བློ་སྦྱོང་བསྡུས་པ་རིན་ཆེན་ཤེལ་གྱི་ཐེམ་སྐས།

བློ་སྦྱོང་བསྡུས་པ་རིན་ཆེན་ཤེལ་གྱི་ཐེམ་སྐས།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

༄༅༎ཀཱ་རུ་ཎཱ་ཡི་རང་གཟུགས་དམར་སེར་མདངས། །     ༼སྙིང་རྗེ།༽
ཁ་ར་ཀུན་བྲལ་འཇམ་དབྱངས་སྐུར་ཤར་བ། །      ༼རྩུབ་པ༽
གཱ་ཐའི་དབང་ཕྱུག་བླ་མ་ལྷག་པའི་ལྷ། །      ༼སྨྲ་བའི༽
ང་བདག་འཁྲི་བ་གཅོད་ཕྱིར་སྙིང་དབུས་བསྟེན། །
ཅ་འབྱིད་སྡིག་དང་བླང་བྱར་རྣམ་བྱང་དགེ། །      ༼སྤང་བྱར༽
ཆ་ཤས་བཅུ་དྲུག་རྫོགས་བཞིན་རིམ་གྱིས་ནི། །
ཇ་རིལ་གཉེར་མའི་རི་མོ་མ་བྲིས་གོང་། །      ༼ཐོད་པ༽
ཉ་རྒྱས་གཟི་འོད་ཟིལ་གནོན་སེམས་ཀྱིས་རེམས། །
ཏ་མའི་གོ་འཕང་ལེགས་པར་འཐོབ་འདོད་ན། །      ༼མཐོ་རིས༽
ཐ་མལ་སྐྱེ་བོའི་ངང་ཚུལ་རིང་དུ་དོར། །
དཱ་ས་དྲག་པོས་སྐྱབས་འགྲོ་ལས་འབྲས་སོགས། །      ༼དད་པ༽
ནཱ་གའི་རྒྱུ་ཚོགས་སྒྲུབ་དགོས་ལམ་གྱི་སྟེང་། །      ༼བདེ་འགྲོའི༽
པཱ་ཏ་ལ་ནས་ཡོངས་སུ་ཐར་འདོད་༼སྐྱེས་བུ་འབྲིང་༽རྣམས། །     ༼འཇིག་རྟེན༽
ཕ་ལ་ངེས་འབྱུང་སྐྱོ་ཤས་བཅོས་མིན་གྱིས། །     ༼ཡང་དག༽
བ་སུ་བདེ་བར་བསམ་གཏན་ལ་གནས་ཏེ། །     ༼སྟན༽
མཱ་ར་བདག་འཛིན་གཉེན་པོར་ཤེས་རབ་བསྐྱེད། །     ༼བདུད༽
ཙཱ་ར་ཀུན་ལས་ཡོངས་སུ་གྲོལ་འདོད་རྣམས། །      ༼འཆིང་བ༽
ཚཱ་ལཱའི་བྱམས་སྙིང་ལྷག་པའི་བྱང་སེམས་བསྐྱེད། །
ཛ་ཡ་སྲས་བཅས་བགྲོད་པ་གཅིག་པའི་ལམ། །
ཝ་ད་བསླུ་མེད་དམ་པའི་གསུངས་པ་བཞིན། །      ༼སྨྲ་བ༽
ཞ་ལུ་སྔོན་པོ་སྐྱེ་ལ་རྒྱུ་རྐྱེན་དང་། །      ༼མྱུ་གུ༽
ཟ་ཡི་དམ་རྒྱ་འབྱེད་ལ་ལྡེ་མིག་བཞིན། །
འ་ཅག་སངས་རྒྱས་སྒྲུབ་ལ་རྒྱུ་མེད་པར། །
ཡ་ཡ་བོ་ཡི་ངང་ནས་ག་ལ་འགྲུབ། །     ༼རྣམ་གཡེང་༽
ར་ས་ལེགས་ལྡན་དཀའ་བའི་གནས་ཀྱང་སླ། །     ༼བརྩོན་འགྲུས༽
ལ་ཏྲ་ཕྱོགས་བཅུར་རྒྱས་འདྲའི་དད་གུས་རྩེར། །     ༼ཡལ་ག༽
ཤཱ་ལཾ་བཟང་པོས་དགེ་ཚོགས་ལེགས་སྤེལ་བའི། །     ༼རང་བཞིན༽
ས་ཁས་མཛེས་བཞིན་འབྲས་བུ་དང་ལྡན་ན། །     ༼ལོ་མ་གསར་བས༽
ཧ་རི་ཙན་དན་ཁེངས་པ་ཀུན་ནས་འཕྲོག །
ཨ་ལཾ་མདོ་སྔགས་བསྟན་ལ་ཚུལ་བཞིན་སྤྱོད། །    ༼ཡོངས་རྫོགས༽
ཨཱི་ཤ་ར་མགོན་ཞབས་པད་སྤྱི་བོ་རུ། །    ༼རྗེ༽
ཨུ་ད་ལས་བྱུང་གདམས་པ་འདི་བསྟེན་ན། །    ༼ཐོབ་པ༽
ཨེ་ན་ཀུན་སྤངས་ཡོན་ཏན་ཀུན་ལྡན་འཐོབ། །     ༼ཉེས་པ༽
ཨོ་ཙ་ཀ་ཡི་བློ་སྦྱོང་ཡིད་ལ་ཟུངས། །     ༼བསྡུས་པ༽

ཞེས་པའང་བདག་གི་བླ་མ་སྐྱང་སྟོན་རྒྱལ་བའི་དབང་པོ་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་པའི་དུས་ཆེན་ཟླ༥བའི་ཚེས༡༥ལ་གྲོགས་ཀྱིས་བསྐུལ་ངོར། འབངས་ཀྱི་ཐ་ཤལ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བྲིས་པ་དགེའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།