདུང་གསུང་རབ་རྟེན།། ཕྱོགས་བཅུའི་གཤེན་རབ་ཐར་ལམ་སྟོན་པའི་སྒྲོན།། གནས་བཞིར་ཕྱག་འཚལ་འགྲོ་ཀུན་སྐྱབས་སུ་མཆིའོ། ༼འདི་ཕྱག་དང་སྦྲག་ལ་འབུམ་གཅིག་ཟློས༽ཞེས་བརྗོད་ནས་སྒོ་གསུམ་རྩེ་གཅིག་དད་པའི་སྒོ་ནས་ཕྱག་འཚལ་ཏེ་ལུས་གུས་པ་ཡན་ལག་ལྔ་ལྡན་གྱི་ཕྱག་འཚལ་བས་ལུས་ཀྱི་སྒྲིབ་པ་བྱང༌། ངག་སྙན་པ་བསྟོད་ཚིག་དབྱངས་ལྡན་གྱི་ཕྱག་འཚལ་བས་ངག་གི་སྒྲིབ་པ་བྱང༌། ཡིད་མོས་པ་དགའ་དད་སྤྲོ་གསུམ་གྱི་ཕྱག་འཚལ་བས་ཡིད་ཀྱི་སྒྲིབ་པ་བྱང་སྟེ། ལུང་ལས། “ལྷ་ཕྱག་དག་ནི་ཕར་བཙལ་བས།། སྒྲིབ་པ་དག་ནི་ཚུར་གྱིས་བཤགས།།”ཞེས་གསུངས་ལ་དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི་ཕྱི་ནང་གི་བར་ཆད་ཞི་ཞིང་ཐུགས་རྗེའི་སྐྱབས་འོག་དམ་པར་ཚུད་པའོ། ལྷག་པར་དུ་གཡུང་དྲུང་བོན་གྱི་ལུགས་ལ་ཕྱི་པ་ནང་བའི་ཁྱད་པར་གཙོ་བོར་སྐྱབས་འགྲོ་ཁྱད་པར་ཅན་ཡོད་མེད་ཀྱི་སྒོ་ནས་འཇོག་སྟེ་མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་ཏེ་ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་ཞིང་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མཁན་ནང་པ་སངས་རྒྱས་པ་དང༌། དེ་ལས་ལྡོག་པཕྱི་པ་མུ་སྟེགས་པ་ཡིན་ཏེ། ལུང་ལས། “སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས།། ཕྱི་རོལ་ནང་པའི་ཁྱད་པར་འབྱེད་པར་བྱེད།།”ཅེས་གསུངས་སོ།།
གསུམ་པ། མི་དགེའི་ལས་སྒྲིབ་བཤགས་པ།
བསམ་སྦྱོར་བཟང་ངན་གྱི་སྒོ་ནས་དགེ་སྡིག་གཉིས་སུ་བྱུང་བའི་མི་དགེ་བ་ནི་འཁོར་བའི་རྩ་བ་ཉོན་མོངས་དུག་ལྔ་དུག་གསུམ་དབང་གིས་ཚེ་རབས་ཐོག་མ་ནས་ད་བར་ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང༌། མ་བྱིན་པ་ལེན་པ། མི་གཙང་བ་སྤྱོད་པ་དང་གསུམ། ངག་གི་སྒོ་ནས་རྫུན་དང༌། ཕྲ་མ། ཚིག་རྩུབ། ངག་འཁྱལ་དང་བཞི། ཡིད་ཀྱི་སྒོ་ནས་མངན་སེམས་དང༌། གདུག་སེམས། ལོག་ལྟ་བཅས་སྒོ་གསུམ་གྱིས་བསྡུས་པའི་སྤང་བྱ་དེ་དག་ལ་སྡིག་པ་མི་དགེ་བ་བཅུ་ཟེར། དེའི་གཉེན་པོ་བླང་བྱ་དགེ་བ་བཅུ་སྒྲུབ་དགོས་ཏེ། སྲོག་གཅོད་སྤོང་བས་གསོ་བ་དགེ་བ་དང། མ་བྱིན་ལེན་པ་སྤོང་བས་མི་ལེན་པའི་དགེ་བ། མི་གཙང་ཆགས་སྤྱོད་སྤོང་བས་མ་ཆགས་པའི་དགེ་བ། རྫུན་སྤོང་བས་བདེན་སྨྲའི་དགེ་བ། མི་མཐུན་ཕྲ་མ་སྤོང་བས་མཐུན་སྨྲ་ཀུན་དགའི་དགེ་བ། ཚིག་རྩུབ་སྤོང་བས་ཚིག་འཇམ་གྱི་དགེ་བ། ངག་འཁྱལ་སྤོང་བས་ངག་ཞིའི་དགེ་བ། མངན་སེམས་སྤོང་བས་ལྷག་བསམ་གྱི་དགེ་བ། གདུག་སེམས་སྤོང་བས་བྱམས་སེམས་ཀྱི་དགེ་བ། ལོག་ལྟ་སྤོང་བས་ལས་འབྲས་བསླུ་མེད་བདེན་པའི་དགེ་བ་བཅས་ལ་བརྩོན་དགོས་སོ། དེ་ལྟ་བུའི་སྡིག་བཅུ་སྤོང་དགེ་བཅུ་བསྒྲུབ་ན་སྡིག་སྤོང་དགེ་བསྒྲུབ་དེ་ལ་ཟེར། སྡིག་པ་བཤགས་དུས་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་ཏེ་སྔར་བྱས་ཀྱི་སྡིག་ལ་གནོད་འགྱོད་དྲག་པོ་རྣམ་པར་སུན་འབྱིན་པའི་སྟོབས་དང༌། བཤགས་ཡུལ་ཁྱད་པར་ཅན་དཔོན་པོ་སྐྱབས་གནས་རྟེན་པའི་སྟོབས་དང༌། བཤགས་པའི་གཉེན་པོ་བྱང་ཆུབ་སེམས་ཀྱི་བརྩིས་ཟིན་པའི་རྣམ་དཀར་གྱི་དགེ་བ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། སླད་ཕྱིན་སྲོག་ལ་ཐུག་ཀྱང་སྡིག་པ་མི་བྱེད་པ་དམ་བཅའ་བརྟན་པོའི་སྟོབས་དང་བཞི་ཡི་སྒོ་ནས་བཤགས་དགོས་ཏེ། ལུང་ལས།“ཉམས་པའི་རྩ་ལྟུང་སྟོབས་བཞིས་ཚངས་པར་བཤགས།། ཉེས་བྱས་དག་ན་སངས་རྒྱས་དགོངས་པ་འཆར།།”ཞེས་གསུངས་པས་སོ། བཤགས་པའི་ཐབས་ལ་ཕྱི་འདུལ་འཛིན་པ་རྣམས་ལ་གསོ་སྦྱོང་དེ་འདུལ་ཁྲིམས་ཀྱི་ག་དར་བཤགས་བྱེད་གཙོ་བོ་ཡིན་པས་དེ་ཉིད་གཙོར་ཆེ་ལ། ནང་གསང་སྔགས་ཀྱི་ལུགས་ལ་རྩ་ལག་གི་དམ་ཚིག་ཉམས་ན་བཤགས་ཐབས་ཟབ་མོ་ཚོགས་འཁོར་བསྐོར་རྒྱུ་གནད་ཆེ། ལྷག་ཏུ་དེང་སྐབས་ གསང་སྔགས་དར་ལ་མ་སྨིན་པའི་དུས་འདིར་སྐྱ་སེར་ཕལ་ཆེར་དབང་སྒོར་ཞུགས་ཏེ་ཁས་ལེན་དམ་བཅའ་མང་ལ། དམ་ཚིག་སྲུང་མཁན་ཉུང་བས་ཚོགས་འཁོར་གཏོང་རྒྱུ་ཤིན་ཏུ་གནད་ཆེ་སྟེ། གསང་འདིས་དོན་རྒྱུད་ལས། བཤགས་རྟེན་ཟབ་མོ་ཚོགས་ཀྱི་འཁོར་ལོ་བཏེགས་ཞེས་གསུངས་སོ། འགྲོ་བ་ཐུན་མོང་ལ་བཤགས་ཐབས་འཇུག་བདེ་ཕན་ཆེ་འོག་གི་སྒྲིབ་སྦྱོང་སྐོར་བཞི་དང༌། བཤགས་པའི་ཚིག་བཤད་འདི་དག་ཡིན།
བཞི་བ། བོན་སྤྱོད་སྒྲིབ་སྦྱོང་སྐོར་བཞི།
ས་ལེ་འོད་དང༌། མ་ཏྲི། དུ་ཏྲི་སུ་གསུམ་ལ་སྙིང་བོ་རྣམ་གསུམ་ཟེར་ཞིང་དེའི་སྟེང་ཡིག་བརྒྱ་བསྣན་པས་སྒྲིབ་སྦྱོང་སྐོར་བཞི་ཟེར་བས་ཡོན་ཏན་གྱི་ཆ་ནས་ས་ལེ་འོད་ལ་གསལ་བ་དགུ་འཛབ་དང༌། མ་ཏྲི་ལ་བཟླས་ཆོག་རིན་ཆེན་སྒྲོན་མ། དུ་ཏྲི་སུ་ལ་ངན་སོང་དོང་སྤྲུག་གི་སྙིང་བོ། ཡིག་བརྒྱ་ལ་བཤགས་པའི་རྒྱལ་བོ་ཞེས་ཀྱང་བརྗོད། སྙིང་བོ་རྣམ་གསུམ་དེ་གཞི་ལམ་འབྲས་གསུམ་གྱི་དབང་དུ་བྱས་ན། ཐོབ་བྱ་འབྲས་བུའི་སྒོ་ནས་སྐུ་གསུམ་གྱི་སྙིང་བོ་དང༌། ཐོབ་བྱེད་ལམ་གྱི་སྒོ་ནས་མདོ་སྔགས་སེམས་གསུམ་གྱི་ཡང་སྙིང༌། སྦྱང་བྱ་གཞི་ཡི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱོང་བྱེད་དུ་བསྔགས་པའོ། སྤྱིར་བོན་སྒོ་རྒྱས་པ་བློ་ཡིས་མ་ལྕོགས་ཚེ་སྟོན་པས་འགྲོ་བ་ཐུན་མོང་གི་འཇུག་སྒོར་བོན་སྒོ་ཚང་མའི་འདུས་དོན་ཕན་ཆེ་འཇུག་བདེ་རུ་དགོངས་ནས་གསུངས་ཏེ། འདི་དག་བོན་ ཐམས་ཅད་ཀྱི་སྙིང་བོ་ལུས་ལ་བཏགས་ན་བཏགས་ཆོག་དང༌། ངག་ཏུ་བཟླས་ན་བཟླས་ཆོག ཡིད་ལ་དྲན་ན་དྲན་ཆོག སྒྲ་ཙམ་ཐོས་ན་ཐོས་ཆོག བཀའ་རྣམས་འདུས་པའི་ཡང་སྙིང༌། བོན་རྣམས་ཀུན་གྱི་ཡང་བཅུད་ཡིན་ཞེས་ལུང་ལས་གསལ་བར་བཤད་ལ། རྒྱུན་དུ་མ་བརྗེད་ཡི་དམ་བྱས་ཏེ་བཟླས་ན། ཕྱི་ནང་གི་བར་ཆད་ཞི་ཞིང་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར་ཏེ། སྙིང་བོ་བརྒྱ་ཡིས་ལུས་ཀྱི་སྒྲིབ་པ་བྱང་བ་དང༌། སྟོང་གིས་ངག་གི་སྒྲིབ་པ་བྱང༌། ཁྲི་ཡིས་ཡིད་ཀྱི་སྒྲིབ་པ་བྱང༌། འབུམ་གྱིས་ཉོན་མོངས་སྒྲིབ་པ་བྱང༌། ས་ཡས་ས་རེ་ནོན་ཏེ་ཤེས་སྒྲིབ་བྱང༌། བྱེ་བས་བདག་གཞན་དོན་

གཉིས་འགྲུབ། དུང་ཕྱིར་གཅིག་གིས་འཁོར་བ་དོང་སྤྲུག་ནུས། ཞེས་ཀུན་བཟང་བླ་མེད་སོགས་ལས་གསུངས་སོ། ལྷག་ཏུ་འདི་དག་གི་ཕན་ཡོན་ལུང་རྒྱུན་མཆོག་ལས། “འཇིག་རྟེན་ཞིང་ཀུན་རིན་ཆེན་གསེར་ཕྱེས་བཀང༌།། དེ་དག་བདེ་བཤགས་ཀུན་ལ་མཆོད་པ་བས།། འདི་དག་ལན་གཅིག་ བཟླས་པའི་ཕན་ཡོན་ཆེ།།”ཞེས་དང༌། “འདི་དང་ཕྱི་མའི་དོན་ཀུན་འགྲུབ་འགྱུར་ཏེ།། བརྒྱད་ཁྲི་བཞི་སྟོང་བོན་ཀུན་ཀློག་དང་མཉམ།།”ཞེས་སོ། མདོ་དྲི་མེད་ལས་ཀྱང༌། འཇིག་རྟེན་བྱེ་མའི་རྡུལ་གྲངས་ཀྱང༌།། དེ་བཞིན་བཤགས་པས་བགྲང་བར་ནུས།། འདི་དག་ཚར་གཅིག་བརྗོད་ན་ཡང༌།། དེ་ཡི་ཡོན་ཏན་བརྗོད་མི་ལོང༌།། ཞེས་གསུངས་སོ། སྙིང་བོ་རྣམ་གསུམ་འདོན་དུས། མིག་གིས་གཟུགས་མཐོང་ཚད་ཐམས་ཅད་བདེ་བར་བཤགས་པའི་སྐུ། རྣ་བས་གོ་ཚད་ཐམས་ཅད་སྙིང་བོ་རྣམ་གསུམ་གྱི་སྒྲ། སེམས་ལ་དྲན་ཚད་ཐམས་ཅད་སྐུ་གསུམ་གྱི་དགོངས་པར་བསམ།། ས་ལེ་འོད་ཀྱི་གོ་དོན་སྐོར། ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་ས་ལེ་འོད་ཨ་ཡང་ཨཱོྃ་འདུ། ཞེས་བརྒྱ་སྟོང་ཁྲི་འབུམ་གང་འགྲུབ་བཟླས་ལ། འཛབ་བསྟོད་ནི། ཨ་ཀུན་བཟང་ཐུགས་ལས་སྤྲུལ་བའི་ཡི་གེ་ནི།། ཨཱ་རིང་ངོ་བོ་གཡོ་བ་མེད། ཨ་ཐུང་རང་བཞིན་སྐྱེ་བ་མེད། དཀར་བ་བག་ཆགས་སྐྱོན་དང་བྲལ།། ས་ལེ་མཚན་མ་རྩེ་གཉིས་མེད།། འོད་ནི་རྣམ་རྟོག་སེམས་སུ་གྲོལ།། ཨ་ནི་རྣམ་གྲོལ་སྡུད་པའི་ཡུལ།། ཡང་ནི་ཡེ་ཤེས་བསྐྱེད་པའི་རླུང༌།། ཨཱོྃ་ནི་སྐུ་ལྔ་ཡེ་ཤེས་ལྔ། འདུ་ནི་སེམས་ཉིད་ཐིག་ལེ་གཅིག། སྙིང་བོ་ཨ་དཀར་གསལ་བའི་འཛབ་མཆོད་འདི།། འོད་དཀར་གནས་འཛིན་སྐུ་ལ་མཆོད་པ་འབུལ།། ཁྱེད་ཀྱི་ངང་ཚུལ་གཤེན་ལ་གནས་ནས་ཀྱང༌།། རང་རིག་ཡེ་ཤེས་ཁོང་ནས་འཆར་བའི་དངོས་གྲུབ་སྩོལ།། ཨ་ཨཱོྃ་ཧཱུྃ ། ཨཱ་ཨ་དཀར་ས་ལེ་འོད་ཨ་ཡང་ཨཱོྃ་འདུ། ཞེས་བརྗོད་སྙིང་བོའི་འབྲུ་དོན་ནི་ཨ་ཨཱོྃ་ཧཱུྃ་གསུམ་ནི་སྐུ་གསུམ་དང༌། སྐུ་གསུང་ཐུགས་སོགས་ཀྱི་སྙིང་བོ་ཡིན་པས་སྐབས་དོན་འགྲེལ་ཚུལ་ཅི་རིགས་ཡོད་ལ། འདིར་ཨ་བོན་སྐུའི་སྙིང་བོ་དང༌། ཨཱོྃ་རྫོགས་སྐུའི་སྙིང་བོ། ཧཱུྃ་སྤྲུལ་སྐུའི་སྙིང་བོ་ཡིན་ཏེ་རྒྱལ་བ་སྐུ་གསུམ་གྱི་ དགོངས་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་སྙིང་བོ་ཡིན་པས་སྔགས་ཀྱི་དབུ་འདྲེན་དུ་བྱུང་བས་བྱིན་རླབས་ཆེ། ཨཱ་རིང་ནི་ངོ་བོ་གཡོ་མེད་གནས་ལུགས་གཞིའི་སྙིང་བོ་དང༌། ཨ་ཐུང་ནི་རང་བཞིན་སྐྱེ་མེད་གཞིའི་རྩལ་ལས་ཇི་ལྟར་ཤར་ཡང་དབྱིངས་ལས་མི་འདའ་བའི་སྙིང་བོ། དཀར་ནི་དབྱིངས་ཀ་དག་དྲི་བྲལ་དང༌། ཡེ་ཤེས་བག་ཆགས་སྐྱོན་བྲལ་ཏེ་དབྱིངས་ཤེས་དབྱེར་མེད་ཀྱི་སྙིང་བོ། ས་ལེ་ནི་ཤེས་རབ་ཁྱད་པར་ཅན་ལ་མཚན་མ་གཉིས་འཛིན་བྲལ་བའི་སྙིང་བོ། འོད་ནི་རྣམ་རྟོག་གི་དྲི་མ་ཐམས་ཅད་མི་རྟོག་པའི་ཡེ་

ཤེས་ཀྱི་ངང་དུ་རང་སར་གྲོལ་བའི་སྙིང་བོ། ཨ་ནི་སྡུད་ཡུལ་དབྱིངས་ཀྱི་ངོ་བོ་སྟེ་མཐའ་བྲལ་སྟོང་ཉིད་ཀྱི་སྙིང་བོ། ཡང་ནི་སྡུད་བྱེད་ཡེ་ཤེས་ཀྱི་རླུང་སྟེ་རྟོགས་པ་མཐར་ཐུག་གི་སྙིང་བོ། ཨཱོྃ་ནི་སྤངས་པ་ཕུན་ཚོགས་ཀྱི་སྐུ་ལྔ་དང་རྟོགས་པ་ཕུན་ཚོགས་ཡེ་ཤེས་ལྔའི་སྙིང་བོ། འདུ་ནི་བོན་ཐམས་ཅད་ཀྱི་འདུས་སོ་གནས་ལུགས་ཐིག་ལེ་ཉག་གཅིག་གི་དོན། ས་ལེ་འོད་འདི་ལ་ཡི་གེ་བཅུ་ཡོད་ཀྱང་ས་ལེ་གཉིས་ཚིག་ཅིག་ཏུ་འདུ་བས་གསལ་བ་དགུ་འཛབ་ཅེས་བརྗོད་ལ་དེ་དག་གཞི་ལམ་ འབྲས་གསུམ་དུ་བསྡུ་ན། ཨཱ་ཨ་ཨཱོྃ་གསུམ་ནི་གནས་ལུགས་ཀྱི་དོན་སྟོན་པས་གནས་པ་གཞིའི་ཡི་གེ་གསུམ། དཀར་ས་ལེ་འོད་གསུམ་ནི་རྟོགས་པའི་ཉམས་ལེན་སྟོན་པས་རྟོགས་པ་ལམ་གྱི་ཡི་གེ་གསུམ། ཡང་ཨཱོྃ་འདུ་གསུམ་ནི་མཐར་ཕྱིན་དོན་གྱི་ངོ་བོ་སྟོན་པས་མཐར་ཕྱིན་འབྲས་བུའི་ཡི་གེ་གསུམ་བཅས་དགུའོ། མ་ཏྲིའི་གོ་དོན་སྐོར། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཞེས་བརྒྱ་སྟོང་ཁྲི་འབུམ་གང་འགྲུབ་བཟླས་ལ་འཛབ་བསྟོད་ནི། ཨཱོྃ་ནི་རྒྱལ་བ་ཡབ་ཀྱི་མཁའ།། མ་ནི་བ་ག་ཡུམ་གྱི་ཀློང༌།། ཏྲི་ནི་མུ་ཆོ་ལྡེམ་དྲུག་སྐུ།། ཚ་གྲང་དམྱལ་བའི་སྡུག་བསྔལ་སྐྱོབ།། མི་ནི་གསང་བ་ངང་རིང་སྐུ།། བཀྲེས་སྐོམ་ཡི་དྭགས་དབུལ་འཕོངས་སེལ།། ཡེ་ནི་ཏི་སངས་རང་ཞིའི་སྐུ།། བྱོལ་སོང་གླེན་ལྐུགས་མུན་པ་འཇོམས།། ས་ནི་གྲ་བྱིན་དོན་སྤུངས་རྗེ།། བྲེལ་ཕོངས་མི་ཡི་འདོད་པ་སྐོང༌།། ལེ་ནི་ལྕེ་རྒྱལ་པར་ཏིའི་སྐུ།། འཐབ་རྩོད་ལྷ་མིན་བཙོན་ར་བཤིག། འདུ་ནི་ཡེ་གཤེན་གཙུག་ཕུད་སྐུ། ལེ་ལོ་ཕམ་ལྟུང་བརྩོན་འགྲུས་བསྐྱེད།། འོད་ཟེར་ཕར་འཕྲོས་ཚུར་འདུས་པས།། བདག་དང་གཞན་གྱི་སྒྲིབ་པ་སྦྱངས།། འོད་ཀྱི་ཉག་ཐག་ལུ་གུ་རྒྱུད།། བདེར་བཤེགས་གཙོ་འཁོར་རྣམས་ལ་འབུལ།། བྱིན་གྱིས་རློབས་ལ་བཞེས་སུ་གསོལ།། རིགས་དྲུག་འཁོར་བའི་གནས་སྟོངས་ནས།། ཐར་བ་མངོན་སངས་རྒྱས་པར་ཤོག། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། སྙིང་བོའི་འབྲུ་དོན། ཨཱོྃ་ནི་ཐབས་ཀྱི་ཆ་ནས་རྒྱལ་བ་སྟོན་པའི་ས་བོན་སྐུ་ལྔ་ཡེ་ཤེས་ལྔའི་དོན་ཚང་སྟེ། ཨ་ནི་བོན་སྐུ་དང་སྟོང་ཉིད་ཡེ་ཤེས། ན་རོ་ལོངས་སྐུ་དང་མེ་ལོང་ཡེ་ཤེས། ཟླ་ཚེས་སྤྲུལ་སྐུ་དང་སོར་རྟོགས་ཡེ་ཤེས། མ་ཐིག་ངོ་བོ་ཉིད་སྐུ་དང་མཉམ་ཉིད་ཡེ་ཤེས། འ་ཆུང་མངོན་པར་བྱང་ཆུབ་ཀྱི་སྐུ་དང་བྱ་གྲུབ་ཡེ་ཤེས་སོ། མ་ནི་ཤེས་རབ་ཀྱི་ཆ་ནས་ཡུམ་ཆེན་ཐུགས་རྗེ་བྱམས་མའི་ས་བོན། ཏྲི་ནི་དམྱལ་བའི་ཐུབ་པ་མི་ཆོ་ལྡེམ་དྲུག་གི་ས་བོན་དང༌། མུ་ནི་ཡི་དྭགས་ཀྱི་ཐུབ་པ་གསང་བ་ངང་རིང༌། ཡེ་ནི་བྱོལ་སོང་གི་ཐུབ་པ་ཏི་སངས་རང་ཞི། ས་ནི་མིའི་ཐུབ་པ་གྲ་བྱིན་དོན་སྤུངས། ལེ་ནི་ལྷ་མིན་གྱི་ཐུབ་པ་ལྕེ་རྒྱལ་པར་ཏི། འདུ་ནི་ལྷའི་ཐུབ་པ་ཡེ་གཤེན་

གཙུག་ཕུད་ཀྱི་ས་བོན་ཏེ་མ་ཏྲི་འདི་ལས་ས་ལེ་གཉིས་སོ་སོར་བགྲངས་པས་ཡི་གེ་བརྒྱད་པ་ཟེར་ལ། དེ་ཡང་ཡིག་འབྲུ་སྔ་མ་གཉིས་ནི་ཐབས་ཤེས་ཀྱི་ཆ་ནས་རྒྱལ་བ་ཡབ་ཡུམ་གཉིས་ཀྱི་ས་བོན་དང་ཕྱི་མ་དྲུག་ནི་རིགས་དྲུག་འདུལ་བའི་འདུལ་གཤེན་དྲུག་གམ་ཐུབ་པ་རྣམ་དྲུག་གི་ས་བོན་ཡིན་ནོ།། དུ་ཏྲི་སུའི་གོ་དོན་སྐོར། འཁོར་བའི་སེམས་ཅན་ཐམས་ཅད་ཐུགས་རྗེས་ཐར་བར་འདྲེན་པའི་དཔལ། གཤེན་རབ་སྟོན་པའི་མཆོག་ལ་གསོལ་བ་འདེབས། ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྭཱ་ཧཱ། ཞེས་བརྒྱ་སྟོང་ཁྲི་འབུམ་གང་འགྲུབ་ལ་འཛབ་བསྟོད་ནི། ཨ་དཀར་སེམས་ཉིད་རྣམ་པར་དག ། ཨ་རྨད་ཡེ་ཤེས་འོད་དུ་གསལ།། དུ་ཏྲི་སུ་ཡིས་ངན་སོང་སྦྱངས།། ནག་པོ་ལས་ཀྱི་སྡིག་སྒྲིབ་དག ། ཞི་ཞི་འཁོར་བའི་སྡུག་བསྔལ་ཞི།། མལ་མལ་བདེ་བའི་སེམས་དང་ལྡན།། སྭཱ་ཧཱ་ལོག་རྟོག་རུ་ཏྲ་འཇོམས།། སྡུག་བསྔལ་ཞི་བྱེད་སྙིང་བོ་འདིས།། འཁོར་བའི་སྡུག་བསྔལ་དོང་སྤྲུགས་ནས།། འགྲོ་རྣམས་བོན་ཉིད་དབྱིངས་སུ་སངས་རྒྱས་ཤོག། སྙིང་བོའི་འབྲུ་དོན་འདི་ལ་འགྲེལ་ཚུལ་མང་ཡང་འདིར་གཙོ་བོ་སྒྲིབ་སྦྱོང་གི་དབང་དུ་བྱས་ན་ཨ་དཀར་ཨ་རྨད་བཞི་ནི་སྦྱོང་བྱེད་བདེ་གཤེགས་གཙོ་བཞིའི་ས་བོན་ཏེ་ཨ་ནི་དབྱིངས་ཀྱི་ཡུམ་ཆེན་ས་ཏྲིག་ཨེར་སངས་ཀྱི་སྙིང་བོ། དཀར་ནི་ཡེ་ཤེས་ཀྱི་ལྷ་གཤེན་ལྷ་འོད་དཀར་ཀྱི་སྙིང་བོ། ཨ་ནི་ཐབས་ཀྱི་མཆོག་གྱུར་སངས་པོ་འབུམ་ཁྲིའི་སྙིང་བོ། རྨད་ནི་ཤེས་རབ་ཀྱི་ཕུལ་སྟོན་པ་གཤེན་རབ་ཀྱི་སྙིང་བོ། དུ་ཏྲི་སུ་དང་ནག་པོ་བཅས་ནི་སྦྱང་བྱ་རིགས་དྲུག་གི་ས་བོན་ཏེ། དུ་ནི་དམྱལ་བ་སྡེ་བཞིའི་ས་བོན། ཏྲི་ནི་ཡི་དྭགས་སྡེ་གསུམ་གྱི་ས་བོན། སུ་ནི་བྱོལ་སོང་སྡེ་གསུམ་གྱི་ས་བོན། ནག་པོ་ནི་མཐོ་ རིས་སྡེ་གསུམ་གྱི་ས་བོན་ཏེ། ན་ནི་མི་རིགས་བཅུ་གཉིས་ཀྱི་སྙིང་བོ། ག་ནི་ལྷ་མིན་གཡེན་ཁམས་སོ་གསུམ་གྱི་སྙིང་བོ། པོ་ནི་ལྷ་རིགས་ཉེར་བདུན་གྱི་སྙིང་བོའོ། སྦྱོང་ཚུལ་ནི་བདེར་གཤེགས་གཙོ་བཞིའི་ཐབས་དང་ཐུགས་རྗེ་ལ་བརྟེན་ནས་འགྲོ་འདུལ་ཐུབ་པ་འདུལ་གཤེན་དྲུག་གི་འཕྲིན་ལས་ཀྱིས་རིགས་དྲུག་གི་བག་ཆགས་སྡིག་སྒྲིབ་ས་བོན་དང་བཅས་པ་སྦྱོང་བའོ། ཞི་ཞི་མལ་མལ་བཞི་ནི་སྦྱོང་བའི་ཡོན་ཏན་གྱི་ཡིག་འབྲུ་བཞི་སྟེ་ཞི་ཞི་ནི་འཁོར་བའི་སྡུག་བསྔལ་ཞི་བྱེད་དང་འདུལ་གཤེན་དྲུག་གི་ས་བོན། མལ་མལ་ནི་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལྡན་བྱེད་དང་ཡེ་གཤེན་བཅུ་གསུམ་གྱི་ས་བོན་ནོ། སྭཱ་ཧཱ་ནི་ནད་གདོན་བར་ཆད་དང༌། དགྲ་བགེགས་ལོག་རྟོག་འཇོམས་པའི་སྙིང་བོ་སྟེ་དག་བྱ་དག་བྱེད་དབྱེར་མེད་ཀྱི་ཡི་གེ་མཐར་རྒྱན་དུ་བཞག་པའོ།། ཡིག་བརྒྱའི་གོ་དོན་སྐོར། བསྭོ་མུ་ཡེ་སྤྲོས་ཁྱུང་ཡེ་ལམ་ཀྲི་ཁྲི་ཏར་ཏར་གསལ་འབར་འོད་དཔག་རམ་སྭ་ཧཱ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུཾ་ཧྲུན། དམུ་ཏྲེ་དམུ་ཏྲེ་དམུ་ར་དམུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུད་ལ་ཝེར་རོ་ན་ཧུ་ཏ་ཀ། ཤུདྡྷོ་ཤུདྡྷོ་དུ་ཤུདྡྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན་ཁྲི་རྩེ་དྲུང་མུ། ཧ་ཧ་བྲུཾ་བྲུཾ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཊཿཕཊཿཞེས་བརྒྱ་སྟོང་ཁྲི་འབུམ་གང་འགྲུབ་བགྲངས་ལ་སྔགས་ཀྱི་འབྲུ་དོན་ནི། བསྭོ་ནི་སྔགས་ཀྱི་མགོ་འདྲེན་སྐུ་གསུམ་དང་སྐུ་གསུང་ཐུགས་ཀྱི་སྙིང་བོ་ཡིན་ཏེ། བ་ནི་བོན་སྐུ་ཐུགས་ཀྱི་སྙིང་བོ། ས་ནི་རྫོགས་སྐུ་སྐུའི་སྙིང་བོ། ན་རོ་སྤྲུལ་སྐུ་གསུང་གི་སྙིང་པོའོ།། དམུ་ར་ཏ་ཧན་ནི་ཕྱོགས་བཅུའི་གཤེན་ཀྱི་སྙིང་བོ། ཝེར་ནི་བྲུཾ་ཧྲུན་རྒྱལ་བ་གཞལ་ཡས་སུ་བཞུགས་པ་སྟེ་རྟེན་དང་བརྟེན་པའི་སྙིང་བོ། དམུ་ཏྲེ་དམུ་ཏྲེ་ནི་སྣང་བཅས་དང་སྣང་མེད་ཀྱི་བོན་སྐུ་རྣམ་གཉིས་དོན། དམུ་ར་དམུ་ཏྲེ་ནི་དབྱིངས་ཤེས་ཀྱི་བོན་སྐུ། མུ་ཡེ་མུ་ཡེ་ནི་ཞི་བ་དང་ཁྲོ་བོ་སྟེ་ལོངས་སྐུ་རྣམ་གཉིས་ཀྱི་དོན། ཝེར་རོ་མུ་སྤྲོས་ནི་རྒྱལ་བ་སྤྲུལ་སྐུའི་སྙིང་བོ། མུ་ནི་གྱེར་ཏོ་ནི་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས། ཡེ་ཁྱབ་ཁར་རོ་ནི་འདུལ་ཞིང་ལ་འོད་ཟེར་འགྱེད་པའི་དོན། སྤྲོས་བདལ་ཧྲི་ཧྲོ་ནི་གདུལ་བྱར་རིག་ཤེས་བསྐྱེད་པའི་དོན། ཝེར་ནི་ཝེར་རོ་ནི་རྒོལ་ངན་བདུད་ལས་རྣམ་པར་རྒྱལ་བའི་དོན། ཤུད་ལ་ཝེར་རོ་ནི་བགེགས་ལས་རྣམ་པར་རྒྱལ་བའི་དོན། ན་ཧུ་ཏ་ཀ་ནི་སྡིག་པ་ཐམས་ཅད་སྦྱང་བྱའི་སྙིང་བོ། ཤུདྡྷོ་ཤུདྡྷོ་ནི་དག་པ་དག་པ་སྟེ་སྦྱོང་བྱེད་ཀྱི་སྙིང་བོ། དུ་ཤུདྡྷོ་ཡ་ནི་ཞེ་སྡང་དག་པར་གྱིས། ས་ལེ་ས་ལེ་ནི་ཡེ་ཤེས་གསལ་བ། ཏྲི་ས་ལེ་ཡ་ནི་འདོད་ཆགས་ཡེ་ཤེས་སུ་གསལ་བར་གྱིས། སང་ངེ་སང་ངེ་ནི་ཚངས་པར་མཛོད་ཚངས་པར་མཛོད། སུ་སང་ངེ་ཡ་ནི་གཏི་མུག་ཚངས་ཤིང་དག་པར་གྱིས། དམུ་ར་ཏ་ཧན་ནི་རྫོགས་པའི་སངས་རྒྱས་དང་གཤེན་རབ་མི་བོའི་སྙིང་བོ། ཁྲི་རྩེ་དྲུང་མུ་ནི། འབྲས་བུ་གཡུང་དྲུང་གི་དོན། ཧ་ཧ་ནི་ཐབས་དང་ཤེས་རབ། བྲུཾ་བྲུཾ་ནི་ཞིང་ཁམས་དང་གཞལ་ཡས་ཀྱི་དོན། ཧོ་ཧོ་ནི་སྐུ་བསྐྱེད་ཀྱི་སྙིང་བོ། ལམ་ལམ་ནི་འགྲོ་དོན་ཕྱོགས་མེད་ཀྱི་དོན།ཧཱུཾ་ཧཱུཾ་ནི་ཐུགས་རྗེ་ཆེན་པོའི་དོན། ཕཊ་ཕཊ་ནི་ཐུགས་རྗེ་དྲག་སྐུལ་གྱི་དོན་ཡིན་ནོ། དེས་ན་ཡིག་བརྒྱ་འདི་ཕྱི་སོ་ཐར་གྱི་སྡོམ་པ་འགལ་བ་དང༌། ནང་བྱང་སེམས་ཀྱི་བསླབ་པ་འགལ་བ། གསང་བ་སྔགས་ཀྱི་དམ་ཚིག་ཉམས་པ་ལ་སོགས་སྡིག་པ་མི་དགེའི་ལས་ཐམས་ཅད་དག་བྱེད་བཤགས་པའི་རྒྱལ་བོ་ཡིག་བརྒྱ་ཕན་ཡོན་ཆེ་བ། སྟོན་པ་སངས་

རྒྱས་ཀྱི་ཞལ་ནས། “དཔེར་ན་ལོ་བརྒྱ་རྩ་གཅིག་གི་ཆར་བའི་འབབ་གྲངས་ནི་བགྲང་བར་མི་ནུས་ལ་ཡི་གེ་བརྒྱ་རྩ་གཅིག་པ་འདིའི་ཕན་ཡོན་བགྲང་བར་དཀའ།”ཞེས་གསུངས་སོ། མདོར་ན་སྦྱང་བྱ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཀྱི་གཉེན་པོ་སྦྱོང་བྱེད་དགེ་བ་ཁྱད་པར་ཅན་སྒྲིབ་སྦྱོང་སྐོར་བཞི་སྟེ་སྙིང་བོ་རྣམ་གསུམ་དང་ཡིག་བརྒྱ་འདི་བཞི་འགྲོ་བ་ཐུན་མོང་གི་འཇུག་སྒོའི་བོན་སྤྱོད་ཤིན་ཏུ་བསྔགས་པ་ཞིག་ཡིན་ནོ། དེ་བཞིའི་གོ་དོན་ནི་རྒྱུ་སྡིག་ལྟུང་སྦྱོང་བར་བྱེད་པ་ཡི་གེ་བརྒྱ་བ། རྒྱུ་འབྲས་གཉིས་ཀའི་སྡིག་ལྟུང་སྦྱོང་བར་བྱེད་པ་འཁོར་བ་དོང་སྤྲུགས། སྒྲིབ་སྦྱོང་ཐར་ལམ་འདྲེན་པ་མུན་སེལ་སྒྲོན་མ། བྱིན་རླབས་ལམ་དུ་བྱེད་པ་གསལ་བ་དགུ་འཛབ་དང་བཞིའོ།། ལྔ་བ། དགེ་སྡིག་གི་འགྱུར་རྩིས་སྐོར། ཐུན་མོང་གི་འགྱུར་ལ། ལོ་ཡི་ནང་ནས་ལོ་རྒྱལ་ཤིང་བྱི་དང༌། ཟླ་བའི་ནང་ནས་ཟླ་བ་དང་པོ་དང༌། བཞི་བ། དྲུག་པ་སོགས་ཆོ་འཕྲུལ་གྱི་ཟླ་བ་རྣམས་དང༌། ཚེས་ཀྱི་ནང་ནས་ཟླ་བ་སོ་སོའི་ཚེས་གཅིག་དང༌། བཅུ་བཞི། བཅུ་དྲུག ཉེར་དགུ་སོགས་ལ་དགེ་སྡིག་ཅི་བྱས་ཁྲི་འགྱུར་དང༌། ཚེས་བརྒྱད་དང་བཅོ་ལྔ། ཉི་ཤུ་གཉིས། གནམ་སྟོང་བཅས་ལ་འབུམ་འགྱུར་དུ་འགྲོ་བ་དྲང་དོན་ལས་གསུངས་སོ། ཁྱད་པར་གྱི་འགྱུར་ལ། ཟླ་བ་དང་པོའི་ཚེས་བཅོ་ལྔར་སྟོན་པ་སངས་རྒྱས་ཀྱི་འཁྲུངས་དུས་དང༌། ཟླ་བ་དང་པོའི་ཚེས་ལྔ་ལ་རྒྱལ་བ་མཉམ་མེད་པའི་འཁྲུངས་མཆོད། ཟླ་བ་བཅུ་བའི་གནམ་སྟོང་སྟོན་པ་སངས་རྒྱས་མྱ་ངན་འདུས་སོགས་ལ་དགེ་སྡིག་ཅི་བྱས་འབུམ་འགྱུར་དང༌། ཟླ་འཛིན་ལ་བྱེ་བ་བདུན་འགྱུར། ཉི་འཛིན་ལ་བྱེ་བ་འབུམ་འགྱུར། གཞན་ཡང་བླ་མ་སྐྱེས་མཆོག་དམ་པ་འཁྲུངས་འདས་ཀྱི་དུས་དང༌། དགེ་བའི་བཤེས་གཉེན་ཆེན་པོའི་མཚན་བཏགས་བཞེངས་པའི་དུས་ཆེན་བཅས་ལ་ཚོགས་བསགས་མཆོད་འབུལ་དགེ་བ་གང་བྱས་ཁྲི་འགྱུར་དུ་འགྲོ་བ། གསང་སྔགས་རྫོགས་ཕྲེང་ལས། “མཆོག་གི་བླ་མ་དགེ་བཤེས་ཀྱི།། དུས་ཆེན་རྣམས་ལ་ཁྲི་འགྱུར་དང༌།། ཁྱད་པར་འགྱུར་ཞེས་སངས་རྒྱས་ཀྱི།། དུས་ཆེན་བཞི་ལ་འབུམ་འགྱུར་དང༌།། ཟླ་འཛིན་བྱེ་བ་འབུམ་འགྱུར་དང༌།། ཉི་འཛིན་བྱེ་བ་འབུམ་འགྱུར་དུ།། གསུང་གི་བསླུ་བ་ཡོང་མི་སྲིད།། དེ་ཕྱིར་རྣམ་དཀར་དགེ་ལ་འབད།།”ཅེས་ གསུངས་སོ།། དྲུག་པ། མཎྜལའབུལ་བ། འགྲོ་བ་སེམས་ཅན་ཚོགས་བསགས་སྒྲིབ་སྦྱོང་གི་ཆེད་དུ་སྟོན་པས་བོན་སྒོ་དུ་མ་ཞིག་གསུངས་ཀྱང༌། དེའི་ ནང་ནས་མཎྜལ་འབུལ་རྒྱུ་དེ་རྒྱུ་ཆུང་ལ་འབྲས་བུ་དང་ཕན་ཡོན་ཆེ་བ་སྤྱིར་ཚོགས་གཉིས་རྫོགས་པའི་ཐབས་ཁྱད་པར་ཅན་ཞིག་དང་སྒོས་སུ་ཚེ་འདིར་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་ཏེ་ཁ་རྗེ་དབང་ཐང་དང་ཚེ་བསོད་དཔལ་གྲགས་རྒྱས་མིན་མཎྜལ་

འབུལ་ཐུབ་མིན་ལ་རགས་ལས་ཡོད། མཎྜལ་ལ་ཕྱི་སྣང་བ་རྒྱན་གྱི་མཎྜལ་དང༌། ནང་ཕུང་བོ་ལུས་ཀྱི་མཎྜལ། གསང་བ་བོན་ཉིད་དོན་གྱི་མཎྜལ་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་འབུལ་རྒྱུ་དུ་མ་ཡོད་ཀྱང་གཙོ་བོར་ཕྱག་རྒྱ་དང༌། ཚིག་བཤད། ཏིང་འཛིན་གསུམ་གྱི་སྒོ་ནས་འབུལ་དགོས། ལྷག་ཏུ་དམིགས་པའི་སྒོ་ནས་ཏིང་འཛིན་སྤྲོ་བསྡུ་བྱེད་སྟངས་དེ་ཤིན་ཏུ་གཙོར་ཆེའོ། མཎྜལ་འབུལ་དུས། ཞིང་འདིར་ལྷ་མིའི་མཆོད་སྤྲིན་ དངོས་སུ་འབྱོར་བ་དང༌། ཡིད་ཀྱིས་སྤྲུལ་བ་བསམ་གྱིས་མི་ཁྱབ་པ་ཞིག་དམིགས་ཏེ་དེ་དག་ཐམས་ཅད་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་སྐྱབས་གནས་ཡུལ་མཆོག་གནས་བཞི་ལ་འབུལ་བས་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཏེ་བཞེས་སུ་གསོལ་བས་བདག་སོགས་སེམས་ཅན་ཐམས་ཅད་ཕྱི་ནང་གི་བར་ཆད་ཞི་ཞིང་སྒྲིབ་གཉིས་བྱང་ཚོགས་གཉིས་རྫོགས་པར་གསོལ་ལོ་སྙམ་པའི་འདུ་ཤེས་འཛིན་ལ། མཎྜལ་ཚིག་བཤད་ནི། ཨེ་མ་འབྱུང་ལྔའི་སྟེང་དུ་རི་རབ་རི་བདུན་དང༌།། གླིང་བཞི་གླིང་ཕྲན་ཕྱི་ནང་འདོད་ཡོན་བཅས།། ཉི་ཟླས་བརྒྱན་པ་བྱེ་བ་ཕྲག་བརྒྱ་འདི།། བདག་གི་བློས་བླང་འབུལ་ལོ་བཞེས་སུ་གསོལ།། ཞེས་བརྒྱ་སྟོང་ཁྲི་འབུམ་གང་འགྲུབ་འབུལ་ལོ། གཞན་ཡང་དུས་རྒྱུན་ཅི་ཟ་ཅི་འཐུང་གི་ཕུད་དེ་སྐྱབས་གནས་དཀོན་མཆོག་གསུམ་ལ་འབུལ་རྒྱུ་མི་བརྗེད་པ་ཤིན་ཏུ་གལ་ཆེ། ཟས་ཀྱི་མཆོད་པ་འབུལ་དུས་ཚིག་བཤད་ནི། མདོ་དྲི་མེད་ལས། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ།། སྐྱོད་པ་བླ་མེད་བཀའ་རྒྱུད་རིན་པོ་ཆེ།། འདྲེན་པ་བླ་མེད་སེམས་དཔའ་རིན་པོ་ཆེ།། བླ་མེད་དཀོན་མཆོག་གསུམ་ལ་མཆོད་པ་འབུལ།། ཞེས་བརྗོད་ནས་ཟ་འཐུང་གང་ཡིན་གྱི་ཕུད་དེ་དཀོན་མཆོག་ལ་འབུལ། དེ་ནས་རང་གིས་ལོངས་སུ་སྤྱོད་དགོས་པ་ཡིན། བདུན་པ། བླ་མའི་རྣལ་འབྱོར་དང་མཐུན་རྐྱེན་དགེ་བསྐུལ། གསོལ་འདེབས་བླ་མའི་རྣལ་འབྱོར་ནི། ཟབ་མོ་གནད་ཀྱི་གདམས་པའི་ཉམས་ལེན་དང༌། རྟོགས་པར་དཀའ་བའི་རང་སེམས། ཉམས་རྟོགས་ཁྱད་པར་ཅན་ཞིག་ཡིན། དེས་ན་རང་རྒྱུད་ལ་བྱིན་རླབས་སྨིན་བྱེད་ཀྱི་གདམས་ངག་ཁྱད་པར་ཅན་ཞིག་ཡིན། དེས་ན་དུས་རྒྱུན་དུ་དད་འདུན་མོས་གསུམ་གྱིས་བླ་མར་གསོལ་བ་འདེབས་རྒྱུ་དོན་གྱི་གནད་པོ་ཆེ་ཡིན། གསོལ་འདེབས་འདོན་དུས། རང་གི་མདུན་གྱི་ནམ་མཁར་སྐྱབས་གནས་ལྷ་ཚོགས་ཐམས་ཅད་རྩ་བའི་བླ་མ་ལ་འདུས་པར་བསྒོམས་ནས་དེ་ལ་མོས་གུས་དད་འདུན་དྲག་པོའི་སྒོ་ནས་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་ཏེ་ལུང་ལས། བྱིན་རླབས་ཅི་འབྱུང་དད་པས་ཤེས།། ཞེས་གསུངས་སོ། ཚིག་བཤད་ནི། སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་དུ།། དྲིན་ཆེན་རྩ་བའི་བླ་མར་གསོལ་བ་འདེབས།། སངས་རྒྱས་སེམས་སུ་སྟོན་པ་རིན་པོ་ཆེ།། རང་ངོ་རང་གིས་ཤེས་པར་བྱིན་གྱིས་རློབས།། ཞེས་བརྒྱ་སྟོང་ཁྲི་འབུམ་གང་འགྲུབ་རྒྱུན་དུ་འབད་པ་གལ་ཆེའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།