བྱང་ཆུབ་ལམ་གྱི་རིམ་པའི་དམིགས་ཁྲིད་གཤེན་བསྟན་གསལ་བའི་སྒྲོན་མེ་ལས་སྐྱབས་འགྲོའི་སྐོར།

བྱང་ཆུབ་ལམ་གྱི་རིམ་པའི་དམིགས་ཁྲིད་གཤེན་བསྟན་གསལ་བའི་སྒྲོན་མེ་ལས་སྐྱབས་འགྲོའི་སྐོར།
ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན།

༄༅། །སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་སུ་འགྲོ་བ་ལ་བཞི། རྒྱུ་ཅི་ལ་བརྟེན་ནས་སྐྱབས་སུ་འགྲོ་བ། ཡུལ་གང་ལ་སྐྱབས་སུ་འགྲོ་བ། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བ། དེ་ལྟར་སྐྱབས་སུ་སོང་བའི་བསླབ་བྱ་དང་ཕན་ཡོན་བཤད་པའོ། །
དང་པོ་རྒྱུ་ཅི་ལ་བརྟེན་ནས་སྐྱབས་སུ་འགྲོ་བ་ལ་གཉིས། རྒྱུ་གསུམ་མདོ་ཙམ་བཤད་པ། །རྒྱུ་ཡི་གཙོ་བོ་དད་པ་ཅུང་ཟད་ཕྱེ་སྟེ་བཤད་པའོ། །དང་པོ་རྒྱུ་གསུམ་མདོ་ཙམ་བཤད་པ་ནི། དེ་ཡང་སྐྱབས་ནི་རྟེན་དང་གཞིའི་དོན་དང༌། མཆིའི་སྐད་དོད་གཙྪ་ཞེས་པ་འགྲོ་བ་དང་སོང་བ་དང་ཞུགས་པ་སོགས་ལ་འཇུག་པས། སྐབས་འདིར་འགྲོ་བར་བསྒྱུར་བ་ལྟར་དཀོན་མཆོག་གསུམ་རྟེན་དུ་བཟུང་ནས་རང་གི་བློ་དེའི་ཕྱོགས་སུ་འགྲོ་བའམ་སོང་བ་སྟེ། །དཀོན་མཆོག་ལ་ཡིད་ཁྱེད་ཤེས་ཀྱི་བློ་སྙིང་འགེལ་བའི་དོན་ཡིན། ཇི་ལྟར་བློ་འགེལ་ན་ལམ་རིམ་དྲུག་ཅུ་པ་ལས། ཁས་དམན་པོ་ལ་དགྲ་བྱུང་ན། །རྗེ་དཔོན་མྱུར་དུ་འཚོལ་བ་ལྟར། །འཁོར་བའི་འཇིགས་ལས་ཐར་འདོད་ན། །དཀོན་མཆོག་རིན་ཆེན་གཙུག་ཏུ་བཀུར། །ཞེས་གསུངས་པ་ལྟར་ལ། མདོར་དྲིལ་ན། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ངེས་པ་དང༌། དཀོན་མཆོག་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་ངེས་པ་དང༌། སྐྱབས་སུ་སོང་ན་འཇིགས་པ་དེ་ལས་སྐྱོབ་པར་མི་བསླུ་ངེས་པར་ཤེས་པ་སྟེ། ངེས་ཤེས་དེ་གསུམ་དང་ལྡན་པས་རང་གཞན་ཐམས་ཅད་དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་པའི་ཆེད་དུ་ཡུལ་ཁྱད་པར་ཅན་ལ་དད་པས་སྐྱབས་སུ་འགྲོ་འདོད་ཀྱི་བློ་ནི་སྐབས་འདིར་སྐྱབས་འགྲོའི་རྒྱུ་མ་ནོར་བ་ཡིན་ཏེ། ཐུགས་རྗེ་ཉི་མའི་རྒྱུད་ལས། སྐྱབས་བློ་ངེས་པ་གསུམ་དང་ལྡན་པ་ཡིས། །སྐྱབས་འོག་དམ་པར་རང་གཞན་ཚུད་པར་བྱ། །ཞེས་གསུངས། གཉིས་པ་རྒྱུ་ཡི་གཙོ་བོ་དད་པ་ཅུང་ཟད་ཕྱེ་སྟེ་བཤད་པ་ནི། དྲང་དོན་མུན་སེལ་ལས། དད་པས་བོན་གྱི་སྒོ་རྣམས་མ་ལུས་འབྱེད། །ཅེས་གསུངས་ཕྱིར། དད་པ་ནི་སྐྱེས་བུ་གསུམ་གྱི་ལམ་ཐམས་ཅད་དང་ཁྱད་པར་སྐྱབས་འགྲོའི་སྒོ་འབྱེད་བྱེད་ཀྱི་ལྡེ་མིག་ལྟ་བུ་ཡིན་ཞིང༌། འཕགས་པའི་ནོར་བདུན་གྱི་ཐོག་མ་ཡང་དད་པ་ཡིན་ཏེ། ལུང་ལས། དད་དང་གཏོང་བ་ཤེས་རབ་བརྩོན་འགྲུས་དང༌། །ཚུལ་ཁྲིམས་ཐོས་དང་ལྷག་བསམ་དཀར་པའོ། །ཞེས་གསུངས་ཤིང༌། གཞན་ཡང་གསུང་རབ་ལས། ཡོན་ཏན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་དད་པ་ཆེན་པོ་ལ་སྐྱོ་ངལ་མེད་པའི་སྐྱེས་བུ་རྣམས་ནི་ཨེ་མ་ངོ་མཚར་ཆེའོ། །ཞེས་གསུངས། དད་པ་དེ་ལ་དབྱེ་ན། ཡང་རྩེ་ཀློང་ཆེན་ལས། མོས་པའི་དད་པ། དང་བའི་དད་པ། ཡིད་ཆེས་པའི་དད་པ། མཐར་ཕྱིན་པའི་དད་པ་དང་བཞིར་གསུངས་པའི་དང་པོ་ནི། སྐོམ་པའི་གང་ཟག་ཆུས་གདུང་བ་བཞིན་བླ་མ་དང་གདམས་ངག་ཁོ་ན་བསམ་ཞིང༌། དེའི་རྗེས་སུ་འཇུག་པར་མོས་པའི་བློ་སྟེ། སུམ་བརྒྱ་པ་ལས། མོས་པའི་དད་པས་བསྟན་ལ་འཇུག་པར་འགྱུར། །ཞེས་སོ། །གཉིས་པ་ནི། བླ་མ་ཚུལ་བཞིན་བསྟེན་པས་གསུང་རབ་ཀྱི་དོན་ལ་ཐོས་བསམ་གྱི་ཤེས་རབ་རྒྱས་ཏེ། དགེ་སྡིག་སོགས་སྐྱོན་ཡོན་སྤང་བླང་གི་གནས་རྣམས་ཤེས་ནས་དགེ་བའི་ཕྱོགས་ལ་མངོན་པར་སྤྲོ་བའི་བློ་སྟེ། ལུང་སྔ་མ་ལས། དང་པའི་དད་པས་སྤྲོ་འགྱུར་དགེ་སྡིག་འབྱེད། ཅེས་སོ། །གསུམ་པ་ནི། དགེ་སྡིག་གི་འབྲས་བུ་བདེ་སྡུག་མྱོང་བ་སོགས་སངས་རྒྱས་ཀྱི་གསུང་རབ་ནས་ཇི་ལྟར་བཤད་པའི་དོན་ལ་ཡིད་ཆེས་ནས་བླང་དོར་གཟབ་པའི་བློ་རྐྱེན་གཞན་གྱིས་བསྒྱུར་མི་བཏུབ་པ་སྟེ། སྔ་མ་ལས། ཡིད་ཆེས་དད་པ་ཡིས་ཐེ་ཚོམ་སེལ་ཏེ་ཤེས་པ་གཞུང་ཚུགས་འགྱུར། ཞེས་སོ། བཞི་པ་ནི། ཚུལ་ཁྲིམས་བསྲུང་བ་སོགས་གང་ལ་ཞུགས་པའི་དོན་མཐར་མ་ཕྱིན་བར་དུ་ཕྱིར་མི་ལྡོག་པའི་བློ་ཡིན་ཏེ། སྔ་མ་ལས།  ཕྱིར་མི་ལྡོག་པའི་དད་པས་མཐའ་རུ་ཕྱིན། །ཞེས་གསུངས། དད་པ་དེ་དག་གི་བྱེད་ལས་ནི། དང་པོས་བོན་སྒོར་འཇུག །གཉིས་པས་བླང་དོར་གྱི་གནས་རྣམས་འབྱེད། གསུམ་པས་དོན་ལ་ཡིད་ཆེས་པས་དགེ་བསམ་རྐྱེན་ཁར་མི་འཆོར། བཞི་པས་དོན་གང་ཡང་མཐར་ཕྱིན་པར་བྱེད་དོ། །གོ་རིམ་ཡང་དེ་ལྟར་ངེས་ཏེ། དེ་དག་གཅིག་གིས་གཅིག་བསྐྱེད་པའི་ཕྱིར་རོ། །དད་པ་མེད་པའི་སྐྱོན་ནི། ཐར་པའི་སྐམ་སར་མི་ཕྱིན་པས་མཚོ་གཏིང་གི་རྡོ་ལྟ་བུ། བྱང་ཆུབ་ཀྱི་མྱུ་གུ་མི་སྨིན་པས་ས་བོན་མེས་ཚིག་པ་ལྟ་བུ། འཁོར་བའི་སྡུག་བསྔལ་ལས་ཐར་དུས་མེད་པས་ཆུ་བོ་ཆེན་པོ་ལ་གྲུ་གཟིངས་མེད་པ་ལྟ་བུ། ཡོན་ཏན་སྣ་གཅིག་ཀྱང་མི་ཐོབ་པས་ལག་རྡུམ་གསེར་གླིང་དུ་ཕྱིན་པ་ལྟ་བུ་ཡིན་པར་སྡེ་སྣོད་རིན་པོ་ཆེའི་མཛོད་སོགས་ལས་གསུངས། དད་པ་ཡོད་པའི་ཡོན་ཏན་ནི། དྲང་དོན་མུན་སེལ་ལས། དད་པས་མི་ཁོམ་གནས་བརྒྱད་སྤོང་བར་བྱེད། །དད་པས་ཐར་པའི་ཕྱོགས་ཀྱི་ལམ་སྣ་འདྲེན། །དད་པས་ཁམས་གསུམ་འཁོར་བའི་ཆུ་རྒྱུན་གཅོད། །དད་པས་བདེ་གཤེགས་བཀའ་རྒྱུད་དོན་རྣམས་རྟོགས། །ཞེས་སོགས་མང་དུ་གསུངས་སོ། །
གཉིས་པ་ཡུལ་གང་ལ་སྐྱབས་སུ་འགྲོ་བ་ལ་ཡང་གཉིས། ཡུལ་ངོས་བཟུང་བ་དང༌། དེ་སྐྱབས་སུ་འོས་པའི་ཡོན་ཏན་གྱི་ཁྱད་པར་བསམ་པའོ། །དང་པོ་ཡུལ་ངོས་བཟུང་བ་ནི། དེ་ཡང་དཀོན་མཆོག་དེ་གང་ལྟ་བུ་ཞིག་ལ་འདོད་སྙམ་ན། དྲི་མེད་མདོ་ལས། སྟོན་པ་བླ་མེད་སངས་རྒྱས་དང༌། །སྐྱོབ་པ་བླ་མེད་བཀའ་རྒྱུད་བོན། །འདྲེན་པ་བླ་མེད་སེམས་དཔའ་གསུམ། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །བླ་ན་མེད་པ་དཀོན་པའི་མཆོག །ཅེས་གསུངས་པའི་དང་པོ་ནི། སངས་རྒྱས་ཀྱི་སྐུ་བརྙན་མཆོད་ཡུལ་དུ་བཞུགས་སུ་གསོལ་བའམ། མི་མངོན་པའི་དབྱིངས་ན་བཞུགས་ཡོད་ཟེར་བ་ལྟ་བུས་མི་འོང་བར་མ་ཟད། མཚན་དཔེ་གསལ་རྫོགས་ཀྱི་སྐུ་བློ་ཡུལ་དུ་ཤར་བ་ཙམ་གྱིས་ཀྱང་སངས་རྒྱས་མཐར་ཐུག་ངོས་ཟིན་པའི་གོ་མི་ཆོད་དོ། །དེས་ན་ཏི་ཀ་གསལ་བའི་སྒྲོན་མེ་སོགས་ལས་གསུངས་པ་ལྟར། སངས་རྒྱས་དེ་སྐུ་ཡི་ཁྱད་པར་དབྱིངས་ཀྱི་རང་བཞིན་རྣམ་པར་དག་པ་ལ། གློ་བུར་གྱི་སྒྲིབ་པའི་སྤྲོས་པ་མཐའ་དག་དང་ཡང་བྲལ་བས་དག་པ་གཉིས་ལྡན་གྱི་བོན་སྐུ་ནམ་མཁའ་ལྟ་བུ་ལས། རྒྱུ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་མཐུས། ས་བཅུའི་བྱང་སེམས་རྣམས་ཀྱི་ངོར་མཚན་དཔེས་སྤྲས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཉི་ཟླ་ལྟར་སྣང་ལ། གདུལ་བྱ་རིགས་གསུམ་རང་རང་གི་མོས་པ་དང་མཐུན་པར་གང་ལ་གང་འདུལ་གྱི་སྤྲུལ་པའི་བཀོད་པ་ཆུ་ཟླའི་རྣམ་པ་ལྟར་འཆར་བ། ཡེ་ཤེས་ཀྱི་ཁྱད་པར་གདུལ་བྱ་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་སྟོན་པ་ལ་ཆགས་ཐོགས་མེད་པས། གནས་དང་གནས་མ་ཡིན་པ་སོགས་མཁྱེན་པའི་སྟོབས་བཅུ་མངའ་བ། འཕྲིན་ལས་ཀྱི་ཁྱད་པར་རྒྱུན་མི་འཆད་པ་དང་ལྷུན་གྱིས་གྲུབ་པས་ནམ་མཁའ་ཇི་སྲིད་དུ་སྲིད་ཞིའི་རྒུད་པ་མ་ལུས་སེལ་བའོ། །མདོར་དྲིལ་ན། སངས་རྒྱས་དཀོན་མཆོག་ནི། རང་དོན་བོན་སྐུ་དང་གཞན་དོན་གཟུགས་སྐུས་བསྡུས་པའི་དོན་གཉིས་མཐར་ཕྱིན་པའི་མཚན་ཉིད་ཅན་ཞིག་ཡིན་ཏེ། ཕྱི་རྒྱུད་ལས། །དུས་གསུམ་བདེ་བར་གཤེགས་པ་མ་ལུས་རྣམས། །མི་སྐྱེ་མི་འགག་ནམ་མཁའི་རང་བཞིན་ཅན། །ཐུགས་ཉིད་མི་གཡོ་མཚན་མ་ཅིར་མི་དམིགས། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་གྲངས་མང་ཡང༌། །དོན་དམ་བདེ་ཆེན་ངང་ལས་གཡོ་མེད་ཅིང༌། །སྨྲ་བསམ་ཚིག་ལས་འདས་ཏེ་བརྗོད་དུ་མེད། །ཅེས་གསུངས་ཕྱིར། སངས་རྒྱས་ཀྱི་ཡོན་ཏན་ནི་རྒྱ་ཆེ་མུ་མེད་པ་སྟེ། བློ་ངག་གི་ཡུལ་ལས་འགོངས་པས་ནམ་མཁའ་ལྟར་གཞལ་དུ་མེད་པའོ། །བོན་དཀོན་མཆོག་ནི། འགོག་བདེན་དང་ལམ་བདེན་གང་རུང་གིས་བསྡུས་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པ་ཞིག་དང༌། དགེ་འདུན་དཀོན་མཆོག་ནི། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་ཅི་རིགས་དང་ལྡན་པའི་འཕགས་པའི་གང་ཟག་ཞིག་ལ་འདོད་དགོས་པར་སྐྱབས་འགྲོ་ཉི་ཤུ་པའི་ཊཱི་ཀ་ལས་གསུངས་སོ། །གཉིས་པ་སྐྱབས་སུ་འོས་པའི་ཡོན་ཏན་གྱི་ཁྱད་པར་ལ་གཉིས། སྐྱབས་སུ་འོས་པའི་རྒྱུ་མཚན་དང༌། ཡོན་ཏན་རྗེས་སུ་དྲན་པའོ། །དང་པོ་སྐྱབས་སུ་འོས་པའི་ཚུལ་ནི། སངས་རྒྱས་དེ་སྐྱབས་སུ་འོས་པའི་ཁྱད་པར་བཞི་དང་ལྡན་པ་སྟེ།  །རང་འཇིགས་པ་ཐམས་ཅད་ལས་མ་གྲོལ་ན། གཞན་འཇིགས་པ་ལས་སྐྱོབ་པར་མི་ནུས་ཀྱང༌། སངས་རྒྱས་རྣམས་ནི་རང་ཉིད་སྲིད་ཞིའི་འཇིགས་པ་ཐམས་ཅད་དང་བྲལ་ཞིང་འཇིགས་པ་མེད་པའི་གོ་འཕང་མཆོག་བརྙེས་པའི་ཕྱིར། ཁྱད་པར་དེ་དང་ལྡན་ཡང་གཞན་འཇིགས་པ་ལས་སྒྲོལ་བའི་ཐབས་ལ་མི་མཁས་ན་སྐྱོབ་ཚུལ་མི་ཤེས་ཀྱང༌། སངས་རྒྱས་རྣམས་ནི་སྲིད་ཞིའི་སྡུག་བསྔལ་རྒྱུ་དང་བཅས་པ་སྤོང་བྱེད་ཀྱི་ལམ་ཚང་ལ་མ་ནོར་བ་མཁྱེན་ཞིང༌། དེ་ཡང་གདུལ་བྱའི་ཁམས་དང་བསམ་པ་དང་དབང་པོའི་རིམ་པ་དང་འཚམས་པར་སྟོན་པ་སོགས་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པའི་ཕྱིར། ཁྱད་པར་དེ་དང་ལྡན་ཡང་རིས་སུ་མ་ཆད་པའི་སྙིང་རྗེ་ཆེན་པོ་མེད་ན་མགོན་མེད་པའི་སེམས་ཅན་ཀུན་ལ་སྙོམས་པར་དོན་མི་བྱེད་ཀྱང༌། སངས་རྒྱས་རྣམས་ནི། ཐུགས་རྗེ་ཆེན་པོ་ཀུན་ལ་ཉེ་རིང་མེད་པར་འཇུག་པའི་ཕྱིར། དེ་ལྟར་ཡིན་ཀྱང་ཟང་ཟིང་གི་མཆོད་པས་མི་མཉེས་ཤིང་སྒྲུབ་པའི་མཆོད་པས་མཉེས་བ་ཞིག་མིན་ན། སྔར་རང་ལ་ཟང་ཟིང་གིས་ཕན་བཏགས་མ་བཏགས་ལ་བལྟ་བས་ཀུན་གྱི་སྐྱབས་སུ་མི་འོས་ཀྱང༌། སངས་རྒྱས་རྣམས་ནི་དགྲ་གཉེན་ལ་ཉེ་རིང་མི་མངའ་ཞིང་ཟས་ངོ་ནོར་ཕྱིར་བལྟ་བ་ལྟ་བུ་གཏན་ནས་མི་སྲིད་པའི་ཕྱིར་རོ། །ཁྱད་པར་དེ་དག་སངས་རྒྱས་ཁོ་ན་ལ་ཡོད་ཕྱིར་སྐྱབས་གནས་བླ་ན་མེད་པར་ཤེས་དགོས། དཀོན་མཆོག་གཞན་གཉིས་ལས། བོན་དཀོན་མཆོག་ནི་བསྒོམས་ན་འཁོར་བའི་སྡུག་བསྔལ་དང་རྒྱུ་ཉོན་མོངས་དང་བཅས་པ་སྤོང་བྱེད་ཡིན་པ་དང༌། དགེ་འདུན་དཀོན་མཆོག་ནི། ཉོན་མོངས་སྤོང་བའི་ལམ་མངོན་པར་སྒྲུབ་མཁན་ཡིན་ཞིང༌། དེ་ལ་མིག་ལྟོས་བྱས་ཏེ་རང་གིས་ཀྱང་ལམ་ཉམས་སུ་བླངས་ནས་འཁོར་བའི་སྡུག་བསྔལ་སྤོང་བར་འགྱུར་ཕྱིར་སྐྱབས་སུ་འོས་སོ། །གཉིས་པ་ཡོན་ཏན་རྗེས་སུ་དྲན་པར། དང་པོ་སངས་རྒྱས་ཀྱི་ཡོན་ཏན་ནི། གསས་མཁར་སུམ་བརྒྱ་དྲུག་ཅུའི་འབུམ་ལས། སྟོན་པ་གཤེན་རབ་མི་བོ་ནི། །སྐུ་མདོག་གསེར་གྱི་ཁ་དོག་འདྲ། །དབུ་ཡི་གཙུག་ཏོར་བལྟར་མི་མངོན། །སྨིན་མཚམས་མཛོད་སྤུ་གཡས་སུ་འཁྱིལ། །ཞེས་སོགས་གསུངས་པ་ལྟར། མཐོང་ན་མི་མཐུན་པ་མེད་པའི་མཚན་དཔེའི་ཡོན་ཏན་རྣམས་དང༌། དྲི་མེད་མདོ་ལས། གང་དག་ང་ལ་གུས་བཏུད་ཅིང༌། །རྟག་པར་ཡིད་ལ་མོས་བྱེད་པ། །དེ་དག་མདུན་དུ་སྤྲུལ་པའི་སྐུ། །ཇི་ལྟར་མཐུན་པ་དེ་བཞིན་སྟོན། །ཞེས་སོགས་ཀྱིས་སྐུ་གཅིག་གིས་ཀྱང་གདུལ་བྱ་དད་པ་དང་ལྡན་པ་གྲངས་ལས་འདས་པའི་སྣང་ངོར་གང་འདུལ་གྱི་སྤྲུལ་བའི་བཀོད་པ་སྣ་ཚོགས་ཅིག་ཅར་དུ་སྟོན་པར་བསྟན་པ་སོགས་ནི་སྐུ་ཡི་ཡོན་ཏན་དང༌། ཐེག་པ་ཆེན་པོའི་མདོ་ལས། སྟོན་པ་གཤེན་རབ་སྐུ་གཅིག་བསྟན་པ་ལ། །རྡུལ་གྲངས་སེམས་ཅན་གྲངས་མང་ཇི་སྙེད་ཀྱིས། །རེ་རེས་མི་མཐུན་ཐེ་ཚོམ་སྣ་རེ་དྲིས། །ཇི་ཙམ་དྲིས་ཀྱང་ཟད་ཅིང་ཐོགས་པ་མེད། །གཤེན་རབ་ཞལ་ནས་བོན་གཅིག་བསྟན་པ་ལ། །རང་རང་སོ་སོར་ལན་རེ་འདེབས་པར་ཐོས། །ཞེས་དང༌། གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས། གསུང་གཅིག་ཉིད་ལས་མ་བསྒྲགས་ཀྱང༌། །འགྲོ་བ་རིགས་དྲུག་སེམས་ཅན་གྱིས། །སྐད་རིགས་མི་མཐུན་སོ་སོ་རུ། །རང་རང་སྒྲ་སྐད་ཇི་བཞིན་གོ །ཞེས་པ་ལྟར་གསུང་གི་ཡོན་ཏན་དང༌། མདོ་ཕྲན་ལས། འཁོར་འདས་ཤེས་བྱ་མ་ལུས་མཁྱེན། །བདག་གཞན་ཀུན་གྱི་དོན་རྣམས་མཁྱེན། །མཁྱེན་པའི་ཡེ་ཤེས་དྲུག་ཅུ་མཁྱེན། །བླ་མེད་ཕྱིན་བཅུའི་དོན་ཡང་མཁྱེན། །ཞེས་སོགས་ལྟར་མཁྱེན་པའི་ཡོན་ཏན་དང༌། གཡུང་དྲུང་སེམས་དཔའ་གསལ་བའི་འོད་ལྡན་གྱིས་སངས་རྒྱས་ལ་བསྟོད་པའི་མདོ་ལས། ཐུགས་རྗེ་ཆེན་པོ་ཉི་ཟླ་འདྲ། །ཉེ་རིང་མེད་པར་ཀུན་ལ་སྙོམས། །ཀུན་དགའ་མཛད་པའི་རང་བཞིན་ནི། །སྲོག་ལའང་མི་བལྟ་ཆེད་དུ་བསྒྲུབ། །ཅེས་སོགས་ལྟར་བརྩེ་བའི་ཡོན་ཏན་དང༌། ས་ལམ་ཀུན་བཏུས་ཀྱི་དགོངས་དོན་ལྟར། སངས་རྒྱས་ཀྱི་མཛད་ཕྲིན་ནི། འཛིན་རྟོག་མེད་པ། ལྷུན་གྱིས་གྲུབ་པ། སྣ་ཚོགས་སུ་འབྱུང་བ། རྒྱ་ཆེ་བ། ཕྱོགས་རིས་མེད་པ། རྒྱུན་ཆད་བྲལ་བ་སྟེ་ཁྱད་པར་དྲུག་དང་ལྡན་པར་བཤད་པ་ལྟར་འཕྲིན་ལས་ཀྱི་ཡོན་ཏན་དྲན་པར་བྱའོ། །སངས་རྒྱས་ཀྱི་ཡོན་ཏན་དྲན་ཚུལ་འདི་དག་ནི་མདོར་བསྡུས་ཕྱོགས་མཚོན་ཙམ་སྟེ། རྒྱས་པར་སྡེ་སྣོད་མཛོད་སོགས་ལས་ཤེས་དགོས་ཤིང༌།  ཤེར་མདོ་ལས་གསུངས་པའི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཉེར་བཞིའི་བཤད་པ་ནི་ལུང་རིགས་མཛོད་དུ་གསལ་ལོ། །སངས་རྒྱས་ཀྱི་ཡོན་ཏན་བློ་དམན་བདག་འདྲ་ལ་འཆར་བདེ་བའི་ཆེད། སངས་རྒྱས་ཀྱིས་སྤྲུལ་བའི་འོད་ཟེར་སྤྲོས་པ་ཙམ་གྱིས་གདུལ་བྱ་དཔག་ཏུ་མེད་པའི་དོན་ཅིག་ཅར་མཛད་ཚུལ་བཀོད་ན། མངོན་རྟོགས་རིག་པ་རྩེ་མོའི་འབུམ་ལས། དེ་ལྟར་མཉམ་པར་བཞག་པ་དེས། གཤེན་རབ་མཆོག་ཉིད་ཀྱི་དབུ་གཙུག་བདེ་བ་ཆེན་པོའི་གནས་ནས། འོད་ཟེར་ཁ་དོག་རྣམ་པ་ལྔ་འཕྲོས་ཏེ། ལྔ་གང་ཞེ་ན་འདི་ལྟ་སྟེ། །འོད་ཟེར་དཀར་པོ་ནི་ཤེལ་དྭངས་པའི་མདོག་ལྟ་བུའོ། །དམར་པོ་ནི་བྱི་རུའི་སྡོང་བོ་གནམ་དུ་བསྒྲེང་བ་ལྟ་བུའོ། །སེར་བོ་ནི་གསེར་བཙོ་མའི་སྙིང་པོ་ལྟ་བུའོ། །སྔོན་པོ་ནི་གཡུ་ག་ལྗང་གི་མདོག་ལྟ་བུའོ། ལྗང་གུ་ནི་ཤེལ་ལྗང་གུ་ལྟ་བུའོ། །དེ་དག་རེ་རེ་ལས་ཀྱང་འོད་ཟེར་བྱེ་བ་དུང་ཕྱུར་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ། འོད་ཟེར་དེ་དག་རེ་རེའི་རྩེ་མོ་ལ་མེ་ཏོག་པདྨ་རེ་རེ་མངོན་པར་གྲུབ་སྟེ། དེ་ཡང་པདྨ་ཉིད་ནི་གཡུའོ། །སྙིང་པོ་ནི་གསེར་རོ། །ཟེའུ་འབྲུ་ནི་བྱི་རུའོ། །མུ་ཁྱུད་ནི་ཤེལ་ལོ། །ཆེ་ཆུང་གི་ཚད་ནི་ཤིང་རྟའི་འཕང་ལོ་ཙམ་མོ། །པདྨ་དེ་དག་གི་སྙིང་པོ་ལ་བདེ་བར་གཤེགས་པ་གཤེན་རབ་མཆོག་གི་སྐུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་བལྟ་བས་མི་ངོམས་པ་རེ་རེ་བཞུགས་སོ། །དེ་དག་རེ་རེ་ལས་ཀྱང་འོད་ཟེར་དང་པདྨ་དང་སྐུ་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ། དེ་དག་ཐམས་ཅད་ཀྱི་ཞལ་ནས། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བའོ། །བོན་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ཐམས་ཅད་ནི་ཞི་ཞིང་བདེ་བའོ། །ཞེས་སྟོན་ཏོ། །དེ་ལྟ་བུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་ཀྱི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་གྱུར་པས། འོད་ཟེར་དེས་གང་རེག་པ་དང༌། པདྨ་དང་སྐུ་གང་གིས་མཐོང་བ་དང༌། བོན་གྱི་སྒྲ་གང་གིས་ཐོས་པར་གྱུར་པ་དེ་དག་ཐམས་ཅད་སྙིང་པོ་གཡུང་དྲུང་དུ་ངེས་པར་གྱུར་ཏོ། །རིགས་དྲུག་གི་སེམས་ཅན་རྣམས་རང་རང་གི་སྡུག་བསྔལ་དང་བྲལ་ཏེ་བདེ་བ་དང་ལྡན་པར་གྱུར་ཏོ། །གཞན་ཡང་ཚེ་ཐུང་བ་རྣམས་ཚེ་དང་ལྡན་པར་གྱུར་ཏོ། །དབུལ་བོ་རྣམས་ཀྱིས་ནོར་རྙེད་པར་གྱུར་ཏོ། །རྟེན་མེད་པ་རྣམས་ཀྱིས་རྟེན་རྙེད་པར་གྱུར་ཏོ། །དཔུང་གཉེན་མེད་པ་རྣམས་ཀྱིས་དཔུང་གཉེན་རྙེད་པར་གྱུར་ཏོ། །ནད་པ་རྣམས་ནད་ལས་ཐར་པར་གྱུར་ཏོ། །དམུས་ལོང་རྣམས་ཀྱིས་གཟུགས་མཐོང་བར་གྱུར་ཏོ། །གསང་བ་འོན་ཆེན་རྣམས་ཀྱིས་སྒྲ་ཐོས་པར་གྱུར་ཏོ། །སྨྱོན་པ་རྣམས་ཀྱིས་དྲན་པ་རྙེད་པར་གྱུར་ཏོ། །ཞ་བོ་རྣམས་ཀྱི་ཡན་ལག་མཉེན་ཞིང་འགྲོ་ཤེས་པར་གྱུར་ཏོ། །དེ་དག་ཐམས་ཅད་ཀྱང་གཤེན་རབ་དང་གཡུང་དྲུང་གི་བོན་ལ་མོས་པ་དང་དད་པ་དང་དགའ་བ་དང་འདུད་པར་གྱུར་ཏོ། །དེ་བཞིན་མཛོད་སྤུ་སོགས་འོད་ཟེར་སྤྲོ་བའི་གནས་ཐམས་ཅད་ལ་སྦྱར་ཏེ་གསུངས་སོ། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་མཐའ་ནི། །ས་བཅུའི་དབང་ཕྱུག་གིས་ཀྱང་རྟོགས་མི་ནུས་ན། ཐ་མལ་པ་རང་རེ་ལྟ་བུའི་བློར་ནི་ཕྱོགས་ཙམ་ཡང་འཆར་དཀའ་ཕྱིར། ལུང་འདི་ཙམ་གྱིས་ཀྱང༌། སངས་རྒྱས་ནི་རྫུ་འཕྲུལ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པའོ་སྙམ་དུ་དད་པ་འཕེལ་བར་མཐོང་ནས། ཡིག་ཚོགས་ལ་མ་འཛེམ་པར་བྲིས་པའོ། བོན་གྱི་ཡོན་ཏན་ནི། དེ་ལྟ་བུའི་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང༌། བོན་ཚུལ་བཞིན་ཉམས་སུ་བླངས་པ་ལས་བྱུང་ཕྱིར་བོན་ལ་ཡོན་ཏན་མཐའ་ཡས་པ་དང༌། བོན་གྱིས་སྲིད་ཞིའི་འཇིགས་པ་མཐའ་དག་ལས་སྐྱོབ་བའི་ཚུལ་ལ་ཡིད་ཆེས་དགོས། དེ་ཡང་སངས་རྒྱས་ཀྱི་སའི་དག་པ་གཉིས་ལྡན་གྱི་སྐུ་དེ་བོན་དཀོན་མཆོག་མཐར་ཐུག་པ་ཡིན། དེ་ཐོབ་ན་དེས་ནི་སྲིད་ཞིའི་འཇིགས་པ་མཐའ་དག་ལས་སྐྱོབ་པར་བྱེད། དེ་འཐོབ་པ་ལ་འགོག་ལམ་གཉིས་ཀྱིས་བསྡུས་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པའི་རང་བཞིན་གྱི་བོན་དཀོན་མཆོག་དེ་འཐོབ་དགོས། དེས་ནི་འཁོར་བའི་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་བྱེད། དེ་འཐོབ་པ་ལ་སྐྱེས་བུ་ཆུང་ངུའི་སྐབས་ཀྱི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སོགས་ལ་རིམ་པར་སློབ་དགོས། དེ་ནི་བོན་སྐྱབས་དངོས་འགོག་ལམ་གྱི་དོད་ཡིན། དེས་ནི་རྒྱུ་ཉོན་མོངས་དང་འབྲས་བུ་འཁོར་པའི་སྡུག་བསྔལ་ལས་རིམ་པར་བསྐྱབ་ནས། མཐར་ཐུག་གི་སྐྱབས་དེ་མངོན་དུ་བྱེད་པ་ལ་ཉེ་རུ་གཏོང་བ་ནི་སྐྱབས་སུ་འགྲོ་པའི་འགྲོ་པ་ཞེས་པའི་དོན་ཡིན་ནོ། །དགེ་འདུན་གྱི་ཡོན་ཏན་ནི། དེ་ལྟར་འཇིགས་པ་ཐམས་ཅད་སྤོང་བའི་ཡོན་ཏན་དང་ལྡན་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་ཚུལ་བཞིན་ཉམས་སུ་ལེན་པ་པོ་ཡིན་པའི་སྒོ་ནས་དྲན་དགོས། གཙོ་བོ་དགེ་འདུན་དཀོན་མཆོག་ནི། ཐེག་པ་གསུམ་གྱི་འཕགས་ལམ་མངོན་དུ་བྱས་པའི་གང་ཟག་རྣམས་ཡིན་ཡང༌། ཐེག་ཆེན་གྱི་དབང་དུ་བྱས་ན་ཉན་རང་གི་དགྲ་བཅོམ་པ་རྣམས་ཀྱང་གཏན་གྱི་གྲོགས་མིན་ཏེ། དཔེར་ན་མདོ་སྨད་ནས་དབུས་གཙང་དུ་འགྲོ་བའི་མི་ཞིག་ཡར་ཞག་ཁ་ཤས་ཙམ་གྱི་ལམ་ལས་མི་འགྲོ་བའི་མི་དང་འགྲོགས་ཀྱང་མི་ཕན་པ་དང་འདྲ་བས་སོ། །གསུམ་པ་ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བ་ནི། ལམ་རིམ་སུམ་བརྒྱ་པ་ལས། །དེ་ལྟར་སངས་རྒྱས་བོན་དང་སེམས་དཔའ་ལ། །སྟོན་པ་ལམ་དང་སྒྲུབ་པའི་གྲོགས་ཞུས་ཏེ། །རྗེས་སུ་ཞུགས་ནས་བསྒྲུབ་ཅིང་བསྟེན་ནས་ནི། །ཡིད་ཆེས་བློ་གཏད་གཞན་དུ་འགྱུར་བ་མིན། །ཞེས་གསུངས་པ་ལྟར། རང་གཞན་སྡུག་བསྔལ་ལས་སྒྲོལ་བའི་ཐབས་ཚང་ལ་མ་ནོར་བ་སྟོན་མཁན་ཡིན་པས། སངས་རྒྱས་ནི་སྐྱབས་སྟོན་པ་པོ་ཡིན་ཕྱིར། དེས་ཇི་ལྟར་གསུངས་པའི་རྗེས་སུ་ཡིད་ཆེས་ཀྱི་དད་པས་འཇུག་གོ་སྙམ་དུ་བསམ། སྡུག་བསྔལ་ལས་དངོས་སུ་སྐྱོབ་བྱེད་ཀྱི་ལམ་རང་གིས་ཉམས་སུ་བླང་བྱ་ཡིན་པས། བོན་ནི་ལམ་དངོས་སམ་སྐྱབས་དངོས་ཡིན་ཕྱིར། དེ་བདག་གིས་ཚུལ་བཞིན་བསྒྲུབ་པོ་སྙམ་དུ་བསམ། སྡུག་བསྔལ་སྤོང་བའི་ལམ་ཚུལ་བཞིན་བསྒྲུབས་ནས་མྱང་འདས་མངོན་དུ་བྱེད་པའི་མིག་ལྟོས་ཀྱི་ཡུལ་ཡིན་པས། དགེ་འདུན་ནི་ལམ་བསྒྲུབ་པའི་ལམ་གྲོགས་ཡིན་ཕྱིར། དེ་དག་གིས་ཇི་ལྟར་ལམ་ཉམས་སུ་བླངས་པ་བཞིན་རང་གིས་ཀྱང་བསྒྲུབ་པོ་སྙམ་དུ་བསམ། ད་ལྟ་རྫོགས་པའི་སངས་རྒྱས་ཞལ་དངོས་སུ་མི་བཞུགས་ཀྱང༌། རང་ཅག་ཐ་མལ་པ་རྣམས་རྗེས་སུ་གཟུང་སླད་རྫོགས་པའི་སངས་རྒྱས་ཉིད་ཐ་མལ་པའི་གཟུགས་ཀྱིས་དངོས་སུ་བྱོན་པ་ནི་བླ་མ་ཡིན་པའི་ཚུལ་གོང་དུ་བཤེས་གཉེན་བསྟེན་ཚུལ་གྱི་སྐབས་སུ་བཤད་པ་ལྟར་ལགས་ཕྱིར། རང་ལ་ལམ་གྱི་རིམ་པ་སྟོན་པའི་བླ་མ་དེ་སྐྱབས་སྟོན་པ་པོ་དངོས་ཡིན་པར་མ་ཟད་བྱིན་རླབས་འཇུག་པའི་སྒོ་སངས་རྒྱས་ལས་ཀྱང་བླ་མ་བསྔགས་པའི་གནད་ཀྱིས་སྐྱབས་ཀྱི་དང་པོར་བཟུང་སྟེ། འོག་ཏུ་འབྱུང་བའི་སྐྱབས་འགྲོ་བཞི་སྐོར་གྲངས་སུ་བརྗོད་ཅིང་ཡིད་ཆེས་ཀྱི་དད་པས་སྐྱབས་སུ་འགྲོ་བ་ལ་འབད་དགོས། དེ་ལ་གོང་དུ་སངས་རྒྱས་ནི་སྐྱབས་སྟོན་པ་པོ་དང་བོན་ནི་ལམ་དངོས་དང་དགེ་འདུན་ནི་ལམ་གྱི་གྲོགས་ཡིན་པར་བཤད་པའི་དོན་གསལ་བར་བཀོད་ན། དཔེར་ན་ནད་སེལ་བྱེད་དངོས་ནི་སྨན་ཡིན་གྱི་སྨན་པ་མ་ཡིན་ལ། སྨན་པ་ནི་ནད་འདིའི་གཉེན་པོར་སྨན་འདི་དང་འདི་འགྲོ་ཞེས་ནད་སེལ་བའི་ཐབས་སྟོན་པ་པོ་ཡིན་པ་བཞིན། སྡུག་བསྔལ་ལས་སྐྱོབ་བྱེད་དངོས་ནི་བོན་དཀོན་མཆོག་ཡིན་གྱི་སངས་རྒྱས་མ་ཡིན་ཏེ། སངས་རྒྱས་ནི་སྡུག་བསྔལ་ལས་གྲོལ་བྱེད་ཀྱི་ཐབས་ལམ་ཉམས་སུ་ལེན་ཚུལ་སྟོན་མཁན་ཡིན་པས། སངས་རྒྱས་ནི་སྐྱབས་སྟོན་པ་པོ་དང་བོན་ནི་སྐྱབས་དངོས་སུ་བཤད་པའི་དོན་དེ་ཡིན། སངས་རྒྱས་ཀྱིས་སེམས་ཅན་སྡུག་བསྔལ་ལས་སྐྱོབ་ཚུལ་ནི། དཀོན་མཆོག་ལ་ཡིད་ཆེས་ཀྱི་དད་པ་སོགས་ནང་གི་རྐྱེན་རྣམས་མ་ཚང་བའི་གང་ཟག་རྣམས་ནི། དོང་དུ་ལྷུང་བའི་མི་ལག་པ་ནས་ཡར་འཐེན་པའམ་གནག་ཕྱུགས་སྣ་ནས་ཁྲིད་པ་ལྟར་བཙན་ཐབས་སུ་འདྲེན་ཚུལ་གཏན་ནས་མེད། དེ་ཡོད་ན་སངས་རྒྱས་རྣམས་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཕྱིར་མ་བཅོལ་བར་ཡང་སེམས་ཅན་གྱི་དོན་མཛད་པ་ཤ་སྟག་ལགས་ཕྱིར་འཁོར་བ་དོང་ནས་སྤྲུགས་པ་ལ་ཐེ་ཚོམ་མེད་ཀྱང་དེ་ལྟར་མ་མཛད་པའི་ཕྱིར། དེས་ན་གདུལ་བྱ་སྐྱེས་བུ་ཆུང་ངུ་རྣམས་ལ་ངན་སོང་གི་སྡུག་བསྔལ་དང༌། དེའི་རྒྱུ་སྡིག་པའི་ཉེས་དམིགས་བསྟན་ནས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་བརྟེན་ནས་བདེ་འགྲོ་འཐོབ་བྱེད་ཀྱི་བདེན་བཞི་རགས་པ་ཙམ་དང༌། སྐྱེས་བུ་འབྲིང་ལ་གོང་དུ་བཤད་པའི་བདེན་བཞི་ཕྲ་བའི་འཇུག་ལྡོག་བསྟན་ནས་འཁོར་བ་ལས་གྲོལ་བར་བྱེད་པ་དང༌། སྐྱེས་བུ་ཆེན་པོ་རྣམས་ཐེག་ཆེན་གྱི་ལམ་དུ་རིམ་པར་ཁྲིད་ནས་དག་པ་ས་གསུམ་གྱི་སྐབས་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ལས་དབང་གིས་བླངས་པའི་ཡིད་ལུས་ཀྱི་སྡུག་ཀུན་ཤིན་ཏུ་ཕྲ་བ་སྤོང་ཚུལ་བསྟན་ནས་སྐྱོབ་རྒྱུ་ཡིན། དེ་ལྟར་བཤད་པའི་གནད་ནི། བསྐྱབ་བྱ་རང་གི་སེམས་སྟེང་ན་ཡོད་པས། དཀོན་མཆོག་ལ་ཡིད་ཆེས་ཀྱི་དད་པ་དང་སྡིག་སྤོང་དགེ་བསྒྲུབ་སོགས་ནང་གི་རྐྱེན་རྣམས་མ་ཚང་བར་ཕྱི་ཡི་རྐྱེན་སངས་རྒྱས་ཀྱི་མཐུ་ཁོ་ནས་འདྲེན་མི་ནུས་པར་བཤད་པ་ཡིན་གྱི།  གཞན་དུ་སངས་རྒྱས་ལ་མཐུ་དང་ནུས་པ་བསམ་གྱིས་མི་ཁྱབ་ཕྱིར། རང་གི་རྒྱུད་ལ་དགེ་སེམས་སྣ་གཅིག་སྐྱེས་པ་ཡན་སངས་རྒྱས་ཀྱི་མཐུ་ཡིན་པ་ཡང་ཤེས་དགོས་སོ། །ནད་པ་གཞན་གྱིས་སྨན་དང་ཁ་ཟས་སྤྱོད་ལམ་ཐམས་ཅད་སྨན་པའི་ངག་ལྟར་བྱས་པས་ནད་ལྷག་མེད་དུ་དྭངས་པ་མཐོང་བས། དེ་བཞིན་ནད་ཀྱིས་ཉེན་པའི་གང་ཟག་རང་གིས་ཀྱང་བྱས་ན་ནད་ལས་གྲོལ་བར་ཡིད་ཆེས་ནས་དེ་བཞིན་བྱེད་པ་ལྟར། འཕགས་པའི་དགེ་འདུན་རྣམས་ཀྱིས་སྔོན་ལམ་ཚུལ་བཞིན་ཉམས་སུ་བླངས་པས་ད་ལྟ་གོ་འཕང་མཐོན་པོར་གཤེགས་པར་མཐོང་ནས། རང་གིས་ཀྱང་དེ་ལྟར་ལམ་ཉམས་སུ་ལེན་དགོས་སྙམ་དུ་ཁ་མིག་ཡར་ལྟོས་བྱེད་དགོས་པས། དགེ་འདུན་ལམ་བསྒྲུབ་པའི་གྲོགས་ཡིན་ཟེར་བའི་དོན་ཡང་དེ་ལྟར་ཤེས་དགོས། །ད་ལྟ་རང་ལ་བླ་མས་ལམ་གྱི་རིམ་པའི་ཁྲིད་གནང་ནས་བླང་དོར་གྱི་མིག་ཕྱེ་བ་ནི། སྐྱབས་སྟོན་པ་པོ་དངོས་དང༌། བླ་མའི་གསུང་ལ་བརྟེན་ནས་རང་གིས་སྐྱབས་འགྲོ་ལ་འབད་ཅིང་ལས་འབྲས་སྤང་བླང་ལ་གཟབ་པ་སོགས་ནས། སྐྱོན་སྣ་གཅིག་སྤང་ཡོན་ཏན་སྣ་གཅིག་བསྒྲུབ་པ་ཡན་བོན་སྐྱབས་དངོས་ཡིན། ལམ་རིམ་ཉམས་སུ་ལེན་པའི་གང་ཟག་གཞན་ལ་མིག་ལྟོས་བྱས་ཏེ་རང་ཡང་དེ་ལྟར་འབད་པ་ནི་དགེ་འདུན་ལ་སྐྱབས་སུ་འགྲོ་བའི་ཚུལ་ཡིན་ནོ། །རང་ཅག་རྣམས་ཚེ་རབས་ཐོག་མེད་ནས་བསགས་པའི་ངན་གོམས་ཀྱི་བག་ཆགས་མཐུག་པས། ཚེ་འདིར་ཡང་ལས་ངན་བསགས་ཚབས་ཆེ་ཞིང༌། གཉེན་པོའི་ཕྱོགས་བཅོས་མ་ཙམ་རེ་ལས་འོང་དཀའ་བས་སྐྱབས་འགྲོའི་སྐབས་འདི་སོགས་གང་ལ་ཡང་ལན་གཅིག་གཉིས་རེ་བསམ་པ་ཙམ་གྱིས་གསུང་རབ་ནས་བཤད་པའི་འབྲས་བུ་འབྱིན་མི་ནུས་པ་ནི། དཔེར་ན་ནད་ཚབས་ཆེན་པོས་བཏབ་པར་སྨན་ཐུན་རེ་གཉིས་ཙམ་གྱིས་ནད་ལྷག་མེད་དུ་འགྲོ་མི་ནུས་པ་དང་འདྲ་ཕྱིར། རང་ཉིད་མ་ཤི་ཚུན་ཆད་དུ་ལོ་ཟླའི་ཡུན་དང་སྦྲེལ་ལ་འབད་དགོས། དེ་ཡང་སྔར་བཤད་ཀྱི་སྐྱབས་འགྲོའི་རྒྱུ་གསུམ་ཤུགས་དྲག་པོ་ཞིག་གི་ངོས་ནས། མདུན་མཁར་ཚོགས་ཞིང་རྒྱས་པ་གསལ་བཏབ་སྟེ། དེའི་མདུན་དུ་རང་གིས་མཁའ་མཉམ་སེམས་ཅན་གྱི་སྣ་དྲངས་ཏེ། དཀོན་མཆོག་གི་ཡོན་ཏན་དྲན་པའི་ཡིད་ཆེས་ཀྱི་དད་པས་གཏན་གྱི་སྐྱབས་སུ་བཟུང་ནས། རང་གཞན་སེམས་ཅན་ཐམས་ཅད་འཕྲལ་དུ་རྒྱུ་མི་དགེ་བཅུ་དང་འབྲས་བུ་ངན་སོང་གི་སྡུག་བསྔལ། ཕུགས་སུ་རྒྱུ་ཀུན་འབྱུང་ལས་ཉོན་དང་འབྲས་བུ་སྡུག་བདེན་འཁོར་བའི་འཇིགས་པ་དང༌། ཁྱད་པར་རང་གཅེས་འཛིན་གྱི་བློ་ངན་དང་བདག་གཉིས་སུ་མཚན་མར་འཛིན་པ་སོགས་སྲིད་ཞིའི་རྒུད་པ་མཐའ་དག་ལས་སྐྱོབས་ཤིག་སྙམ་དུ་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་དང་བཅས། ངག་ཏུ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །བོན་ལ་སྐྱབས་སུ་མཆིའོ། །གཤེན་རབ་གཡུང་དྲུང་སེམས་དཔའི་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་བཞི་སྐོར་གྲངས་སུ་བརྗོད། མཐར་ཚོགས་ཞིང་རྣམས་ཀྱི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས་པས། རང་གཞན་ཐམས་ཅད་ཀྱིས་མཆོག་གསུམ་རིན་པོ་ཆེ་ཡུལ་དུ་བྱས་ཏེ་བསགས་པའི་སྡིག་ལྟུང་གི་རིགས་རྣམས་ལྷག་མེད་དུ་སྦྱངས་ནས་ཐུགས་རྗེའི་སྐྱབས་འོག་ཏུ་ཚུད་དེ་ལམ་གྱི་རྟོགས་པ་མཐའ་དག་རྒྱུད་ལ་སྐྱེས་པར་བསམ་དགོས། དེ་ལྟར་སྐྱབས་འགྲོ་ལ་ཡང་ཡང་བློ་སྦྱང་བར་གོམས་ན་རྨི་ལམ་དུ་འཇིགས་སྐྲག་ལྟ་བུ་བྱུང་ཚེ་སྐྱབས་འའགྲོ་བྱེད་རྒྱུ་དྲན་ཐུབ་པ་ཞིག་འོང་བས་དེ་མ་བྱུང་གི་བར་དུ་འབད་ཅིང༌། དེ་ནས་ཀྱང་གོམས་སུ་བཅུག་པས་འཆི་ཁར་དཀོན་མཆོག་རྗེས་སུ་དྲན་ནས་སྡུག་བསྔལ་གྱི་ཚོར་བ་ཟིལ་གྱིས་གནོན་པ་དང༌། བར་དོར་ཡང་སྐྱབས་གྲོ་བྱེད་རྒྱུ་དྲན་ཐུབ་པས་ཕན་པ་ཆེར་འབྱུང་བར་གསུངས།བཞི་པ་དེ་ལྟར་སྐྱབས་སུ་སོང་བའི་བསླབ་བྱ་དང་ཕན་ཡོན་བཤད་པ་ལ་གཉིས་ལས། དང་པོ་སྐྱབས་འགྲོའི་བསླབ་བྱ་ལ་གསུམ། སྐྱབས་གསུམ་ཐུན་མོང་གི་བསླབ་བྱ་དང༌། སོ་སོའི་བསླབ་བྱ་དང་ཆ་མཐུན་གྱི་བསླབ་བྱའོ། །དང་པོ་སྐྱབས་གསུམ་ཐུན་མོང་གི་བསླབ་བྱ་ནི། དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པར་བྱ་ཞིང་དུས་རྟག་ཏུ་སྐྱབས་འགྲོ་ལ་བསླབ་པ་དང༌། དུས་དུས་སུ་དཀོན་མཆོག་མཆོད་པ་ལ་བརྩོན་ཞིང༌། ཅི་ཟ་ཅི་འཐུང་གི་ཕུད་ཀྱང་འབུལ་བ་དང༌། སྲོག་ལ་བབས་ཀྱང་དཀོན་མཆོག་གསུམ་མི་སྤང་ཞིང༌། ཀུ་རེ་དང་བཞད་གད་ཀྱི་ཕྱིར་ཡང་དཀོན་མཆོག་སྤོང་ཞེས་མི་སྨྲ་བ་དང་གསུམ་ཡིན་པར་སློབ་དཔོན་ལི་ཤུས་གསུངས་སོ། །གཉིས་པ་སོ་སོའི་བསླབ་བྱ་ནི། སློབ་དཔོན་ལི་ཤུས། སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷ་གཞན་ལ་ཕྱག་མི་འཚལ་བ་དང༌། བོན་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤང་བ་དང༌། སེམས་དཔའ་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་དང་མི་འགྲོགས། ཞེས་པས། སངས་རྒྱས་ལ་སྐྱབས་སུ་སོང་ཕྱིན་ཆད་དཔལ་འབྱོར་དང་གཟི་བྱིན་མཐུ་དང་རྫུ་འཕྲུལ་གང་གིས་ཀྱང་སྲིད་ན་མངོན་པར་མཐོ་བ་སྐྱེ་རྒུའི་བདག་པོ་ཚངས་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་དབང་ཕྱུག་ཆེན་པོ་ཁྱབ་འཇུག་སོགས་འཁོར་བ་ལས་མ་གྲོལ་བའི་ལྷ་ལ་གཏན་གྱི་སྐྱབས་སུ་རེ་བས་ཕྱག་འཚལ་མི་རུང་ན་ངན་འགྲོའི་སྐྱེ་གནས་ལས་མ་འཕགས་པའི་གཞི་བདག་མི་མ་ཡིན་དང༌། རྒྱལ་བཙན་ཐེ་རང་སོགས་ཡུལ་འདྲེ་རྣམས་ལ་ཕྱག་བྱས་ནས་ཡིད་ཁྱེད་ཤེས་ཀྱི་གསོལ་འདེབས་བྱེད་ག་ལ་རུང༌། དེས་ན་ཕྱི་རྒྱུད་ལྟར་དཀར་ཕྱོགས་སྐྱོང་བའི་དཔལ་མགོན་རྣམས་ལ་གཏོར་མ་བསྔོ་བའི་ཚེ་ཡང་གནས་སྐབས་སུ་བོན་མཐུན་གྱི་བྱ་བ་འགྲུབ་པའི་གྲོགས་འཆོལ་བའི་བསམ་པ་ཙམ་བསྐྱེད་ན་མི་རུང་བ་མེད་དེ། དཔེར་ན་ནད་སེལ་ཆེད་སྨན་པ་ལ་རེ་ལྟོས་འཆའ་བ་ལྟ་བུའོ། །བོན་ལ་སྐྱབས་སུ་སོང་ནས། སེམས་ཅན་སྲོགས་ཆགས་ཕྲ་མོ་ཡན་ཆད་ལ་དངོས་དང་བརྒྱུད་ནས་གནོད་པའི་བྱ་བ་ངོ་ལྐོག་མེད་པར་སྤང་དགོས། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་དང་སྡིག་པའི་གྲོགས་པོ་སྤང༌། དེ་ཡང་མུ་སྟེགས་པ་དངོས་བོད་ན་མེད་ཕྱིར་རང་རེ་ལ་མི་གནོད་ཀྱང༌། གང་དང་འགྲོགས་ན་རང་གི་ལུས་ངག་ཡིད་གསུམ་བག་མེད་པའི་ལས་ལ་སྦྱོར་བར་བྱེད་པའི་སྡིག་གྲོགས་དང་འགྲོགས་ན་གཏན་གྱི་མདུན་མ་བརླག་པར་འགྱུར་ཕྱིར་དེ་ལ་འགོ་བའི་ནད་བཞིན་འཛེམ་པ་གལ་ཆེ། ཚུལ་ཁྲིམས་གཙང་བའི་གྲོགས་དང་འགྲོགས་ན་རང་ཡང་བསྲུང་སྡོམ་དག་པར་འགྱུར་བ་དང༌། ཚུལ་འཆལ་སྤྱོད་ངན་དང་འགྲོགས་ན་ཚེ་སྟོད་རབ་བྱུང་གི་གྲལ་དབུར་སྡོད་པ་ཡང་ཚེ་སྨད་ཁྱིམ་གནས་བཟའ་དཔོན་རྒན་པོར་འགྱུར་བ་མང་སྟེ། དྲི་མེད་མདོ་ལས། ཁྲིམས་ལྡན་མང་གི་མུ་སྙེགས་ན། །བཙུན་པ་ཤུགས་ཀྱིས་འབྱུང་བར་འགྱུར། །དམན་པའི་གྲོགས་དང་འགྲོགས་པ་ན། །མ་རབས་ཞར་ལ་འབྱུང་བར་འགྱུར། །ཞེས་སོ། །གསུམ་པ་ཆ་མཐུན་གྱི་བསླབ་བྱ་ནི། སངས་རྒྱས་ཀྱི་སྐུ་གཟུགས་རྒྱུ་དང་བཟོ་ལེགས་ཉེས་ཅི་འདྲ་ལ་ཡང༌། སྐྱོན་གདགས་པ་དང་འགོམ་ཡུག་དང་རིན་ཐང་གཅལ་བ་སོགས་མ་གུས་པ་སྤངས་ལ། སངས་རྒྱས་ཀྱི་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་ནས། སངས་རྒྱས་དངོས་དང་འདྲ་བར་བཀུར་བསྡི་ཕྱག་མཆོད་སོགས་བྱས་ན། སངས་རྒྱས་ཀྱི་མཚན་དཔེའི་སྐུ་དངོས་ལ་མཆོད་པ་དང་ཁྱད་པར་ཅུང་ཟད་ཀྱང་མེད་དེ། ད་ལྟ་རང་རེ་ལས་མ་དག་པས་དེ་ལྟར་མི་སྣང་ཡང་རྟོགས་པ་མཐོན་པོར་སོང་ནས་སྐུ་བརྙན་གྱིས་བོན་གསུངས་པ་སོགས་སྟོན་པ་དངོས་ཀྱི་བྱ་བ་བྱེད་པར་གསུངས། སངས་རྒྱས་ཀྱི་སྐུ་བརྙན་ལ་སྐྱོན་འདོགས་བྱས་ན་ཉེས་དམིགས་ཤིན་ཏུ་ལྕི་བ་ནི་དབུས་བཟའ་རིན་ཆེན་གསལ་གྱི་སྐྱེ་བ་སྔོན་མ་སྣང་ཡེ་རྒྱལ་བུའི་ལོ་རྒྱུས་ལྟ་བུ་ཡིན། བོན་ནི་ཚིག་བཞི་པ་ཞིག་ཡན་ཆད་ལའང་འགོམ་ཡུག་སོགས་མ་གུས་པ་སྤང་ཞིང༌། གླེགས་བམ་གཏའ་མར་འཇུག་པ། ཟོང་དུ་བྱེད་པ། ས་སྒྲེ་བོར་འཇོག་པ། རུམ་དུ་བཅུག་པ། སོ་དྲེག་གིས་ཡི་གེ་སྦྱར་བ་སོགས་སྤང་ལ། བོན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་བཀུར་དགོས། གསུང་རབ་བཙོང་བའི་རིན་གྱིས་རང་གི་ཁ་ཟས་རྒྱབ་གོས་སོགས་བྱས་ན་ཉེས་པ་ལྕི་བ་ལྟ་ཅི་སྨོས། དགེ་ཕྱོགས་ཀྱི་ཆེད་དུ་གསུང་རབ་བཙོང་ཡང་ཉེས་པ་འབྱུང་ཕྱིར། དེ་འདྲའི་ཚོགས་བསགས་དེ་བྱོལ་ནས་གསུང་རབ་དེ་དགེ་འདུན་གྱི་གཙུག་ལག་ཁང་དུ་བཀུར་བསྡི་བཅས་བཞུགས་བཅུག་ན་ཕན་ཡོན་ཆེ། རང་ཅག་རྣམས་བོན་སྤང་གི་ལས་ཕྲ་རགས་གང་ལའང་མི་འཛེམ་པར། གསུང་རབ་ལ་མ་གུས་པ་བྱེད་པ་ནི་དུད་འགྲོ་བཞིན་རྨོངས་པར་འགྱུར་བའི་ལས་བསགས་པ་སྟེ། ལས་དེས་དམུས་ལོང་དང་ལྐུགས་པའི་ལུས་བརྒྱུད་མར་ལེན་པ་ནི། དཔེ་བོན་གཙུག་རྒྱལ་གྱི་གཏམ་རྒྱུད་ལྟ་བུ་ཡིན། ཁྱད་པར་བོན་གསར་རྙིང་ལྟ་བུའི་ཕྱོགས་ཞེན་གྱིས་གྲུབ་མཐའི་ཁ་འཛིན་ཡིན་ཁུལ་གྱིས་འཆལ་གཏམ་ཁ་ནས་ཐོན་ཚད་དུ་སྨྲ་བ་དང་གསུང་རབ་ལ་མ་གུས་པ་སྣ་ཚོགས་ཤིག་བྱེད་པ་འདིས། བསྟན་པ་ལ་ཕན་པ་མི་འབྱུང་བའི་ཁར་རང་ཉིད་དཀོན་མཆོག་གི་སྐྱབས་འོག་ནས་ཕྱིར་བུད་པར་འགྲོ་བས། བོན་སྤང་གི་ལས་རྣམ་སྨིན་མི་བཟད་པ་འདི་འདྲར་འཛེམ་པ་གལ་ཆེ། དགེ་སྦྱོང་གི་རྟགས་ཙམ་འཛིན་པ་ཡན་ཆད་ལ་ཚུལ་ཁྲིམས་འཆལ་བ་སོགས་རྒྱུ་མཚན་དུ་བྱས་ནས་བརྙས་སྨོད་དང་བརྡེག་འཚོག་བྱེད་པ། ཞལ་དུ་འདུ་བའི་སྒོ་འཕྲོག་པ། དབྱེན་བྱེད་པ། ཁྱེད་དང་ངེད་ཀྱི་རིས་སུ་གཅོད་པ་སོགས་སྤངས་ནས། འཕགས་པའི་དགེ་འདུན་ལྟར་བཀུར་དགོས་པར་མ་ཟད། ཐ་ན་དགེ་འདུན་གྱི་ན་བཟར་གཏོགས་པའི་གོས་དུམ་དམར་སེར་ཡན་ཆད་མི་འགོམ་པར་གཙང་སར་སྐྱེལ་བའི་དམ་པའི་མཛད་སྲོལ་ལ་བསླབ་པ་རྣམས་ཆ་མཐུན་གྱི་བསླབ་བྱ་གསུམ་ཡིན་པར་སྔོན་འགྲོའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོ་དང་སྐྱབས་འགྲོ་ཉི་ཤུ་པའི་ཊཱི་ཀ་ལས་གསུངས་སོ། །མདོར་ན་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བའི་རིགས་ལ་ཕྲ་ཞིང་ཕྲ་བ་ནས་འཛེམ་པ་དང༌། ཚོགས་གཉིས་ཀྱིས་བསྡུས་པའི་རྣམ་པར་དཀར་བའི་ལས་ལ་སྒོ་ཐམས་ཅད་ནས་འབད་པ་ནི་སྐྱབས་འགྲོའི་བསླབ་བྱའི་གཙོ་བོ་ཡིན་ནོ། །དེ་ལྟར་བླང་དོར་ལ་གཟབ་ཀྱང༌། སྙིགས་མའི་དུས་འདིར་ནག་ཕྱོགས་བདུད་རིགས་རྣམས་སྟོབས་ཆེ་བས་དགེ་བསམ་ལ་བར་གཅོད་ཀྱི་མཚན་མ་ལྷག་པར་རྒོད་སྲིད་པ་ནི། གྲུབ་ཐོབ་ཤར་བ་རྣལ་འབྱོར་གྱིས། ཐར་པའི་ལམ་ཞུགས་ཉམས་སུ་ལེན་པ་ལ། །སྟོན་ཁའི་ལོ་ཏོག་འདྲ་བར་བར་ཆད་རྒོད། །ཅེས་གསུངས་པ་ལྟར་ལགས་ཕྱིར་རང་ལ་དགྲ་འདྲེའི་གནོད་པ་དང་ལུས་ཀྱི་ན་ཚ་སེམས་ལ་སྡུག་བསྔལ་སོགས་རྐྱེན་ངན་ཅི་བྱུང་ཡང་བླ་མ་དཀོན་མཆོག་ལ་རྒྱབ་རྟེན་བྱེད་པ་ལས། སྐྱོབ་བྱེད་ཀྱི་ཐབས་གཞན་མི་འཚོལ། གལ་ཏེ་སྨན་དཔྱད་དང་གཏོ་བཅོས་སོགས་བྱེད་དགོས་པ་བྱུང་ཡང་དེ་ཀུན་དཀོན་མཆོག་གི་ཕྲིན་ལས་སུ་ཤེས་དགོས། ཕྱི་མའི་སྐྱབས་གནས་དཀོན་མཆོག་ཡིན་ཡང་འཕྲལ་གྱི་བྱ་བ་ཡིད་བཞིན་དུ་བསྒྲུབ་པ་ལ་འཇིག་རྟེན་པའི་ལྷ་རྣམས་མཆོག་ཏུ་མྱུར་བར་བཟུང་ནས་བློ་གཏད་འཆའ་པ་ནི། དཀོན་མཆོག་གི་ཐུགས་རྗེ་ལས་འཕྲལ་ཡུན་གྱི་ལེགས་ཚོགས་ཡིད་བཞིན་དུ་འབྱུང་བ་མ་ཤེས་པའི་རྟགས་ཡིན་པར་མ་ཟད་སྔར་བཤད་ལྟར་སྐྱབས་འགྲོ་གཏོང་བའི་རྒྱུ་རུ་ཡང་འགྱུར་བ་ཤེས་དགོས། ད་ལྟ་སྲུང་མ་འཇིག་རྟེན་པ་ལ་དད་ཞེན་ཆེར་བྱེད་པ་རྣམས་ལ་འཕྲལ་དུ་ལེགས་ལེགས་འདྲ་ཡང༌། ཕུགས་སུ་མི་འདོད་པའི་རྐྱེན་ངན་མང་པོ་ཐོག་ཏུ་འབབ་པར་གསུངས། དེའི་རྒྱུ་མཚན་ཡང་འཇིག་རྟེན་པའི་ལྷ་འདྲེ་རྣམས་དགའ་ན་ཕན་འདོགས་པ་ལྟར་བྱེད་ཀྱང༌། མ་དགའ་ན་སྲོག་འཕྲོག་པ་སོགས་གནོད་པ་སྣ་ཚོགས་རྩོམ་པ་ཡིན། བླ་མ་མཆོག་གསུམ་ཁོ་ན་ལ་བློ་ཕུགས་གཏད་པའི་གང་ཟག་ལ་འཕྲལ་དུ་ནད་དང་ཁ་མཆུ་སོགས་ཉུང་ཞིང་ཅི་བྱེད་ལམ་དུ་འགྲོ་བ་ཞིག་ངེས་པར་འབྱུང་བར་གསུངས་པས། དེས་ན་ཚེ་འདི་རུ་བདེ་ལ་ཕྱི་མར་སྐྱིད་པ་ཡིན་ནོ། །གཉིས་པ་སྐྱབས་སུ་སོང་བའི་ཕན་ཡོན་ནི། སྡེ་སྣོད་རིན་པོ་ཆེའི་མཛོད་ལས། ནང་བའི་ཁྱུར་ཚུད་སྡོམ་པའི་གཞི་རྟེན་བྱེད། །སྔོན་བསགས་སྡིག་སྒྲིབ་འཛད་ཅིང་ཕྱིས་མི་གསོག །གནོད་པས་མི་ཚུགས་ཐར་པའི་ས་བོན་ཐེབས། །ངན་འགྲོའི་གཡང་སྲུང་ཡོན་ཏན་གོང་འཕེལ་འགྲོ། ཞེས་སྐྱབས་སུ་སོང་བའི་ཕན་ཡོན་བརྒྱད་གསུངས་པའི་དང་པོ་ནི། ཕྱི་ནང་གི་གྲུབ་མཐའ་ལ་ལམ་འབྲས་སོགས་ཀྱི་ཁྱད་པར་གཞན་ཡང་མང་མོད་དེ་འཇུག་སྒོའི་ཐོག་མ་ནི། དཀོན་མཆོག་ལ་སྐྱབས་སུ་འགྲོ་མི་འགྲོའི་སྒོ་ནས་ཕྱི་ནང་གི་ཁྱད་པར་དབྱེ་ཕྱིར་ལམ་འགྲེལ་ཐར་ལམ་གསལ་བྱེད་སོགས་སུ། ཕྱི་བ་དང་ནང་བ་སྐྱབས་འགྲོས་དབྱེ། གསུངས་པ་ཡིན། དཀོན་མཆོག་ལ་སྙིང་ཐག་པ་ནས་ཡིད་ཆེས་ཀྱི་དད་པས་སྐྱབས་སུ་འཛིན་པའི་སྐྱབས་འགྲོ་རྣམ་དག་ཅིག་རྒྱུད་ལ་མ་སྐྱེས་ན། ཕར་བལྟས་ཚོད་ལ་བཤད་སྒྲུབ་ཀྱི་བསྟན་པའི་བདག་པོ་ལྟར་སྣང་ཡང་དོན་ལ་བསྟན་པའི་སྒོ་རུ་ཡང་མ་ཚུད་པ་ཡིན་པས། སྐྱབས་སུ་འགྲོ་བ་འདི་བསྟན་པའི་འཇུག་སྒོ་ཉག་གཅིག་ཏུ་ཤེས་དགོས། གཉིས་པ་ནི། ངེས་འབྱུང་གི་བསམ་པ་སྔོན་དུ་སོང་བའི་སྐྱབས་འགྲོ་རྣམ་དག་ལས། ཉིན་ཞག་ཕྲུག་གཅིག་གི་སྡོམ་པ་ནས་བཟུང་སོ་ཐར་རིགས་བརྒྱད་ཀྱི་སྡོམ་པ་ཐམས་ཅད་རྒྱུད་ལ་སྐྱེ་བར་མ་ཟད་སྡོམ་པ་དེ་ཀུན་རྒྱུད་ལ་གནས་པ་ཡང་སྐྱབས་འགྲོ་ལ་རག་ལས་ཕྱིར་སློབ་དཔོན་ལི་ཤུས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང༌། །སྐྱབས་སུ་མ་སོང་སྡོམ་པ་མེད། །ཅེས་གསུངས། གཞན་ཡང་བྱང་སེམས་དང་སྔགས་སྡོམ་གྱི་སྔོན་དུ་ཡང་སྐྱབས་འགྲོ་མཚན་ཉིད་ཚང་བ་ཞིག་ངེས་པར་འགྲོ་དགོས་སོ། །གསུམ་པ་ནི། སྡིག་ལྟུང་གི་ཁུར་གྱིས་ནོན་པས་ངན་འགྲོའི་གཡང་ས་འཇིགས་སུ་རུང་བར་ལྟུང་ཉེ་བས་ཀྱང་དཀོན་མཆོག་ལ་ཚུལ་བཞིན་སྐྱབས་སུ་སོང་བས་ལས་ངན་རྣམས་འཛད་ཅིང་ངེས་པར་ཐར་ནུས་པ་ནི། རྔོན་པ་ཀ་ལ་ཡ་ནག་པོ་བྱ་བས་ཕ་མ་བསད་པའི་མཚམས་མེད་ཀྱི་ལས་བསགས་པར་འགྱོད་དེ་དཀོན་མཆོག་ལ་སྙིང་ནས་སྐྱབས་འགྲོ་བྱས་པའི་མཐུས། ཕྱི་མར་མི་ལུས་དགེ་སྤྱོད་དུ་སྐྱེས་པར་བཤད་པ་དང༌། བདུད་རྒྱ་ལག་ཐོད་རྗེས་སངས་རྒྱས་ཀྱི་ཡོན་ཏན་ལ་དད་ནས་སྐྱབས་སུ་སོང་བས་ཚེ་འཕོས་ནས་ལྷའི་ཁྱེའུ་ཞིག་ཏུ་སྐྱེས་ཏེ་སངས་རྒྱས་ལས་བོན་མཉན་པས་ཐར་པ་ཐོབ་པ་ལྟ་བུ་ཡིན། བཞི་པ་ནི། དཀོན་མཆོག་ལ་སྐྱབས་སུ་སོང་བས་ཚེ་འདིར་ཡང་དགེ་བསམ་ཡིད་བཞིན་དུ་འགྲུབ་ཅིང་སྡིག་ལྟུང་གིས་མི་གོས་པ་དང༌། ཕྱི་མར་བདེ་འགྲོའི་ལུས་རྟེན་བརྒྱུད་མར་འཐོབ་ཅིང༌། སྔར་གྱི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུར་དཀོན་མཆོག་ལ་དད་ཅིང་སྡིག་སྤོང་དགེ་བསྒྲུབ་ལ་ངང་གིས་གཞོལ་བར་འགྱུར་བ་ནི་རྒྱུ་མཚན་སྔ་མས་ཀྱང་ཤེས་སོ། །ལྔ་བ་ནི། རང་ལ་འབྱུང་པོ་མི་དང་མི་མིན་གྱི་གནོད་པ་ཅི་ལྟ་བུ་བྱུང་ཡང་སྐྱོབ་བྱེད་ཀྱི་ཐབས་གཞན་བསྟེན་མི་དགོས་པར་དཀོན་མཆོག་ལ་སྐྱབས་སུ་སོང་བ་ཁོ་ནས་ཞི་བར་བྱེད་ནུས་ཏེ། སྔོན་རྒྱ་གར་གྱི་ཡུལ་དུར་ཁྲོད་ཨུ་བེར་བྱ་བར་གནོད་སྦྱིན་མ་དྲང་ཁ་ཆེ་ཟེར་བའི་མི་མ་ཡིན་མི་བསྲུན་པའི་གདུག་རྩུབ་ཅན་ཞིག་ཡོད་པ་དེས། གནས་དེར་བཞུགས་པའི་སྒྲུབ་པ་པོ་དཔོན་གསས་ཁྲི་རྗེ་བྱ་བ་བཟའ་བར་ཆས་པ་ན། དབོན་གསས་ཀྱིས་ཡི་དམ་ལ་སྐྱབས་འགྲོ་བྱས་པས་མེའི་ཕུང་པོར་སོང་ནས་གནོད་སྦྱིན་རྣམས་གཞོག་རག་རག་ཏུ་སོང་ནས་ཉེ་བར་མ་ནུས་པ་དང༌། རྒྱལ་ཡུམ་བྱམས་མ་ལ་སྐྱབས་སུ་སོང་བས་དགྲ་གདོན་དུག་གི་འཇིགས་པས་མནར་བ་དུ་མ་འཇིགས་པ་དེ་དག་ལས་སོ་སོར་བསྐྱབ་པའི་གཏམ་རྒྱུད་ལྟ་བུའོ། །དྲུག་པ་ནི། དཀོན་མཆོག་གི་ཡོན་ཏན་ཤེས་ནས་ཡིད་ཆེས་ཀྱི་དད་པས་སྐྱབས་སུ་སོང་ན་ཐར་པའི་ས་བོན་རྒྱུད་ལ་ཐེབས་ཏེ་གདོན་མི་ཟ་བར་མྱ་ངན་ལས་འདའ་བར་མ་ཟད་བོན་གྱི་སྒྲ་ཙམ་ཐོས་པས་ཀྱང་ཐར་པའི་ས་བོན་རྒྱུད་ལ་འཇོག་པ་ནི། །ཡི་དྭགས་གུ་གུ་ཧ་དང༌། དམྱལ་བ་མེ་ལྕེ་ཅན་དང༌། དུད་འགྲོ་ཧ་ལི་པ་ཏ་ཞེས་བྱ་བས་བོན་གྱི་སྒྲ་ཙམ་ཐོས་པས་ཀྱང་མྱང་འདས་ཀྱི་ས་བོན་རྒྱུད་ལ་ཐེབས་ནས་འཁོར་བའི་སྡུག་བསྔལ་ལས་གྲོལ་བར་གསུངས་པས་ཀྱང་ཤེས་སོ། །བདུན་པ་ནི། ངན་སོང་དུ་སྐྱེ་ངེས་ཀྱི་ལས་སྟོབས་ཅན་བསགས་པས་ཀྱང་དཀོན་མཆོག་ལ་སྐྱབས་སུ་འགྲོ་བར་བརྩོན་ན་ད་ལྟ་ལས་ཀྱི་འབྲས་བུ་མ་གྲུབ་པའི་སྐབས་འདིར་ངན་འགྲོའི་སྐྱེ་བ་བཟློག་ནུས་པར་མ་ཟད་ངན་འགྲོར་སྐྱེས་ཟིན་པའི་རྗེས་སུ་ཡང་དཀོན་མཆོག་ལ་སྙིང་ནས་དད་པས་སྐྱབས་སུ་སོང་ན་ཡང་མྱུར་དུ་ཐར་པ་ནི། སྡིག་ཅན་གཏོ་བུ་དོད་དེས་ཚེ་འདིར་སངས་རྒྱས་ཀྱི་དྲུང་ནས་བོན་མཉན་ཡང་ཡིད་ཆེས་ཀྱི་དད་པ་བག་ཙམ་ཡང་མེད་པས་སྡིག་འཕྲོ་གཅོད་པ་ཙམ་ཡང་མ་ནུས་ཏེ། ཤི་ནས་དམྱལ་བར་སྐྱེས་པ་ན་ལས་འབྲས་ལ་ཡིད་ཆེས་ནས་སངས་རྒྱས་ལ་དད་པས་སྐྱབས་སུ་སོང་བས་དམྱལ་བའི་སྡུག་བསྔལ་ལ་ཡུན་རིང་སྦྱང་མ་དགོས་པར་འཕྲལ་དུ་ཐར་པའི་ལོ་རྒྱུས་མདོ་ལས་གསུངས་པ་ལྟ་བུའོ། །བརྒྱད་པ་ནི། དཀོན་མཆོག་ལ་སྐྱབས་སུ་སོང་བས་འཕྲལ་དུ་དགེ་བསམ་ལ་བར་གཅོད་ཀྱིས་མི་བརྫི་ཞིང་གོང་དུ་འཕེལ་བ་དང༌། གཞན་དག་ཀྱང་འཕྲལ་གྱི་འཇིགས་པ་ལས་བདག་གིས་སྐྱོབ་ནུས་པའི་ཡོན་ཏན་འཐོབ་པ་དང༌། ཕུགས་སུ་ས་ལམ་གྱི་ཡོན་ཏན་རྣམས་ཡར་ཚེས་ཀྱི་ཟླ་ལྟར་འཕེལ་ཞིང་དོན་གཉིས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་འཐོབ་པར་འགྱུར་ཏེ།  སེམས་ལུང་ལས། གང་གིས་ཡུལ་མཆོག་བཞི་ལ་སྐྱབས་སོང་ན། །ཕྱི་ནང་གསང་བའི་བདུད་ཀྱིས་མི་ཚུགས་ཤིང༌། །འགྲོ་བ་གཞན་ཡང་བདག་གིས་སྐྱོབ་པ་དང༌། །བསམ་དོན་དགེ་ཚོགས་གོང་དུ་འཕེལ་བར་འགྱུར། །མཐར་ནི་ཀུན་གྱི་མགོན་སྐྱབས་བདག་གྱུར་ཏེ། །འགྲོ་བའི་དོན་རྣམས་ལྷུན་གྱིས་འགྲུབ་པར་འགྱུར། །ཞེས་སོ། །བླ་མ་ནི་སྤངས་རྟོགས་ཡོན་ཏན་གྱི་ཆ་ནས་སངས་རྒྱས་དངོས་ཡིན་ཞིང༌། རང་ལ་སྐྱབས་སྟོན་པ་བོའི་བྱ་བ་ཡང་བྱེད་པས་ན་སངས་རྒྱས་ཀྱི་ཞལ་ཚབ་ཡིན་ཕྱིར། སངས་རྒྱས་དཀོན་མཆོག་ཏུ་བསྡུས་ཀྱང་ཆོག་ལ། ཡང་ན་བླ་མ་ནི་སྐྱབས་ཀྱི་མཆོག་ཡིན་པ་ལ་དཀོན་མཆོག་གཞན་གསུམ་དང་འདྲ་བར་མ་ཟད། རང་རྒྱུད་ལ་བྱིན་རླབས་འཇུག་པའི་སྒོ་ནི་ཡུལ་གཞན་ལས་ཀྱང་བླ་མ་མཆོག་ཏུ་གྱུར་ཕྱིར། སྐྱབས་ཀྱི་དང་པོར་བཟུང་སྟེ་དཀོན་མཆོག་བཞིར་བྱེད་པ་བོན་རང་ལུགས་ན་གྲགས་ཆེ་བར་མ་ཟད་ཆོས་ལུགས་ཀྱི་ལུང་སངས་རྒྱས་མཉམ་སྦྱོར་སོགས་ལས་ཀྱང་དཀོན་མཆོག་བཞི་པར་གསུངས་པ་སྣང་ཞིང༌། དྲངས་མ་ཐག་པའི་ལུང་འདིར་ཡང་ཡུལ་མཆོག་བཞི་ཞེས་གསུངས་པ་ཡང་དོན་འདི་ཡིན་ནོ། །གོང་གི་སྐྱབས་སུ་སོང་བའི་བསླབ་བྱ་དང་ཕན་ཡོན་མདོར་དྲིལ་ན། དེ་ཡང་སྐྱབས་སུ་སོང་བ་ཙམ་གྱིས་ཆོག་པར་བརྩིས་ནས་སྐྱབས་འགྲོའི་བསླབ་བྱ་རྣམས་ཡལ་བར་བོར་ཏེ་བླང་དོར་ལོག་པར་བསྒྲུབས་ན་དཀོན་མཆོག་གིས་ཀྱང་སྐྱོབ་ཐབས་མེད་ཕྱིར་གསུང་རབ་ནས་ཇི་ལྟར་འབྱུང་བའི་སྤང་བླང་གི་གནས་ལ་མངོན་ལྐོག་མེད་པར་གཟབ་པ་གལ་ཆེ། དེས་ན་དཀོན་མཆོག་གིས་སྐྱོབ་མི་སྐྱོབ་ནི་རང་ཉིད་སྐྱབས་འགྲོའི་བསླབ་བྱ་རྣམས་ལ་ལེགས་པར་བསླབ་མ་བསླབ་ལ་རག་ལས་པའི་གནད་འདི་ཤེས་དགོས། །སྐྱབས་སུ་འགྲོ་ཡུལ་གྱི་དཀོན་མཆོག་ལ་ཐུགས་རྗེ་དང་ཡོན་ཏན་བསམ་གྱིས་མི་ཁྱབ་ཕྱིར། དེ་ལ་སྐྱབས་སུ་སོང་པའི་ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་སྟེ་སྔོན་འགྲོའི་ཚིགས་བཅད་དད་པས་འཇུག་ངོགས་ལས། དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་སུ་ཞིག་དད་བྱས་ན། །རྣམ་པར་སྨིན་པའི་ཡོན་ཏན་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་ལ། འོན་ཀྱང་སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ་ཉེ་རིང་མི་མཛད་ཀྱང་གདུལ་བྱ་རང་རང་གི་སྐྱབས་འགྲོའི་བསམ་པ་རྒྱ་ཆེ་ཆུང་གིས། གནས་སྐབས་ཙམ་དང༌། ངན་སོང་དང༌། འཁོར་བ་དང༌། སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་བྱིན་རླབས་འཇུག་ཚུལ་རྒྱ་ཆེ་ཆུང་མི་འདྲ་བར་འབྱུང་བའང་ཤེས་དགོས་སོ། །

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།