སྟོན་པ་གཤེན་རབ་མི་བོ་ཆེ་གླེང་བ།

རྩོམ་པ་པོ།   གདོང་བཙུན་རྒྱ་ཐར།     སྙན་སྒྲོན་པ།    བཀྲ་ཤིས་དབང་ཕྱུག

འདི་ནས་ཡར་ཡར་བརྩིས་པའི་མི་ལོ་གཅིག་ཁྲི་བརྒྱད་སྟོང་ལྷག་འདས་པའི་དུས་མཚམས་ཤིག་ན།

གསེར་པོ་གསེར་གྱི་ཉི་མ་དང་།  དཀར་པོ་དུང་གི་ཟླ་བ་ཇི་བཞིན་འཇིག་རྟེན་སྣང་བའི་གཏེར་མཛོད་ཆེན་མོ།

མཁྱེན་རབ་མུ་མེད་ནམ་མཁར་འདྲེས་ཤིང་བརྩེ་ཆེན་མཐའ་མེད་རྒྱ་མཚོར་ཟུག་པའི་བྱམས་དང་སྙིང་རྗེའི་རང་གཟུགས།

མཚན་གྱི་རྣམ་གྲངས་སུ་རྟག་གཟིགས་འོལ་མོའི་གླིང་དང་།  བྱང་ཕྱོགས་ཤམ་བྷ་ལ། ནུབ་ཕྱོགས་བདེ་བ་ཅན་དང་།

གངས་དཀར་ཏེ་སེའི་དྲུང་།   དམུ་རིགས་རྒྱལ་པོའི་གདུང་འཛིན་རྒྱལ་བོན་ཐོད་དཀར་རིགས་དང་།

ཡོ་ཕྱི་རྒྱལ་བཞད་སྲས་སུ།     སྟོང་གསུམ་འདྲེན་པའི་མགོན་གཅིག་འཁྲུངས་པ་དེ་ནི་སྟོན་པ་གཤེན་རབ་མི་བོ་ཆེའོ།།

ཁོང་གིས་བསྐལ་པ་རྒྱ་མཚོའི་གོང་རོལ་ནས་རླབས་ཆེན་གཞན་དོན་གྱི“སྨོན་ལམ་རྒྱལ་པོ”གང་ཞིག་འགྲུབ་པའི་ཐུགས་བསྐྱེད་གྲོགས་སུ་བཞེས་ཚུལ་གྱིས།

ལྷོ་འཛམ་བུ་གླིང་ཞེས་རི་ཆེན་ཁྲི་ཡི་ཕ་ས་དང་།  ཆུ་ཆེན་ཁྲི་ཡི་འབྱུང་ཁུངས་ཏི་སེ་གངས་ཀྱི་གནས་མཆོག་ཁྱད་པར་ཅན་དེ་རུ།

“འགྲོ་ལ་རྣམ་བརྩེ་རྒྱལ་བས་མི་ལུས་བཞེས”ཚུལ་གྱི་མཛད་བཟང་ཟླ་མེད་པ་རེ་རེས།

“ལྷ་ཀླུ་མི་དང་སྐྱེ་འགྲོ་ཐམས་ཅད་ལ།།  རང་སྒྲ་ཅི་ཙམ་པ་རུ་འཕྲུལ་ངག་སྒྲས།།

གཡུང་དྲུང་བོན་འདི་ཡོངས་སུ་སྟོན”པའི་འཕྲིན་ལས་ལ་མཐའ་མེད་པར་ངེས་ཤེས་འདྲོང་ཐུབ་ལ།

ཁོང་གིས།

“མཁའ་གསལ་སྒྲོན་མ་མ་ནུབ་ན།། སྐར་ཕྲན་འཐོར་བ་བཟོད་ཙམ་རྒྱུ།། དཔའ་བོ་འབྲུ་ལྔ་མ་ནུབ་ན།།

ཡིག་འབྲུ་ཁྲི་འབུམ་བཟོད་ཙམ་རྒྱུ།།”ཞེས་གསུངས་ཏེ་ཤེས་བྱ་ཀུན་གྱི་གཞི་མ།   གསུང་རབ་ཀུན་གྱི་ཕྱི་མོ།

ཡིག་འབྲུ་རེ་རེའི་གསེང་ནས་ཤེས་རབ་ཀྱི་མེ་ཆེན་ཁམས་གསུམ་དུ་མཆེད་ཅིང་།

ཐ་སྙད་རེ་རེའི་ཀློང་ནས་བྱམས་བརྩེ་ཡི་གྲུ་ཆར་འགྲོ་བ་ཀུན་ལ་འཇོ་བ།  ཡིག་འབྲུ་དཔའ་བོ་འབྲུ་ལྔའི་ཡང་བཅུད།

འཕྲུལ་ཆེན་ཡི་གེ་བཞི་བཅུ་ཐམ་པ།  འཛམ་གླིང་འགྲོ་བ་མིའི་མིག་སྙིང་།

ཁ་བ་གངས་རི་ར་བའི་བླ་སྲོག་ཏུ་བསྐྲུན་གནང་མཛད་པའི་སྐུ་དྲིན་གྱིས།

ང་ཚོ་བོད་གངས་ཅན་པ་ལ་ཡི་གེ་ཡོད་པར་གྱུར་ཅིང་།

ང་ཚོ་བོད་གངས་ཅན་པ་ལ་ཤེས་རིག་ཡོད་པར་གྱུར་པ་ཅི་ལ་མིན།

ད་དུང་ཁོང་གིས།

“སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།།རང་གི་སེམས་ནི་ཡོངས་སུ་འདུལ།།

འདི་ནི་སངས་རྒྱས་བསྟན་པ་ཡིན།། ”ཞེས་གསུངས་པའི་བཀའ་ཚིག་རིན་ཐང་ཅན་འདིས་ནི།

ང་ཚོ་བོད་གངས་ཅན་པའི་ཡུལ་འདིའི་སངས་རྒྱས་ཀྱི་བསྟན་པའམ་ནང་པ་སངས་རྒྱས་ཀྱི་བསྟན་པ་གནད་བརྒྱ་ཚིག་གཅིག་དང་།

ཆུ་བརྒྱ་ཟམ་གཅིག་གི་ཚུལ་དུ་གདམས་པ་ངོ་མཚར་ཤིན་ཏུ་ཆེ།

ཡང་ཁོང་གིས།

“ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་བཞག་པར།། གཅིག་བསད་གཅིག་གསོ་བྱ་བའི་བོན་ནི་བདག་གིས་མི་ཤེས་སོ།།

དེ་ནི་ལོག་པར་གོལ་བས་བྱ་རུ་མི་རུང་ངོ་།།

”ཞེས་ཁམས་གསུམ་རིས་དྲུག་གིས་བསྡུས་པའི་སེམས་ཅན་ཡོད་དོ་ཅོག་ཕ་མའི་རང་བཞིན་གཅིག་པུར་དགོངས་ཏེ།

རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོང་བྱ་དགོས་པའི་གདམས་བཟང་འདི་ཙམ་གྱིས་ཀྱང་།

ཁོང་ནི་འཚེ་བ་བོན་དུ་མི་སྨྲ་བར་འཚེ་མེད་ཞི་བདེའི་དེད་དཔོན་གཅིག་པུར་གོ་ཐུབ་ཅིང་།

རང་བས་གཞན་གཅེས་སྤྱོད་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་རླབས་ཆེན་གྱི་སྐྱེས་བུ།   ཚད་མའི་སྐྱེས་བུ།  ཤེས་རབ་ཟླ་མེད་པའི་མངའ་བདག

བསམ་བློར་དོ་མི་དམིགས་པའི་ཉེས་ཟད་ཡོན་ཏན་ཀུན་ལྡན་རྫོགས་པའི་སངས་རྒྱས་རིན་པོ་ཆེ་རུ་ངེས་ན།

ཁོང་གི་བསྟན་པ་དང་།   ཁོང་གི་གསུང་རབ།   ཁོང་གི་མཛད་པ་དང་།

ལྷག་པར་དུ་འཛམ་གླིང་གནས་ཀྱི་རྒྱལ་པོ་ཐུགས་སྤྲུལ་བོན་རི་ཆེན་པོ།“ཐུགས་ཚབ་བོན་རི་ཆེན་པོ་ལ།།

གང་མཇལ་ཚེ་རབས་སྒྲིབ་པ་འབྱང་།།  ཞེས་སོགས་གསུངས་པ་ལྟར་ཞི་རྒྱས་དབང་དྲག་གི་འཕྲིན་ལས་རེ་རེ།

“སྐུ་གཅིག་ཉིད་ལས་མ་གཡོས་ཀྱང་།།  བྱེ་བ་ཕྲག་བརྒྱས་འགྲོ་དོན་མཛད།།”ཚུལ་གྱིས།

“གཡུང་དྲུང་བོན”སྒོ་བརྒྱད་ཁྲི་བཞི་སྟོང་།   ཐེག་པ་རིམ་དགུ།   ཕྱི་ནང་གསང་གསུམ་གྱི་བཀའ་འཁོར་རིམ་པ་རྣམས་ཀྱང་།

“དུག་ལྔའི་འདམ་དང་མཚོ་ཆེན་སྐམ”པའི་གཉེན་དུ།

“ལྟ་བ་ཡས་ཕུབ།  སྤྱོད་པ་མས་འཛེགས།  གཞི་སྙིང་རྗེ་ཆེན་པོ།

ཐབས་ཕ་རོལ་ཕྱིན་བཅུ”སྟེ་བོན་འཁོར་ཚིགས་བཞིའི་སྲོག་གི་སྙིང་བོ་རེ་རེས།

“མ་རིག་ནད་་”ཀྱིས་ཤས་མི་བཟོད་པར་མནར་བའི་ལུས་ཅན་གང་ཞིག་“བྱམས་པ་ཆེན་པོས་འཁོར་བ་སྒྲོལ”བ་ནི།

“སྟོན་པའི་ལས་ནི་སྙིང་རྗེ་ཡིན།།

སྙིང་རྗེའི་དོན་གྱིས་སེམས་ཅན་འདྲོང་།།

ལུས་དང་སྲོག་གི་དོན་ཕྱིར་ཡང་།།

འགྲོ་བ་སེམས་ཅན་དོན་མི་འབོར།།”བའི་སྙིང་རྗེའི་གོང་བུ།

བརྩེ་བའི་མ་མ།   བྱང་ཆུབ་ཀྱི་ལྗོན་བཟང་།  བྱམས་སེམས་ཀྱི་གཏེར་ཆེན་གཅིག་པུར་གྱུར་པ་མཚོན་ལ།

ཁོང་ནི།

ན༵མ་མཁ༵འི་གཟུགས་སུ་ནམ་མཁའ་དང་མཉམ་པར་བྱོན་ཏེ།

ས༵་ཆེན་པོའི་སྒྲོན་མེ་ཚེ་འབར་དུ་གྱུར་ཡོད།

ཁོང་ནི།

ཆུ༵་ཆེན་པོའི་བྱམས་བརྩེ་རང་འཁྱིལ་དུ་བབས་ཏེ།

“སེམས་ཅན་ལས་བྱ་མ་གཏོགས་པའི།།

སངས་རྒྱས་ལ་ནི་ལས་གཞན་མེད།།”པའི་མཛད་བཟང་ཆད་མེད་དུ་གཟིགས་ཡོད།

ཁོང་ནི།

མེ༵་ཆེན་པོའི་ཤེས་རབ་རང་གསལ་དུ་བཞེངས་ཏེ།

འཛམ་གླིང་མཁས་པའི་གཙུག་རྒྱན་ཤེས་རབ་ཅན་གྱི་ཐོག་མ་རུ་འཕགས་ཡོད།

ཁོང་ནི།

རླུ༵ང་ཆེན་པོའི་སྣོད་བཅུད་ཀུན་གསོ་རུ་གྱུར་ཏེ།

སེམས་ཅན་ཡོད་དགུའི་སྐྱབས་དང་མགོན་ཁོ་ནར་བཞེངས་ཡོད།

ཁོང་གིས།

“སྔ་བློ་བྱ་བ་མ་རིག་འཁོར་བའི་གཞི།།

ངས་ཀྱང་འཁོར་བའི་ཁྱིམ་ལ་དད་མོས་སྐྱེས།།

ཕྱི་བློ་རིག་པས་ངེས་པར་གཏན་ལ་ཕེབས།།

འཁོར་བའི་ཁྱིམ་ལ་གཏིང་ནས་སྒྱིད་པ་ལུག།”ཅེས་གསུངས་ཏེ་“རྒྱུ་ལས་མ་བྱུང་འབྲས་བུ་ཞིག།

སངས་རྒྱས་རྣམས་དང་ངས་མ་གསུངས”པའི་གདམས་དོན་ཇི་བཞིན།

འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ངེས་པ་དེ་ཡང་རྒྱུ་མི་དགེ་བས་འགྲུབ་ཅིང་།

ཐར་པ་བདེ་བའི་སྐམ་ས་རུ་ངེས་པ་དེ་ཡང་རྒྱུ་དགེ་བའི་ལས་ཀྱིས་འཕངས་འབྲས་འབའ་ཞིག་ཏུ་དགོངས་ཏེ།

འཁོར་བའི་བྱ་བར་སྐྱུགས་ནད་ཅན་གྱིས་ཟས་མཐོང་བ་ལྟར་སྐྱོ་བ་སྐྱེས་པའི་ཚུལ་དང་།

གཏན་བདེའི་རྒྱལ་སར་སྨོན་པ་རྩེ་གཅིག་གི་བསྐུལ་མས།

“བོན་སྒོ་ཐེག་པ་རིམ་དགུ་དང་།། སྒོ་བཞི་མཛོད་ལྔ་ཕྱི་ནང་གསང་།། འཇུག་སྒོ་ཉི་མའི་ཟེར་ཙམ་ཀྱང་།།

སྤོང་དང་བསྒྱུར་དང་གྲོལ་བ་སྟེ།། བྱང་ཆུབ་ཡན་ལག་མང་གྱུར་ཀྱང་།།

རྩ་བ་རྒྱུ་འབྲས་གཉིས་ལ་ཐུག།”ཅེས་གསུངས་ཏེ་“དལ་འབྱོར་རྙེད་དཀའ་བ།  འཆི་བ་མི་རྟག་པ།

ལས་རྒྱུ་འབྲས།  འཁོར་བའི་ཉེས་དམིགས།”དང་“ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་”

སོགས་གཏན་ལ་ཕབ་པ་གང་དག་གི་གནད་ཀྱི་འདུས་སོ་དམ་པ་“ལས་རྒྱུ་འབྲས”

ཚུལ་བཞིན་སྲུང་ཐུབ་ཀྱི་སྒོ་ནས་བྱང་ཆུབ་ཆེན་པོའི་གོ་འཕང་ལ་བརྩོན་ནས།

དལ་འབྱོར་སྟོང་ལོག་ཏུ་མ་སོང་བ།   དུས་ཚོད་འཕྲོ་བརླག་ཏུ་མ་ཤོར་པར།

མིའི་གཙོས་པའི་འགྲོ་བ་རྣམས་དཀར་པོའི་བོན་ལ་བསྐུལ་ཞིང་།

མིའི་གཙོས་པའི་གདུལ་བྱ་རྣམས་བརྩེ་བས་རྟག་ཏུ་མ་དོར་བར།

བཀའ་འཁོར་རྣམ་གསུམ་བསྐོར་ཞིང་།

གཞི་ལམ་འབྲས་གསུམ་གསུངས་ཏེ།

མདོ་སྔགས་རྫོགས་གསུམ་བསྟན་ཞིང་།

ཐར་པའི་ལམ།  བདེ་བའི་གནས།

བླ་མེད་བྱང་ཆུབ་ཀྱི་ས་བོན་བཀའ་རྒྱ་ཆེ་བ།

ཐར་པ་བླ་མེད་ཀྱི་རྒྱལ་ས་གནས་ཕུན་སུམ་ཚོགས་པ་བསྟན་ཡོད་ལ།

ཡང་ཁོང་གིས།

“གཤེན་རབ་སྐུ་ཡིས་འདུལ་བསྟན་རྫོགས་ན་ཡང་།།  མ་འོངས་འགྲོ་ཀུན་ཐར་པར་འདྲེན་པའི་ཕྱིར།།

གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་།། དེའི་ཚེ་ང་ཉིད་མི་འབྱོན་ཡི་གེ་འབྱོན།།

རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་པས།། འཕྲུལ་གྱི་ཡི་གེ་འདི་ལ་ཀུན་གྱིས་བཀུར།།”

ཞེས་གདམས་ཏེ་མཛད་པ་ཀུན་ལས་གསུང་གི་མཛད་པའི་ཆེ་བ་ཕྱི་རབས་སྐལ་ལྡན་རྣམས་ལ་བསྟན་ནས“

ཚེ་ཡི་རྒྱལ་པོ་ཚེ་རིང་ནད་མེད་”ཀྱི་དཔལ་ཀུན་བརྙེས་ཤིང་།  “བསོད་ནམས་རྒྱལ་པོ་འཕེལ་ཞིང་བརྟན”

པའི་རྒྱལ་སར་དབང་ན་ཡང་།“འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པ”ནི་འདི་འོ་ཞེས་པའི་ཚུལ་དུ་“

རྒྱལ་བའི་སྐུ་ལ་སྐྱེ་འཆི་མ་མངའ་ཡང་།” “ང་ཡང་མྱ་ངན་འདའ་མ་ཡིན།། བོན་ཀྱང་ནུབ་པར་མི་འགྱུར་ཏེ།།

རྟག་ཏུ་རེ་བ་སུན་ཕྱུང་ཕྱིར།། ལན་གཅིག་མྱ་ངན་འདས་ཚུལ་བསྟན།།

”ཞེས“འབྲས་བུའི་རྒྱལ་པོ་མངོན་སངས་རྒྱས”པའི་མཛད་པ་“ད་ནི་བརྒྱད་ཅུ་གྱ་གཉིས་ཏེ།།

སྐུ་ཚེའི་ཚད་དུ་འདས་པ་ཡིན”གསུངས་ནས་“སངས་རྒྱས་ལ་ཡང་འདས་གྲོངས་ཡོད།། པ་དང་།

བཟང་ངན་ལས་ལ་རྒྱུ་འབྲས་ཡོད།།”པའི་ཚུལ་ཙམ་བསྟན་པ་ནི།

“བཀའ་ཡི་ཉིང་ཁུ་སངས་རྒྱས་དགོངས་པའི་མཆོག”ཏུ་གདམས་པ་ལགས་ཤིང་།

ཁོང་གིས་མཛད་པ་བཅུ་གཉིས་དང་།  མཛད་པ་བརྒྱ་རྩ་བརྒྱད།

མཛད་པ་དྲུག་ཅུ་ལ་སོགས་གདུལ་བྱའི་སེམས་ཅན་གྱི་ངོ་བོར་ལྟོས་པའི་མཛད་པ་རབ་འབྲིང་ཐ་གསུམ་ནི།

སེམས་ཅན་འདུལ་བའི་ཐབས།  རྒྱལ་བསྟན་སྤེལ་བའི་གྲོགས།   རྒྱུ་འབྲས་བསྟན་པའི་གནད་ཁོ་ན་རུ་གདམས་སོ།།

སྟོན་པ་གཤེན་རབ།

འཛམ་གླིང་གི་རིག་པའི་དེད་དཔོན་མཆོག་གྱུར་ཡིན།

སྟོན་པ་གཤེན་རབ།

ཞང་བོད་ཀྱི་ནང་བསྟན་སྲོལ་འབྱེད་དམ་པ་ཡིན།

སྟོན་པ་གཤེན་རབ།

གངས་ཅན་པའི་ཡི་གེའི་བྱེད་པོ་དྲིན་ཆེན་ཡིན།

སྟོན་པ་གཤེན་རབ།

མི་ཡུལ་གྱི་སངས་རྒྱས་བསྟན་པའི་གཙོ་བོ་ཡིན།

གཡུང་དྲུང་བོན་སྒོར་མ་ཞུགས་པའི་བོད་པ་མེད་ལ།

སྟོན་པའི་གདུལ་བྱར་མ་གྱུར་པའི་འགྲོ་བ་ཡོད་མི་སྲིད།

སངས་རྒྱས་སྟོན་པ་གཤེན་རབ་ཀྱི།

རྒྱལ་བསྟན་ཡིད་བཞིན་ནོར་བུ།

བསྐལ་པའི་བར་དུ་དར་ཞིང་རྒྱས་པར་ཤོག

སྲིད་མཐའི་བར་དུ་མི་ཉམས་གོང་འཕེལ་ཤོག

རླབས་ཆེན་གྱི་སྟོན་པ་དེ་ལ་བསྐལ་པའི་བར་དུ་རྗེས་དྲན་ཡང་ཡང་ཞུ།

དད་པས་ཞུ།  མོས་པས་ཞུ།  ཡིད་ཆེས་པས་ཞུའོ།།

2019/1/22    ཁམས་ཉག་རོང་དུ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།