ས་ལམ་དོན་གསལ་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

ས་ལམ་དོན་གསལ་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།
བླ་ཆེན་དྲན་པ་ནམ་མཁས་མཛད་།

༄༅། །རྣམ་དག་དམིགས་མེད་དབྱིངས་ལ་ཕྱག་འཚལ་ལོ། །
འགག་མེད་ཡོན་ཏན་རྫོགས་ལ་ཕྱག་འཚལ་ལོ། །
སྣ་ཚོགས་འགྲོ་བ་འདུལ་ལ་ཕྱག་འཚལ་ལོ། །
སྐུ་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །
༄༅། །དེ་ཡི་སྐབས་སུ་བྱིན་རླབས་བདུད་རྩི་ཆབ་རྒྱུན་འདིས། འགྲོ་བ་བདེ་ལྡན་སྡུག་བསྔལ་བྲལ་གྱུར་ནས། ནག་པོའི་ཕྱོགས་རྣམས་ཐམས་ཅད་ཕམ་པ་དང་། སངས་རྒྱས་བསྟན་པ་རབ་ཏུ་རྒྱས་པའི་ཕྱིར། འཁོར་འདས་དབྱེར་མེད་ཀྱི་དགོན་པ་ན། རང་སེམས་སངས་རྒྱས་ཞེས་བྱ་བའི་སློབ་དཔོན་གཅིག་བཞུགས་པ་ལ། འགག་མེད་ཤུགས་ལས་བྱུང་བའི་རིག་པ་ཐོལ་བྱུང་ཞེས་བྱ་བའི་སློབ་མ་ཞིག་གིས། ཕྱག་རྟེན་དུ་ཟག་པ་མེད་པའི་ཉམས་ཕུལ། རྟོག་པ་གསུམ་དང་བྲལ་བའི་ཕྱག་ཕུལ་ནས་ཞུས་པ། ྋ བླ་མ་ལགས། བོན་གཅིག་ཞུ་བྱས་པས། བླ་མའི་ཞལ་ནས། བུ་བོན་ལ་མང་དུ་ཡོད། སྤྱིར་འཁོར་བའི་མཚན་ཉིད་ཐམས་ཅད་ཀྱང་བོན་ཡིན། སངས་རྒྱས་རྒྱལ་བའི་བོན་ལ་ཡང་། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་ཡོད། དེ་ཡང་བསྡུས་ན། གཞི་ལམ་འབྲས་གསུམ་དུ་འདུས། དེ་ཡང་བསྡུས་ན་ཐབས་ཤེས་གཉིས་སུ་འདུས། དེ་ཡང་བསྡུས་ན་བོན་སྐུ་ཐིག་ལེ་ཉག་གཅིག་ལ་འདུས་པ་ཡིན་པས། ཁྱོད་བོན་ཅི་འདྲ་ཞིག་འདོད་གསུངས། བདག་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་དོན་འདུས་པ་སྡེ་སྣོད་གསུམ་གྱི་ཡང་སྙིང་ཕྱུང་བ། ཐེག་པ་རིམ་པ་དགུ་ཡི་དགོངས་པ་དྲིལ་བ། རྒྱུད་སྡེ་ཐམས་ཅད་ཀྱི་དོན་ཁྲོལ་བ། དུས་གསུམ་རྒྱལ་བའི་བཀའ་རྫོགས་པ། བླ་མ་དམ་པའི་གསུང་ལ་བརྟེན་པ། ཆ་ལག་ཚང་བ། དོན་མ་ནོར་བ། གཡུང་དྲུང་བོན་གྱི་བཅུད་འདུས་པ། རང་གིས་ཉམས་སུ་མྱོང་བ། གཞན་གྱི་རྒྱུད་ལ་ཕན་པ། ཉམས་སུ་བླངས་བདེ་བ། མཁས་པའི་ཚིག་སྐྱོན་མི་ཁེལ་བ། རྣལ་འབྱོར་བའི་དོན་སྐྱོན་མི་ཁེལ་བ། སེམས་ལ་བཞག་ན་གོ་རྟོགས་སྐྱེ་བ། མོས་གུས་བྱས་ན་ཡོན་ཏན་སྐྱེ་བ། མཐོང་བ་ཙམ་གྱིས་སྡུག་བསྔལ་ཞུ་ནུས་པ། མི་རྟག་པ་རང་དབང་མེད་པར་སྐྱེ་བ། ངེས་ཤེས་ནང་ནས་སྐྱེ་བ། བྱིན་རླབས་སེམས་ལ་འཇུག་པ། བོན་བརྒྱད་ཀྱི་འཁྲུལ་བ་རང་གྲོལ་དུ་འགྲོ་བ། ཏིང་འཛིན་རང་ཤར་དུ་སྐྱེ་བ། ཀུན་དང་མཐུན་པ། འཁོར་བའི་མཚན་ཉིད་སྤངས་པ། མྱ་ངན་ལས་འདས་པའི་དོན་རྟོགས་པ། ཕྱོགས་གང་དུ་ཡང་མ་ལྷུང་བ། ཉམས་སུ་བླངས་ན་སངས་རྒྱས་པའི་གདམས་ངག་དོན་གསལ་བ་ཞིག་ཞུས། བཤད་ལུགས་མང་དུ་འདུག་པས། བདག་ཐེ་ཚོམ་ཟ་བར་བྱུང་ཞེས་ཞུས་པས། བླ་མས་ཞལ་ནས། བུ་ཁྱེད་ཀྱིས་ཞུ་ལུགས་དེ་ལེགས་པ་ཡིན། འཁོར་འདས་་ཀྱི་བར་ན་ཐེ་ཚོམ་ལས་མེད། ཁྱེད་ཀྱིས་ཞུ་གོ་ཆོད་པར་གྱིས་དང་། ཕྱི་རབས་གང་ཟག་རྣམས་ཀྱི་དོན་དུ་ངས་བཤད་ཀྱིས་མ་བརྗེད་སེམས་ཀྱི་དཀྱིལ་དུ་ཞོག་གསུངས། ྋ འོ་ན་སངས་རྒྱས་པ་བྱེད་པ་ལ། གཞི་ལམ་འབྲས་གསུམ་དུ་འདུས་པར་འདུག་པས། གཞི་ཡི་བོན་བྱ་བ་དེ་གང་ལགས་ཞུས་པས། བླ་མའི་ཞལ་ནས། གཞི་ཡི་བོན་བྱ་བ་དེ་སྦྱངས་པ་ལས་བྱུང་བའི་མི་ལུས་གཙང་མ་སྙིང་བོ་ཡེ་ཤེས་ཀྱི་དོན་སེམས་དང་ལྡན་པ། དེ་ཡང་གཞི་ཡིན་ལ་དེ་ཡང་འཆི་བ་མི་རྟག་པས་རྒྱུད་བསྐུལ་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། རྟེན་གང་ཡང་རུང་བའི་ཚུལ་ཁྲིམས་གཙང་མ་ཞིག་བསྲུང་དགོས། བོན་ལྔ་བོ་དེ་དང་ལྡན་ན་སངས་རྒྱས་པའི་གཞི་ཡིན། གཉིས་པ་ལམ་གྱི་བོན་ནི། སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས། བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལ་གསོལ་བ་བཏབ་ཅིང་བཀའ་སྒྲུབ། བསྐྱེད་རྫོགས་ཟུང་དུ་འཇུག་པའི་སྒྲུབ་པ་ཚུལ་བཞིན་དུ་བྱེད། དགེ་བ་དང་མི་དགེ་བའི་སེམས་སྦྱང་། སངས་རྒྱས་ཀྱི་བཀའ་ཇི་བཞིན་དུ་བྱེད། སྟོང་བ་དང་སྙིང་རྗེ་ཡ་མ་བྲལ་བར་ཉམས་སུ་ལེན། བོན་ལྔ་བོ་དེ་ལྡན་ན་ལམ་དུ་འགྲོ་གསུངས། ྋ གསུམ་པ་འབྲས་བུའི་བོན་ནི། བླ་མའི་ཞལ་ནས་འཁོར་འདས་མཉམ་ཉིད་དུ་རྟོགས་པའི་ལྟ་བ་དང་། སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་དང་། བོན་ཉིད་བདེན་པའི་དོན་མཐོང་བའི་སྒོམ་པ་དང་། སྣ་ཚོགས་འཛིན་མེད་དུ་གྲོལ་བའི་སྤྱོད་པ་དང་། མཁྱེན་པ་རྣམ་གཉིས་ཕུལ་དུ་ཕྱིན་པའམ། བདག་གཞན་གཉིས་གྲུབ་པའི་འབྲས་བུ། བོན་ལྔ་བོ་དེ་དང་ལྡན་ན་འབྲས་བུའི་བོན་ཡིན་གསུངས། ྋ སངས་རྒྱས་ཀྱི་རྒྱུ་རྐྱེན་གང་ལགས་ཞུས་པས། བླ་མའི་ཞལ་ནས། སངས་རྒྱས་ཀྱི་རྒྱུ་རིག་པ་ཡིན། རྐྱེན་འཁོར་བ་ལས་ཟློག་པ་ཡིན། འབྲས་བུ་མངོན་པར་བྱང་ཆུབ་པ་ཡིན་གསུངས། ྋ འཁོར་བར་འཁྱམས་པའི་རྒྱུ་རྐྱེན་ནི། རྒྱུ་མ་རིག་པ། རྐྱེན་མྱ་ངན་ལས་འདས་པའི་ཟློག་པ། འབྲས་བུ་ཁམས་གསུམ་དུ་འཁོར་བ་སྟེ་སྡུག་བསྔལ་བ་ཞིག་ཡིན་གསུངས། ྋ འཁོར་འདས་ཐུན་མོང་གི་བོན་ནི་རྒྱུ་མ་རིག་པའི་རྩ་བ་དེ་རང་ཡིན། རྐྱེན་འཁོར་འདས་ཆ་མ་མཉམ་པ་ཡིན། འབྲས་བུ་བཏང་སྙོམས་གཉིས་ཀྱི་བར་དུ་ལུས་པ་ཡིན་གསུངས།  ྋ སངས་རྒྱས་ལ་བདེ་བ་ཁྱད་པར་ཅན་ཡོད་ལགས་སམ་ཞུས་པས། བླ་མའི་ཞལ་ནས། སངས་རྒྱས་ལ་བདེ་བ་དང་དུཿཁ་གཉིས་སུ་མེད། འཁོར་བ་དང་མྱང་འདས་གཉིས་སུ་མེད། སྣང་བ་དང་བོན་སྐུ་གཉིས་སུ་མེད། གཉིས་མེད་རང་སར་གྲོལ་བ་སངས་རྒྱས་ཡིན་གསུངས། ྋ འོ་ན་འཁོར་བའི་དུཿ ཁ་རང་རྒྱུད་པ་ཡོད་ལགས་སམ་ཞུས་པས། བླ་མའི་ཞལ་ནས། འཁོར་བའི་དུཿ ཁ་རང་རྒྱུད་དངོས་པོ་ཅན་ཞིག་མེད་དེ། ལས་མི་དགེ་བ་ལ་སྤྱོད་པས་དེའི་རྣམ་པར་སྨིན་པ། ཀུན་གཞིའི་རྣམ་པར་ཤེས་པ་འཁྲུལ་ཏེ་དུཿ ཁ་སྣ་ཚོགས་སུ་མྱོང་། སྣང་བ་གང་འཁྲུལ་བའི་རྩ་བ་ནི། རིགས་དྲུག་གི་དུཿ ཁ་རང་ཆས་སུ་བྱུང་བ་ཡིན་གསུངས། རིགས་དྲུག་དམྱལ་བ་བྱ་བ་ལོགས་ན་ཡོད་པ་མིན་གསུངས། ྋ བླ་མ་ལགས་བོན་ཐམས་ཅད་ཀྱི་དབུ་གང་ལགས་ཞུས་པས། བླ་མའི་ཞལ་ནས། བོན་ཐམས་ཅད་ཀྱི་དབུ་འཆི་བ་མི་རྟག་པ་སྒོམ་པ་ཡིན། དེ་ལ་གང་གལ་ཆེ་ན། བླ་མ་མཚན་ཉིད་དང་ལྡན་པ་གལ་ཆེ་གསུངས། དེ་ཡི་གནད་ནི་བླ་མ་ལ་གསོལ་བ་འདེབས་པ་གལ་ཆེ། དེ་ཡང་བོན་ཐམས་ཅད་ཀྱི་སྔོན་འགྲོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ། བོན་ཀུན་གྱི་ནང་ནས་རྨི་ལམ་སྒྱུ་མ་ལྟ་བུ་དེ་ཟབ། བོན་ཐམས་ཅད་ཀྱི་སྐྱེལ་སོ་སྨྲ་བསམ་བརྗོད་མེད་དེ་ཡིན། བོན་རྣམས་འདུས་པ་རང་གི་སེམས་སུ་འདུས། བོན་ཐམས་ཅད་ནས་ངོ་མཚར་བྱང་ཆུབ་ཀྱི་སེམས་ཆེ། བོན་ཀུན་ནས་གང་མཐོ་ན་མཐའ་ཐམས་ཅད་དང་བྲལ་བ་དེ་མཐོ། བོན་ཐམས་ཅད་ལས་ཐེག་པ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་ཆེ། ཆུང་བ་རང་འདོད་དང་བཅས་པ་དེ་ཆུང་། བོན་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་པ་ཡིན། ངོ་བོ་གསལ་ལ་མ་འགག་པ་པ་ཡིན། མཚན་ཉིད་སྣ་ཚོགས་སུ་སྣང་བ་འདི་ཡིན། སངས་རྒྱས་ཀྱི་བསྟན་པའི་གཞི་འདུལ་བ་ཡིན། སྙིང་བོ་ཕ་རོལ་དུ་ཕྱིན་པ་ཡིན། ཡང་རྩེ་བླ་མེད་ཀྱི་ཐེག་པ་ཡིན་གསུངས། ྋ ཡང་ཞུས་པ། བླ་མ་ལགས་ཐབས་ཀྱི་བོན་བྱ་བ་འདི་གང་ལགས། བླ་མའི་ཞལ་ནས། ཐབས་ཀྱི་བོན་བྱ་བ་ནི་སྣ་ཚོགས་ཀྱི་སྒོ་ནས་འབད་པ་ལ་ཟེར། ཤེས་རབ་ཀྱིམ་བོན་ནི་སེམས་ཀྱི་ངོ་བོ་དག་པ་ལ་ཟེར། ཀུན་རྫོབ་ནི་མི་རྟག་པ་ལ་ཟེར། དོན་དམ་པ་ནི་འཕོ་འགྱུར་མེད་པ་ལ་ཟེར། སྣང་བ་ནི་སེམས་ཀྱི་རྩལ་མ་འགག་པ་ལ་ཟེར་བ་ཡིན། སྟོང་བ་ནི་སེམས་ཀྱི་རང་བཞིན་ཤེས་པ་ལ་ཟེར་བ་ཡིན། ཡང་ལྟ་བ་དམིགས་པ་མེད་པ་ཡིན། སྒོམ་པ་འཛིན་པ་མེད་པ་ཡིན། སྤྱོད་པ་དགག་སྒྲུབ་མེད་པ་ཡིན། དམ་ཚིག་དྲི་མ་མེད་པ་ཡིན། འབྲས་བུ་རེ་དོགས་མེད་པ་ཡིན། ཡང་བླ་མའི་ཞལ་ནས། རང་སེམས་རྟོགས་ན་ལྟ་བ་ཡིན། ངོས་འཛིན་བྲལ་ན་སྒོམ་པ་ཡིན། བོན་བརྒྱད་ཀྱི་དྲི་མས་མ་གོས་ན་སྤྱོད་པ་ཡིན། མངོན་ལྐོག་མེད་ན་དམ་ཚིག་ཡིན། བདེན་མེད་མཐོང་ན་འབྲས་བུ་ཡིན་གསུངས། གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་གསུམ་གྱི། བོན་ཐམས་ཅད་རང་སེམས་རྟོགས་ན་གཅིག་ཏུ་རྫོགས་པ་ཡིན། སོ་སོར་མི་གདའ་གསུངས། ཡང་ཞུས་པ། ྋ བླ་མ་ལགས། ཉམས་མྱོང་བྱ་བ་དེ་གང་ལགས་ཞུས་པས། ཉམས་བྱ་བ་བློ་ཡུལ་དུ་གབ་པ་ལ་ཟེར། མྱོང་བྱ་རྒྱུད་ལ་སྐྱེ་བ་ལ་ཟེར། ཡང་ལྟ་བ་བྱ་བ་རང་སེམས་གཏན་ལ་ཕེབ་པ་ལ་ཟེར། རྟོག་པ་བྱ་བ་བོན་ཐམས་ཅད་བདེན་མེད་དུ་ཞུ་བ་ལ་ཟེར། ཞི་གནས་བྱ་བ་ཉོན་མོངས་པ་ཞི་ནས་ཅི་ཡང་ཡིད་ལ་མི་བྱེད་པ་ལ་ཟེར། ལྷག་མཐོང་བྱ་བ་རང་སྣང་སྣང་སྲིད་སེམས་སུ་རྟོགས་པ་ལ་ཟེར། མཉམ་བཞག་བྱ་བ་སེམས་ལེ་ལོས་མི་འཁྱེར་བ་མ་བཅོས་ལྷུག་པར་བཞག་པ་ལ་ཟེར། རྗེས་ཐོབ་བྱ་བ་བོན་ཉིད་བདེན་པའི་དོན་མཐོང་བ་ལ་ཟེར། བོན་སྐུ་བྱ་བ་སྐྱེ་བ་མེད་པ་ལ་ཟེར། ལོངས་སྐུ་བྱ་བ་འགག་པ་མེད་པ་ལ་ཟེར། སྤྲུལ་སྐུ་བྱ་བ་འགྲོ་བའི་དོན་ལ་འབད་ནུས་པ་ལ་ཟེར། ྋ ཡང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་བྱ་བ་སེར་སྣ་མེད་པ་ལ་ཟེར། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་བྱང་ཆུབ་སེམས་ལ་དྲི་མ་དང་བྲལ་བ་ལ་ཟེར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འགྲོ་དྲུག་ཕ་མ་རུ་ཤེས་པ་ལ་ཟེར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སེམས་བྱར་མེད་རྟོགས་པ་ལ་ཟེར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྟོག་མེད་དུ་སྒོམ་པ་ལ་ཟེར། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལྷུན་གྱིས་གྲུབ་པ་ལ་ཟེར། སྙིང་རྗེའི་ཕ་རོལ་ཏུ་ཕྱིན་པ་གདུག་སེམས་དང་བྲལ་བ་ལ་ཟེར། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཕྱོགས་རིས་དང་བྲལ་བ་ལ་ཟེར། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཁྲུལ་བ་མེད་པ་ལ་ཟེར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་ཤེས་ཀུན་ལ་མཁས་པ་ལ་ཟེར། ཡང་མེ་ལོང་ལྟ་བུའི་ཡེ་ཤེས་དེ། སེམས་རང་བཞིན་གྱི་འོད་གསལ་བ་ལ་ཟེར་བ་ཡིན། སོ་སོར་གསལ་བའི་ཡེ་ཤེས་དེ། སྐྱེ་བ་མེད་པའི་དོན་རྟོགས་པ་ལ་ཟེར། མཉམ་པ་ཉིད་ཀྱི་ཡེ་ཤེས་དེ། འཁོར་འདས་མཉམ་པ་ཉིད་དུ་རྟོགས་པ་ལ་ཟེར། བྱ་བ་གྲུབ་པའི་ཡེ་ཤེས་དེ། ཐམས་ཅད་རང་ལ་ལྷུན་གྱིས་གྲུབ་པ་ལ་ཟེར། བོན་ཉིད་དབྱིངས་ཀྱི་ཡེ་ཤེས་དེ་བློ་ལས་འདས་པ་ལ་ཟེར། ཡང་ཞུས་པ། ྋ བླ་མ་ལགས། ཚོགས་ལམ་བྱ་བ་གང་ལགས་ཞུས་པས། བླ་མ་སངས་རྒྱས་ཀྱི་བྱིན་རླབས་ཞུགས་པ་ལ་ཟེར། སྦྱོར་ལམ་བྱ་བ་གང་ལགས། གཟུང་འཛིན་རང་བཞིན་མེད་པར་དོན་རྟོགས་པ་ལ་ཟེར། མཐོང་ལམ་བྱ་བ་སྐྱེ་བ་མེད་པ་བོན་གྱི་སྐུ་མཐོང་བ་ལ་ཟེར། སྒོམ་ལམ་བྱ་བ་མཉམ་བཞག་ཆེན་པོ་ལ་ཟེར། མཐར་ཕྱིན་ལམ་བྱ་བ་སྣང་སྲིད་སྙིང་རྗེས་མཐར་ཕྱིན་པ་ལ་ཟེར། ལམ་ལྟར་ན་མཐར་ཕྱིན་པའི་ལམ། བྱང་ཆུབ་ཀྱི་ཕྱོགས་ལྟར་ན། ཐར་བའི་ལམ་བརྒྱད་དམ་གཡུང་དྲུང་གི་ཡན་ལག་བརྒྱད། ས་ལྟར་ན་བཅུ་གསུམ་པའོ། ཡང་གསུངས་པ། དང་པོ་རབ་ཏུ་དགའ་བའི་ས་བྱ་བ་དེ། བོན་ཉིད་ཀྱི་དོན་མཐོང་བ་ལ་ཟེར། གཉིས་པ་དྲི་མེད་ཤེལ་གྱི་ས་བྱ་བ་དེ། འཁོར་བའི་སྐྱོན་གྱིས་མ་གོས་པ་ལ་ཟེར། གསུམ་པ་འོད་ཟེར་འཕྲོ་བའི་ས་དེ། སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ་བ་ལ་ཟེར། བཞི་བ་ཕྱག་རྒྱ་སྒྱུར་བའི་ས་དེ། སེམས་ཀྱི་དོན་བྱེད་པ་ལ་ཟེར། ལྔ་བ་བོན་ཉིད་སྤྲིན་ཚོགས་ས་དེ། བོན་ཉིད་ཟབ་མོ་རྒྱ་ཆེ་བ་ལ་ཟེར། དྲུག་པ་བདེ་ལྡན་རྟོགས་པའི་ས་དེ། རང་སེམས་སངས་རྒྱས་སུ་རྟོགས་པ་ལ་ཟེར། བདུན་པ་ཡིད་བཞིན་གྲུབ་པའི་ས་དེ། འཁོར་བའི་ཕ་རོལ་དུ་རྒོལ་བ་ལ་ཟེར། བརྒྱད་པ་མ་ཆགས་དག་པའི་ས་དེ། བོན་ཉིད་འཕོ་འགྱུར་མེད་པ་ལ་ཟེར། དགུ་བ་ཡི་གེ་འཁོར་ལོའི་ས་དེ། དོན་གཉིས་ཕུན་སུམ་ཚོགས་པ་ལ་ཟེར། བཅུ་བ་མི་འགྱུར་གཡུང་དྲུང་ས་དེ། སྟོང་ཉིད་སྙིང་རྗེའི་རྩལ་རྫོགས་པ་ལ་ཟེར། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དེ། སྣང་སྲིད་བོན་སྐུར་ཤར་བ་ལ་ཟེར། བཅུ་གཉིས་ཐུགས་རྗེས་བཀོད་པའི་ས་ནི། ཞེན་མེད་འགྲོ་བའི་དོན་བྱེད་པ་ལ་ཟེར། བཅུ་གསུམ་འཁོར་ལོ་རྫོགས་ཆེན་གྱི་ས། དུས་གསུམ་གཅིག་ཏུ་མཁྱེན་པ་ལ་ཟེར། བཅུ་བཞི་བདེ་བ་ཆེན་པོའི་ས་དེ། བློའི་ཡུལ་དུ་མི་འགྱུར་བ་ལ་ཟེར་བ་ཡིན་གསུངས། ཡང་དྲན་པ་ཉེར་བར་བཞག་པ་བཞི་ནི། གང་ལགས་ཞུས་པས། ལུས་དྲན་པ་ཉེར་བར་བཞག་པ་ནི། ཡི་དམ་ལྷ་སྒོམ་པ་ལ་ཟེར། ལྷ་དྲན་པ་ཉེར་བར་བཞག་པ་ནི། ཡེ་ཤེས་སེམས་དཔའ་འགུག་གཞུག་བྱས་པ་ལ་ཟེར། སྔགས་དྲན་པ་ཉེར་བར་བཞག་པ་དེ། སྐྱེ་མེད་འགག་མེད་གཡུང་དྲུང་གི་བཟླས་པ་བྱེད་པ་ལ་ཟེར། བོན་དྲན་པ་ཉེར་བར་བཞག་པ་དེ། རྒྱན་དྲུག་ཏུ་སྒོམ་པ་ལ་ཟེར། ཡང་དག་པའི་སྤོང་པ་བཞི་ཡོད་དེ། དགེ་སྡིག་སེམས་སུ་དག་པས་མི་དགེ་བ་སྤོང་པ། སེམས་ཉིད་སྤྲོས་དང་བྲལ་བས་གཟུང་འཛིན་སྤོང་བ། སྣང་བ་བོན་སྐུར་དག་པས་རྣམ་རྟོག་སྤོང་བ། འཁོར་འདས་རང་བཞིན་མེད་པར་ཤེས་པས་གཉིན་འཛིན་སྤོང་བ། དེ་ཡང་དག་པའི་སྤོང་བ་བཞིའོ།  ྋ རྫུ་འཕྲུལ་གྱི་རྐང་བ་བཞི་ནི། ཏིང་འཛིན་སྤྲུལ་བ་སྣ་ཚོགས་དང་། འདུན་པ་ཡེང་བ་མེད་པ་དང་། བརྩོན་འགྲུས་གློག་ལྟ་བུ་དང་། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་བ་དང་བཞི་ཡིན་གསུངས། ྋ ཡང་སྦྱོར་ལམ་གྱི་ངེས་འབྱེད་ཆ་བཞི་ནི། དྲོད་རྩེ་མོ་བཟོད་པ་བོན་མཆོག་བཞི་ཡིན་ཏེ། དྲོད་ནི་སེམས་ཀྱི་ངོ་བོ་མཐོང་བ་ལ་ཟེར། རྩེ་མོ་ནི་སེམས་སྐྱེ་བ་མེད་པ་རྟོགས་པ་ལ་ཟེར། བཟོད་པ་ནི་འཁོར་འདས་ཀྱི་བྱ་བ་ཐམས་ཅད་བློ་ལ་ཤོང་བ་ལ་ཟེར། བོན་མཆོག་ནི་འཁོར་འདས་ཀྱི་བོན་ཐམས་ཅད་སེམས་སུ་ཐིམ་པ་ལ་ཟེར། སྦྱོར་ལམ་ངེས་འབྱེད་ཆ་བཞི་ཡིན་གསུངས། ྋ ཡང་གསུངས་པ། སྟོང་ཉིད་བཅོ་བརྒྱད་ནི། ཕྱི་སྟོང་བ་ཉིད་ནི། ཕྱིའི་སྣང་བ་ངོ་བོ་ཉིད་ཀྱིས་སྟོང་སྟེ། ཕྱི་རོལ་གྱི་ནམ་མཁའོ།། ནང་སྟོང་བ་ཉིད་ནི། རང་གི་སེམས་ནང་ནས་དངོས་པོ་མེད་པར་སྟོང་སྟེ་ནང་གི་ནམ་མཁའོ །། ཕྱི་ནང་སྟོང་པ་ཉིད་ནི། སེམས་ཀྱི་ཕྱི་ནང་མེད་པར་སྟོང་སྟེ། ཕྱི་ནང་གཉིས་ཀ་ནམ་མཁའ་ལྟ་བུའོ།། སྟོང་བ་ཉིད་སྟོང་བ་ཉིད་ནི། ཕྱི་ནང་གི་ནམ་མཁའ་ཡང་མི་འཛིན་ཏེ། ནམ་མཁའ་ལ་ཕྱི་ནང་གི་ངོས་བཟུང་དུ་མེད་པ་ལྟ་བུའོ།། ཆེན་པོ་སྟོང་བ་ཉིད་ནི། སེམས་ཡེ་སྟོང་ཆེན་པོར་ཡེ་ནས་གནས་པ་དེ། ནམ་མཁའི་གོང་ན་གཞན་མེད་པ་ལྟ་བུའོ།། མི་དམིགས་པ་སྟོང་བ་ཉིད་ནི། སེམས་ལ་བྱུང་ཚོར་གྱི་བྱེ་བྲག་མེད་ཅིང་། དམིགས་པའི་མཐའ་ལས་ཡེ་ནས་འདས་པ། ནམ་མཁའ་ལ་འདི་ཞེས་དམིགས་སུ་མེད་པ་ལྟ་བུའོ།། དོན་དམ་པ་སྟོང་བ་ཉིད་ནི། སེམས་ལ་ཀུན་རྫོབ་ཀྱི་མཚན་མ་མེད་དེ། དོན་བརྗོད་ལས་འདས་པ། ནམ་མཁའ་ལ་དངོས་པོ་དང་མཚན་མ་མེད་པ་ལྟ་བུའོ།། འདུས་བྱས་སྟོང་བ་ཉིད་ནི། འདུས་བྱས་ཀུན་བཏགས་ཀྱི་བོན་ཐམས་ཅད་ཀྱི་སྣང་བ་ཐམས་ཅད་སྟོང་བ་ནམ་མཁའ་ལ་སྤྲིན་ཡལ་བ་ལྟ་བུའོ།། འདུས་མ་བྱས་སྟོང་བ་ཉིད་ནི། སེམས་ལ་རྒྱུ་རྐྱེན་མེད་པས་དངོས་པོ་དང་རྫས་སུ་གྲུབ་པ་མེད་དེ། ནམ་མཁའ་ལ་གཟུགས་དང་ཁ་དོག་མ་གྲུབ་པ་ལྟ་བུའོ། །མཐའ་ལས་འདས་པ་སྟོང་བ་ཉིད་ནི། སེམས་ཡོད་མེད་གང་དུ་ཡང་མ་གྲུབ་པས་རྟག་ཆད་གཉིས་ཀྱི་མཐའ་ལས་འདས་པ། ནམ་མཁའ་ལ་ཡོད་མེད་གཉིས་ཀྱི་མཐའ་དང་བྲལ་བ་ལྟ་བུའོ།། ཐོག་མ་དང་ཐ་མ་མེད་པའི་སྟོང་བ་ཉིད་ནི། སེམས་དང་པོ་བྱུང་ས་མེད། བར་དུ་གནས་ས་མེད། ཐ་མ་འགྲོ་ས་མེད། དུས་གསུམ་དུ་སྟོང་བ་ནམ་མཁའ་ལྟ་བུའོ།། དོར་བ་མེད་པ་སྟོང་བ་ཉིད་ནི། སེམས་ལ་དངོས་པོ་མེད་པས། སྐྱོན་ཡོན་གྱི་བླང་དོར་མེད་དེ་ནམ་མཁའ་ལ་བླང་དོར་མེད་པ་ལྟ་བུའོ།། རང་བཞིན་མེད་པ་སྟོང་བ་ཉིད་ནི། སེམས་བཅོས་བསླད་མེད་པར་ངོ་བོ་ཉིད་ཀྱིས་སྟོང་སྟེ། ནམ་མཁའ་ལ་བཅོས་བསླད་མེད་པར་སྟོང་བ་ལྟ་བུའོ།། རང་གི་མཚན་ཉིད་སྟོང་བ་ཉིད་ནི། བོན་ཐམས་ཅད་ཀྱི་མཚན་ཉིད་སྨྲ་བསམ་བརྗོད་ལས་འདས་ཏེ་སེམས་དང་ཐ་མི་དད་པ། ནམ་མཁའ་ལ་སྨྲ་བརྗོད་ཀྱི་ཡུལ་མེད་པ་ལྟ་བུའོ།། དངོས་པོ་མེད་པ་སྟོང་བ་ཉིད་ནི། སེམས་ལ་དངོས་པོ་དང་རྫས་སུ་མ་གྲུབ་པ་ངོ་བོ་སྟོང་བར་གནས་པ། ནམ་མཁའ་ལ་གཟུགས་དང་ཁ་དོག་མ་གྲུབ་པ་ལྟ་བུའོ།། ངོ་བོ་ཉིད་ཀྱི་སྟོང་བ་ཉིད་ནི། སེམས་ཀྱི་ངོ་བོ་སྟོང་བར་གནས་པས། བཅོས་པ་ལྟ་བུ་མ་ཡིན་ཏེ། ཡེ་ནས་ངོ་བོ་སྟོང་བར་གནས་པ། ནམ་མཁའ་མ་བཅོས་ཡེ་ནས་ངོ་བོ་སྟོང་བར་གནས་པ་ལྟ་བུའོ།། དངོས་པོ་མེད་པའི་ངོ་བོ་ཉིད་ནི། ཡུལ་སེམས་གང་དུ་ཡང་དངོས་པོར་མ་གྲུབ་པ། མ་བཅོས་པ་ངོ་བོ་ཉིད་ཀྱིས་སྟོང་བ། ནམ་མཁའ་ལ་དངོས་པོ་མེད་པར་ཡེ་ནས་སྟོང་བ་ལྟ་བུའོ།། བོན་ཐམས་ཅད་སྟོང་བ་ཉིད་ནི། སེམས་དང་སེམས་ལས་བྱུང་བའི་བོན་ཐམས་ཅད་སེམས་ཉིད་སྟོང་བའི་ངང་དུ་གཅིག་པ། ནམ་མཁའ་ལ་ཉི་ཟླ་གཟའ་སྐར་སྤྲིན་དང་ཁུ་རླང་ཅི་བྱུང་ཡང་། ནམ་མཁའི་ངང་དུ་གཅིག་པ་ལྟ་བུའོ།། སྟོང་ཉིད་བཅོ་བརྒྱད་ཧྲིལ་གྱིས་དྲིལ་ན། དཔེ་ནམ་མཁའ་སྟོང་བ་ཡེ་ནས་སྟོང་། འོ་ན་བོན་ཉིད་སྟོང་བ་ཡེ་ནས་སྟོང་། རྟགས་སེམས་ཉིད་སྟོང་བ་ཡེ་སྟོང་ཆེན་པོ་དེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པས། དེ་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས་བསྟན་པ་ཙམ་གྱིས་ངོ་ཤེས། རང་གིས་ཉམས་སུ་མྱོང་བ་རྒྱུད་ལ་ཤར། ཡིད་ཆེས་ཐག་ཆོད་མངོན་དུ་གྱུར་པ་དེ། སྟོང་ཉིད་བཅོ་བརྒྱད་ཀྱི་ངོ་བོར་ངོ་འཕྲོད་པའོ།། ཡང་ཞུས་པ། བླ་མ་ལགས་དབང་བོ་ལྔ་གང་ལགས་ཞུས་པས། དད་པའི་དབང་བོས་ངེས་ཤེས་ནང་ནས་སྐྱེ། དྲན་པའི་དབང་པོས་མི་ཡེང་དོན་ལ་ལྟ། བརྩོན་འགྲུས་དབང་བོས་ལེ་ལོའི་བར་ཆོད་སེལ། ཏིང་འཛིན་དབང་བོས་ཆུ་བོ་རྒྱུན་བཞིན་སྒོམ། ཤེས་རབ་དབང་བོས་དོན་དམ་བདེན་པར་གཟིགས། དེ་ལ་དབང་བོ་ལྔ་ཟེར་བ་ཡིན། སྟོབས་ལྔ་ནི། བླ་མ་སངས་རྒྱས་སུ་མཐོང་ན་དད་པའི་སྟོབས། ཡིད་ལ་བྱར་མེད་དྲན་པའི་སྟོབས། བསྒྲུབ་བྱ་བྲལ་བར་བརྩོན་འགྲུས་ཀྱི་སྟོབས། གཉིས་འཛིན་མེད་པ་ཏིང་འཛིན་གྱི་སྟོབས། གཏི་མུག་དང་བྲལ་བ་ཡེ་ཤེས་ཀྱི་སྟོབས་སོ།། ྋ  མཐོང་ལམ་བྱང་ཆུབ་ཀྱི་ཡན་ལག་བདུན་བྱ་བ་ནི། མི་བརྗེད་གཟུངས་ཐོབ་དྲན་པ་ཡིན། གཅིག་ཤེས་ཀུན་གྲོལ་མཁས་པ་ཡིན། ཡེང་བ་མེད་པ་བརྩོན་འགྲུས་ཡིན། བོན་ཉིད་རྟོགས་པ་ཡང་དག་ཡིན། མངོན་དུ་གྱུར་བ་སྦྱང་བ་ཡིན། གསལ་འགྲིབ་མེད་པ་ཏིང་འཛིན་ཡིན། འཁོར་འདས་མཉམ་པ་བཏང་སྙོམས་ཡིན། དེ་ནི་ཡན་ལག་བདུན་ནོ།། ྋ ཐར་བའི་ལམ་བརྒྱད་ནི།  རང་གི་སེམས་ཉིད་རྟོགས་ན་ལྟ་བ་ཡིན། བློ་འདས་བརྗོད་མེད་རྟོགས་པ་ཡིན། མཐའ་ལས་འདས་པ་ཡང་དག་ཡིན། ཚོར་བ་འདུས་པ་འཁོར་ལོ་ཡིན། འབད་རྩོལ་མེད་པ་བརྩོན་འགྲུས་ཡིན། དུས་གསུམ་མཁྱེན་པ་དྲན་པ་ཡིན། གཡུང་དྲུང་ལྟ་བུ་ཏིང་འཛིན་ཡིན། ཟད་སར་སྐྱོལ་བ་ལས་ཀྱི་མཐའ་སྟེ། ཐར་བའི་ལམ་བརྒྱད་དོ།། ཡང་ན་འཁོར་བ་ངན་སོང་ལས་ཐར་བས་ཐར་བའི་ལམ། དུཿ ཁ་འདུ་འཛི་ལས་ཐར་བས་ཐར་བའི་ལམ། མ་རིག་པ་དང་མུན་པ་ལས་ཐར་བས་ཐར་བའི་ལམ། སྐྱེ་རྒ་ན་འཆི་བཞི་ལས་ཐར་བས་ཐར་བའི་ལམ། བག་ཆགས་དང་སྒྲིབ་པ་ལས་ཐར་བས་ཐར་བའི་ལམ། འཁྲུལ་བ་ལོག་པར་ལྟ་བ་ལས་ཐར་བས་ཐར་བའི་ལམ། རྒྱུ་རྩོལ་རྟོག་འཛིན་ལས་ཐར་བས་ཐར་བའི་ལམ། མི་ཁོམ་གནས་བརྒྱད་ལས་ཐར་བས་ཐར་བའི་ལམ་དང་བརྒྱད་དོ།། ྋ གཤེན་རབ་ཀྱི་ལམ་བཞི་ནི། འཁོར་བའི་དུཿ ཁ་སྤོང་བ་གཤེན་རབ་ཀྱི་ལམ། ཀུན་འབྱུང་སྤོང་བ་གཤེན་རབ་ཀྱི་ལམ། སྒོམ་བྱེད་སྤོང་བ་གཤེན་རབ་ཀྱི་ལམ། འགོག་པ་མངོན་བྱེད་སྤོང་བ་གཤེན་རབ་ཀྱི་ལམ། ཡང་ན་གཤེན་ལམ་དཀར་པོ་བག་ཆགས་མེད་པའི་ལམ། གཤེན་ལམ་རིང་བོ་ཐུགས་རྗེ་རྒྱུན་དུ་ཞུགས་པའི་ལམ། གཤེན་ལམ་དྲང་པོ་འཁོར་བ་མེད་པ། གཤེན་ལམ་དབུ་མ་མཐའ་རུ་ཕྱིན་པའོ།། ྋ གཡུང་དྲུང་གི་དབྱིངས་དགུ་ནི། མུ་མེད་པ་གཡུང་དྲུང་གི་དབྱིངས། འབྱམས་ཡས་པ་གཡུང་དྲུང་གི་དབྱིངས། རྒྱ་ཆད་མེད་པ་གཡུང་དྲུང་གི་དབྱིངས། ཁ་གཏིང་མེད་པ་གཡུང་དྲུང་གི་དབྱིངས། དཔག་ཏུ་མེད་པ་གཡུང་དྲུང་གི་དབྱིངས། ཟད་པ་མེད་གཡུང་དྲུང་གི་དབྱིངས། དོག་པ་མེད་པ་གཡུང་དྲུང་གི་དབྱིངས། བདལ་བ་ཆེན་པོ་གཡུང་དྲུང་གི་དབྱིངས། འགྱུར་བ་མེད་པ་གཡུང་དྲུང་གི་དབྱིངས་དང་དགུའོ།། ྋ སྟོབས་བཅུ་གསུམ་ཞེས་བྱ་བ་ནི། སེར་སྣས་མི་འཇིགས་པ་སྦྱིན་པའི་སྟོབས། འཆལ་བས་མི་འཇིགས་པ་ཚུལ་ཁྲིམས་ཀྱི་སྟོབས། བྱུང་ཚོར་གྱིས་མི་འཇིགས་པ་བཟོད་པའི་སྟོབས། ལེ་ལོས་མི་འཇིགས་པ་བརྩོན་འགྲུས་ཀྱི་སྟོབས། འགྱུར་བས་མི་འཇིགས་པ་བསམ་གཏན་གྱི་སྟོབས། འཁྲུལ་བས་མི་འཇིགས་པ་ཤེས་རབ་ཀྱི་སྟོབས། ཞེ་སྡང་གིས་མི་འཇིགས་པ་བྱམས་པའི་སྟོབས། གཏི་མུག་གིས་མི་འཇིགས་པ་ཡེ་ཤེས་ཀྱི་སྟོབས། འདོད་ཆགས་ཀྱིས་མི་འཇིགས་པ་སྦྱིན་པའི་་སྟོབས། ང་རྒྱལ་གྱིས་མི་འཇིགས་པ་ཞི་བའི་སྟོབས། ཕྲག་དོག་གིས་མི་འཇིགས་པ་ཡངས་པའི་སྟོབས། ཕ་རོལ་དམག་དཔུང་གིས་མི་འཇིགས་པ་རྫུ་འཕྲུལ་གྱི་སྟོབས། རྣམ་པར་རྟོག་པས་མི་འཇིགས་པ་ལྟ་བའི་སྟོབས་དང་བཅུ་གསུམ་མོ།། ྋ དེ་རྣམས་ཐམས་ཅད་ཀྱི་་དོན་ལ་སྒྲིབ་ཅིང་འཁོར་བར་སྐྱེ་བའི་རྒྱུ་ནི། མི་དགེ་བ་བཅུ་དང་། ་མཚམས་མེད་ལྔ། ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད་། འཁྲུལ་བ་དགུ། ལུང་མ་བསྟན་པ་བཅུ། མི་ཁོམ་བརྒྱད་དོ།། ྋ མི་དགེ་བ་བཅུ་ནི། ལུས་ཀྱི་སྒོ་ནས་སྲོག་གཅོད་རྐུ་དང་མི་ཚངས་སྤྱོད། ངག་གི་སྒོ་ནས་ངག་འཁྱལ་ཚིག་རྩུབ་ཕྲ་མ་རྫུན་དུ་སྨྲ། ཡིད་ཀྱི་སྒོ་ནས་མངན་སེམས་གནོད་སེམས་ལོག་པར་ལྟ་སྟེ། དེ་ནི་མི་དགེ་བཅུའོ།། ྋ མཚམས་མེད་ལྔ་ནི། སློབ་དཔོན་སློབ་བུ་ཕ་མ་བུ་ཚ་མིང་སྲིང་སྐྱེ་བ་ཟླ་རོགས་སྤུན་གྲོགས་མཆེད་གྲོགས་བསད་པ་དང་ལྔའོ། ྋ ཉེ་བ་ལྔ་ནི། མཆེད་གྲོགས་དག་ལ་རྩ་བའི་དམ་ཚིག་ཉམས་པ། མི་གསོད་པ། ལྷ་ཁང་བཤིག་པ། ལྷ་ཁང་མཆོད་རྟེན་གྱི་དཀོར་ལ་སྤྱོད་པ། ལམ་རྒྱུད་ལ་བརྟེན་པའི་གང་ཟག་བཀྲོངས་པ་དང་ལྔའོ། ྋ ལྕི་བ་བཞི་ནི། བླ་མའི་ཐུགས་དཀྲུགས་པ། དད་པ་ཅན་གྱི་ཚོགས་བཅག་པ། མཆོད་པ་ལོ་ཟླར་འདས་པ། སྡིག་པོ་ཆེའི་གྲོགས་བརྟེན་པའོ།། ཡང་ན་མི་ཆོས་པ་ལ་མནའ་ལྕི། ཉན་ཐོས་པ་ལ་འདུལ་ཁྲིམས་ལྕི། བྱང་ཆུབ་སེམས་དཔའ་ལ་སྡོམ་པ་ལྕི། གསང་སྔགས་པ་ལ་དམ་ཚིག་ལྕི། ཡང་ན་བཙུན་པའི་ཕྱག་ལྕི། མཁས་པའི་གོང་ལྕི། དད་པ་ཅན་གྱི་ཟས་ལྕི། སྔགས་པའི་ནོར་ལྕི་བ་ཡིན། ྋ ལོག་པ་བརྒྱད་ནི། རྒྱུ་འབྲས་ཁྱད་དུ་བསད་ནས་འཐབ་རྩོད་བྱེད་པ་དང་། སྲོག་གི་ལྡམ་པོར་ནོར་ཟ་བ་དང་། སློབ་མ་ལ་ཕྱིན་ཅི་ལོག་ཏུ་ལུང་བསྟན་པ་དང་། རི་བོའི་རྩེ་ནས་ཀུས་འདེབས་དང་། རྒྱ་མཚོའི་ནང་དུ་དུག་སྤྱོད་པ་དང་། ཆུ་བོ་ཆེན་པོ་གལ་བསྒྱུར་བ་དང་། རྩི་ཤིང་ནགས་ཚལ་མེས་བསྲེགས་པ་དང་། མ་ལ་མངལ་སྤྱོད་པ་དང་བརྒྱད་དོ། ྋ འཁྲུལ་བ་དགུ་ནི། དུས་ལ་སྔ་ཕྱི་འཛིན་པར་བྱེད་པ་འཁྲུལ་བའི་བློ། གནས་ལ་མཐོ་དམན་འཛིན་པར་བྱེད་པ་འཁྲུལ་བའི་བློ། ཚེ་ལ་རིང་ཐུང་འཛིན་པར་བྱེད་པ་འཁྲུལ་བའི་བློ། དུས་དང་གྲངས་སུ་འཛིན་པར་བྱེད་པ་འཁྲུལ་བའི་བློ། གློ་བུར་རྐྱེན་གྱིས་གནོད་པར་འཛིན་པར་བྱེད་པ་འཁྲུལ་བའི་བློ། བརྡ་དང་མིང་གིས་མཚོན་པར་འཛིན་པར་བྱེད་པ་འཁྲུལ་བའི་བློ། ལས་ལ་བཟང་ངན་འཛིན་པར་བྱེད་པ་འཁྲུལ་བའི་བློ། མཐོང་ཐོས་རེག་པར་འཛིན་པར་བྱེད་པ་འཁྲུལ་བའི་བློ། སྙིང་རྗེ་ཕྱོགས་འཆར་དུ་འཛིན་པར་བྱེད་པ་འཁྲུལ་བའི་བློ་དང་དགུའོ།། ྋ ལུང་མ་བསྟན་བཅུ་ནི། གཏོ་དཔྱད་སྨན་དང་གཙུག་ལག་དང་། བྲོ་གར་གླུ་དང་རྩེད་འཇོ་དང་། བཟོ་ཡི་ལས་དང་རིག་པའོ། ྋ མི་ཁོམ་པ་བརྒྱད་ནི། ངན་སོང་གསུམ་དང་ཚེ་རིང་ལྷ། མཐའ་འཁོབ་ཀླ་ཀློ་ལོག་ལྟར་སྐྱེས། ཞིང་ཁམས་སྟོང་བ་དང་། དིག་པ་ལྐུགས་པ་མི་ཁོམ་བརྒྱད། ཡང་ན་ལྷ་སོགས་རིགས་ལྔ་དང་། གླིང་གསུམ་མི་དང་དྲུག  མཐའ་འཁོབ་དབང་བོ་མ་ཚང་གཉིས་ཏེ་བརྒྱད་དོ། དེ་རྣམས་དུག་ལྔ་ལས་གྲོལ་ཞིང་ཐར་བར་བྱེད་པར། སྤང་བསྒྱུར་ཕ་རོལ་དུ་ཕྱིན་པ་ལ་འཇུག་ཅིང་སྤྱོད་པར་བྱའོ། སླར་དེ་ཐམས་ཅད་སྣང་བ་ཙམ་དུ་བཏགས་པའི་བོན་ཡིན་ཏེ། ལམ་ལྔ་ས་བཅུ་གཞི་བྱང་ཆུབ་ཀྱི་ཕྱོགས་ཀྱི་བོན་སོ་བདུན། ཕ་རོལ་ཏུ་ཕྱིན་པ་དྲུག་ཅུ། སྐུ་གསུམ་སྐུ་ལྔ་ཡེ་ཤེས་ལྔ་ལ་སོགས་པ་ཐམས་ཅད་སེམས་ཉག་གཅིག་གི་རྩ་བ་ཆོད་ན་དེར་འདུས་པར་གདའོ། དེ་གོ་བར་གྱིས་ཤིག་གསུངས་སོ།། ྋ ཡང་ཞུས་པ། སྤང་ལམ་འདུལ་བ་ལ་སོགས་བོན་དང་གང་ཟག་གི་དབྱེ་བསལ་སོ་སོར་ཕྱེ་བ་དེ་གང་ལགས། བླ་མའི་ཞལ་ནས་འདུལ་བ་དེ་ངར་འཛིན་འགོང་བོ་འདུལ་བ་ལ་ཟེར། ཕ་རོལ་དུ་ཕྱིན་པ་བྱ་བ་ཐམས་ཅད་སྟོང་བ་ཉིད་དུ་བློ་སྦྱངས་ནས། འཁོར་བའི་མཐར་མི་གནས་པ་ལ་ཟེར་བ་ཡིན། གསང་སྔགས་བྱ་བ་ཐབས་ཁྱད་པར་ཅན་ལ་བསྟེན་ནས། སངས་རྒྱས་པ་ལ་རྩོལ་བ་མེད་པ་ལ་ཟེར། ཉན་ཐོས་བྱ་བ་རང་དོན་འབའ་ཞིག་སྒྲུབ་པ་ལ་ཟེར། རང་སངས་རྒྱས་བྱ་བ་རང་གཅིག་པུར་སྐྱེ་མེད་དུ་གྲོལ་བ་ལ་ཟེར་བ་ཡིན། གཡུང་དྲུང་སེམས་དཔའ་བྱ་བ། སྨོན་འཇུག་གཉིས་ཀྱི་སེམས་བསྐྱེད་ནུས་པ་ལ་ཟེར། ཕྱག་རྒྱ་ཆེན་པོ་བྱ་བ་སྣང་སྲིད་ཐམས་ཅད་བློ་བྲལ་དུ་ཤེས་པ་ལ་ཟེར། རྫོགས་པ་ཆེན་པོ་བྱ་བ་ཐམས་ཅད་རང་གི་སེམས་སུ་རྫོགས་པ་ལ་ཟེར། དབུ་མ་ཆེན་པོ་བྱ་བ་མཐའ་ཐམས་ཅད་དང་བྲལ་བ་ལ་ཟེར། ཐེག་པ་ཆེན་པོ་བྱ་བ་སྟོང་བ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པ་ལ་ཟེར། བདེ་བ་ཆེན་པོ་བྱ་བ་དུཿཁ་རང་སར་དག་པ་ལ་ཟེར། ཡེ་ཤེས་ཆེན་པོ་བྱ་བ་དུག་ལྔ་ཉོན་མོངས་རང་སར་ཞི་བ་ལ་ཟེར། བོན་ཉིད་བྱ་བ་རྣམ་རྟོག་རང་སར་དག་པ་ལ་ཟེར། མྱང་འདས་བྱ་བ་འཁོར་བ་རང་སར་གྲོལ་བ་ལ་ཟེར། དགེ་བ་བྱ་བ་མི་དགེ་བའི་རྩ་བ་རིག་པ་ལ་ཟེར། སྤྱོད་པ་བྱ་བ་སྤྱད་བྱ་སྤྱོད་བྱེད་བྲལ་བ་ལ་ཟེར། ཞི་བྱེད་བྱ་བ་ཉོན་མོངས་ཞི་བར་བྱེད་པ་ལ་ཟེར། སེམས་རྩལ་བྱ་བ་ཅི་བྱུང་ཅི་ཤར་རང་གི་སེམས་སུ་འདོད་པ་ལ་ཟེར་བ་ཡིན་གསུངས་སོ། ཡང་ཞུས་པ། བཀའ་དང་བཀའ་བརྟེན་གྱི་བོན་གང་ལགས་ཞུས་པས། བླ་མའི་ཞལ་ནས། བཀའི་བོན་དེ་སངས་རྒྱས་ཀྱིས་གསུངས་པ་ལ་ཟེར། བཀའ་བརྟེན་གྱི་བོན་དེ་ཕྱི་ནས་བླ་མ་གྲུབ་ཐོབ་རྣམས་ཀྱིས་གསུངས་པ་ལ་ཟེར། གདམས་ངག་བྱ་བ་དོན་ཉམས་སུ་བླང་པ་ལ་ཟེར། ཚིག་གི་བོན་བྱ་བ་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལ་ཟེར། དོན་གྱི་བོན་ནི། བོན་ཉིད་ལ་ཟེར། བོན་སྤྱིའི་མཚན་ཉིད་ནི། སྣང་སྲིད་འཁོར་འདས་ལ་ཟེར། དོན་རང་གི་མཚན་ཉིད་བྱ་བ། རང་སེམས་སྐྱེ་བ་མེད་པ་ལ་ཟེར། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་བྱ་བ། ལྟ་བ་གཏན་ལ་ཕབ་པ་ལ་ཟེར། ཇི་སྙེད་པ་མཁྱེན་པའི་བྱ་བ། སྣང་སྲིད་ཐམས་ཅད་མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་ཐམས་ཅད་མཐོང་བ་བཞིན་དུ་མཁྱེན་པ་ལ་ཟེར། རྒྱུ་བསོད་ནམས་ཀྱི་ཚོགས་བྱ་བ། འདུས་བྱས་ཀྱི་དགེ་བར་གྱུར་ཚད་ལ་ཟེར། འབྲས་བུ་ཡེ་ཤེས་ཀྱི་ཚོགས་བྱ་བ། སྟོང་ཉིད་སྙིང་རྗེའི་རྩལ་འབྱོངས་པ་ལ་ཟེར། ཡང་གསུངས་པ་སངས་རྒྱས་བྱ་བ། རང་ངོ་ཤེས་བ་ལ་ཟེར། གཡུང་དྲུང་སེམས་དཔའ་བྱ་བ། ཚད་མེད་བཞི་དང་ལྡན་པ་ལ་ཟེར། དེ་བཞིན་གཤེགས་པ་བྱ་བ་། འཁོར་བ་ནས་བོན་ཉིད་དུ་གཤེགས་པ་ལ་ཟེར། དགྲ་བཅོམ་པ་བྱ་བ། བདུད་བཞི་སེམས་སུ་བཅོམ་པ་ལ་ཟེར། རྟོགས་ལྡན་བྱ་བ། རང་སེམས་མངོན་དུ་རྟོགས་པ་ལ་ཟེར། གྲུབ་ཐོབ་བྱ་བ། མཆོག་ཐུན་མོང་གི་དངོས་གྲུབ་བསྙེམས་པ་ལ་ཟེར། རྣལ་འབྱོར་བྱ་བ་གནས་ལུགས་རྣལ་མར་འབྱོར་བ་ལ་ཟེར། སྒོམ་ཆེན་བྱ་བ་དུ་མ་རོ་གཅིག་ཏུ་སྒོམ་པ་ལ་ཟེར། འཁྲུལ་ཞིག་བྱ་བ། བཅས་བཅོས་ཞིག་པ་ལ་ཟེར། དྲང་སྲོང་བྱ་བ། རང་རྒྱུད་དྲང་པོས་གཞན་རྒྱུད་འཁྱོག་པོ་སྲོང་བ་ལ་ཟེར། གཙང་གཙུག་བྱ་བ་དགེ་སྡིག་སྤེལ་སྦྱོང་བྱེད་པ་ལ་ཟེར། དགེ་བསྙེན་བྱ་བ་དགེ་བར་བརྩོན་པ་ལ་ཟེར་བ་ཡིན་གསུངས། ཡང་གསུངས་པ། སྒོམ་པ་བྱ་བ་གནས་ལུགས་སྒོམ་ཞིང་འགྲོ་དྲུག་ལ་བྱམས་པ་ལ་ཟེར། ཏིང་ངེ་འཛིན་བྱ་བ་མ་ཡེང་པ་ལ་ཟེར། བྱར་མེད་རྟོགས་པ་བྱ་བ་གང་བྱས་ཀྱང་མི་སྟོ་བ་ལ་ཟེར། བསྒོམ་མེད་རྟོགས་པ་བྱ་བ་སྣང་སྲིད་སྒོམ་དུ་ཤར་བ་ལ་ཟེར། ཡང་ཞུས་པ་བླ་མ་ལགས། ལྷ་ཆོས་སྒྲུབ་པའི་གནས་ལ་གང་ལོད་པར་གདའ་ཞུས་པས། ཕ་ཡུལ་ལོད་པར་གདའ་གསུངས། དགྲ་གང་གིས་འཇིགས་པར་གདའ་ཞུས་པས། འཁོར་བས་འཇིགས་པར་གདའ་གསུངས། འཁོར་བར་གང་གིས་སྐྱུར་བར་གདའ། སྣང་བས་བསྐྱུར་བར་གདའ། འཁྲི་བ་གང་ཆོད་དཀའ་བར་གདའ། མི་ཆོས་ཀྱི་འཁྲི་བ་ཆོད་དཀའ་བར་གདའ། བདུད་བཞི་གང་འདུལ་དཀའ་བར་གདའ། རྣམ་རྟོག་འབྲལ་དཀའ་བར་གདའ། རྟོག་པ་ཆོམ་གང་དཀའ་བར་གདའ། བཟང་རྟོག་ཆོམ་པ་དཀའ་བར་གདའ། གྲོགས་སུ་གང་བཟང་བར་གདའ། རྐྱེན་ངན་བཟང་བར་གདའ། གནས་གང་བཟང་བར་གདའ། རི་ཁྲོད་བཟང་བར་གདའ་གསུངས། འདུག་ཚུལ་གང་བཟང་བར་གདའ་ཞུས་པས། གཅིག་པུར་དགའ་བར་གདའ་གསུངས། ཡང་ཞུས་པ། བླ་མ་ལགས་ཚིག་བཅུས་སངས་རྒྱས་པའི་བོན་ཅིག་ཞུ་བྱས་པས། བླ་མའི་ཞལ་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། འཆི་བ་མི་རྟག་པ་རྒྱུན་དུ་སྒོམས། བླ་མ་ལ་གསོལ་བ་ཐོབ། ལེ་ལོའི་བྱ་བ་ལིང་གིས་སྐྱུར། སྣང་བ་བུན་ནེ་ཐོངས། འཁྲུལ་སྣང་ཤིགས་སེ་ཤིག  བོན་ཉིད་ངང་ལ་ལྷུན་གྱིས་ཞོག  སྟོང་ཉིད་ཟུང་འཇུག་ཏུ་གྱིས། འཁོར་འདས་གཉིས་མེད་དུ་སྒོམས། བསྔོ་བ་སྨོན་ལམ་རྒྱ་ཡིས་ཐོབ། དེས་སངས་རྒྱས་པ་ཡིན་གསུངས། ཡང་ཞུས་པ། ཚིག་གསུམ་གྱིས་སངས་རྒྱས་པའི་བོན་ཅིག་ཞུས་པས། བླ་མའི་ཞལ་ནས། སྐྱེ་མེད་དུ་ལྟོས། འགག་མེད་དུ་གློད། འཛིན་མེད་དུ་སྒོམ། དེས་སངས་རྒྱས་པའོ། ཚིག་གིཅག་གིས་སངས་རྒྱས་པའི་བོན་ཞིག་ཞུ་བྱས་པས། སྣང་སྲིད་ལ་གཟའ་གཏད་མེད་པར་ཤེས་ན་དེས་སངས་རྒྱས་པ་ཡིན་གསུངས། ཡང་ཞུས་པ། བླ་མ་ལགས། ཁྱེད་ཀྱིས་འཇིག་རྟེན་ཁམས་ན་ངོ་མཚར་ཆེ་བ་ཅི་འདྲ་གཟིགས་ཞུས་པས། བླ་མས་ངོ་མཚར་ཆེ་བ་མང་པོ་མཐོང་གསུངས། ཅི་ཙམ་གཟིགས་ཞུས་པས། བླ་མའི་ཞལ་ནས། སངས་རྒྱས་ངོ་མཚར་ཆེ་བ་འདི་འདྲ་མཐོང་། སྐུ་སྤྲུལ་བའི་སྐུ་རུ་སངས་རྒྱས། གསུང་ལོངས་སྐུ་རུ་སངས་རྒྱས། ཐུགས་བོན་སྐུ་རུ་སངས་རྒྱས། སྐུ་གསུམ་ལྷུན་གྲུབ་ཀྱི་འཕྲིན་ལས་ཀྱིས། སེམས་ཅན་འཁོར་བ་ནས་སྒྲོལ་བའི་སངས་རྒྱས་མང་པོ་མཐོང་གསུངས། ྋ སློབ་དཔོན་ངོ་མཚར་ཆེ་ཅི་ཙམ་གཟིགས་ཞུས་པས། རྟོགས་པས་རང་དོན་ཕུལ་དུ་ཕྱིན། ཐུགས་རྗེ་གཞན་དོན་ཤུགས་ལས་འབྱུང་། རང་འདོད་ཟད་དེ་ཅི་བྱེད་གཞན་དོན་དུ་བྱེད་པ། སངས་རྒྱས་ཀྱི་བོན་ཕྱིན་ཅི་མ་ལོག་པས་འགྲོ་བ་མཐར་ཕྱིན་ལམ་ལ་བཀོད་པ། འབྲེལ་ཚད་དོན་དང་ལྡན་པའི་སློབ་དཔོན་མང་པོ་མཐོང་གསུངས། ྋ སྟོན་པ་ངོ་མཚར་ཆེ་བ། ཚིག་ལ་མཁས་པ་དོན་ལ་དྲིལ་བ། སྒྲ་དོན་གཉིས་མེད་དུ་ཉམས་སུ་མྱོང་བ། མ་དག་པ་སོ་སོར་སྐྱེ་བོ་ཐམས་ཅད་དག་པ་སངས་རྒྱས་ཀྱི་སར་འདྲེན་པར་བྱེད་པ། གདམས་ངག་ཆ་ལག་ཚང་བ་མི་ནོར་བར་སྟོན་པ་མང་པོ་མཐོང་གསུངས། ྋ མཁས་པ་ངོ་མཚར་ཆེ་བ་ཐ་སྙད་ཀྱི་ཚིག་ལ་མ་རྨོངས་པ། བོན་ཉིད་ཀྱི་དོན་ཉམས་སུ་མྱོང་བ། སྒྲོ་འདོགས་སེམས་སུ་ཆོད་པ། རྒྱལ་བ་གཤེན་རབ་བྱོན་ཡང་ངོ་མི་གནོང་བ། སྨྲ་བའི་སེང་གེ་བྱོན་ཡང་ཉམས་མི་ང་བ། དབང་ཕྱུག་ཆེན་པོ་བྱོན་ཡང་གྲུབ་མཐའ་མི་འཆོར་བ། གཅིག་ཤེས་ཀུན་ལ་མཁས་པ་མང་པོ་མཐོང་། རྟོགས་ལྡན་ངོ་མཚར་ཆེ་བ། ལྟ་བ་གདེང་དང་ལྡན་པས་འཁོར་འདས་སེམས་སུ་ཤེས་པ། ཀུན་རྫོབ་ཀྱི་རྫུན་ཁུང་རྡིབ་པ། སྟོང་བས་རྟག་མཐའ་སེལ་བ། སྙིང་རྗེས་ཆད་མཐའ་སེལ་བ། ཟུང་འཇུག་དབུ་མ་ཆེན་པོའི་དོན་ཉམས་སུ་མྱོང་བ། བདུད་བཞི་ལ་ཉམ་མི་ང་བའི་རྟོགས་ལྡན་མང་པོ་མཐོང་གསུངས། ྋ གྲུབ་ཐོབ་ངོ་མཚར་ཆེ་བ་མཆོག་གི་དངོས་གྲུབ་སྟོང་ཉིད་སྙིང་རྗེའི་རྩལ་རྫོགས་པ། ཐུན་མོང་གི་དངོས་གྲུབ་སྣང་སྲིད་བྲན་དུ་འཁོར་བ། རྣལ་འབྱོར་བའི་སྟོབས་ཀྱིས་ཕ་རོལ་སུན་འབྱིན་པ། བདེན་པའི་སྟོབས་ཀྱིས་བརྗོད་པ་ཙམ་གྱིས་དུཿ ཁ་ཞི་ནུས་པ། སེམས་ཅན་བདེ་བ་ལ་བཀོད་ནུས་པ། རྒྱ་མཚོ་སྐེམ་ནུས་པ། རི་རབ་བསྙིལ་ནུས་པ། དུས་གཅིག་ལ་སྤྲུལ་བ་བྱེ་བ་བརྒྱ་ཕྲག་འགྱེད་ནུས་པའི་གྲུབ་ཐོབ་མང་པོ་མཐོང་གསུངས། ྋ རྣལ་འབྱོར་ངོ་མཚར་ཆེ་བ། འདུག་ས་དུར་ཁྲོད་ནགས་ཁྲོད་དུ་འདུག་པ། རྟོགས་པ་མཁའ་ལྟར་དག་པ། ཐབས་ཁྱད་པར་འཕགས་པ། ལྟད་མོ་སེམས་ལ་ལྟ་བ། སྐྱེ་མེད་དུ་ཐག་ཆོད་པ། འགག་མེད་དུ་རྩལ་རྫོགས་པ། གཉིས་མེད་དུ་ལ་བཟླ་བ། ཉམས་དབྱངས་མགུར་མ་རྒྱུན་ལེན་པ། སེམས་དང་བོན་ཉིད་འབྱོར་བའི་རྣལ་འབྱོར་བ་མང་པོ་མཐོང་གསུངས། སྒོམ་ཆེན་ངོ་མཚར་ཆེ་བ། ཚུལ་རྒྱལ་བ་གཤེན་རབ་ཀྱི་ཚུལ་འཛིན་པ། ཉམས་སུ་ཚད་མེད་འོད་ལྡན་གྱི་གདམས་ངག་ལེན་པ། འདུག་ས་གཡའ་རི་དང་གངས་རི་ལ་བྱེད་པ། ཟས་སུ་ཟག་མེད་ཀྱི་བདུད་རྩི་ཟ་བ། གྲོགས་སུ་རང་རིག་ཡེ་ཤེས་བསྟེན་པ། ཉམས་སུ་བློ་བྲལ་ལེན་པ། དགེ་བ་སེམས་ཅན་དོན་དུ་བསྔོ་བ། དུས་རྟག་ཏུ་ཟག་པ་མེད་པའི་ཏིང་འཛིན་བོན་ཉིད་ལ་མཉམ་པར་འཇོག་ནུས་པའི་སྒོམ་ཆེན་མང་པོ་མཐོང་གསུངས། ྋ ཞིག་པོ་ངོ་མཚར་ཆེ་བ། ནང་དུ་འཁྲུལ་བ་ཞིག་པ། ཕྱི་རུ་བོན་བརྒྱད་ཞིག་པ། བར་དུ་བྱར་མེད་རྟོགས་པ་ལོ་ཀའི་བྱ་བ་མི་བྱེད་པ། སྨྲ་བསམ་བརྗོད་མེད་རྟོགས་པ། ཡིན་མིན་གྱི་རྩིས་གདབ་མི་གཏོང་བ། གཟའ་གཏད་ཐམས་ཅད་དང་བྲལ་བ། ངོ་ཚ་དང་ཚུལ་འཆོས་མི་ཤེས་པ། ཐམས་ཅད་སྟོང་ཉིད་དུ་ཤེས་པ། རྐྱེན་ངན་གྱིས་མི་ཚུགས་པ། གནས་མི་གདམ་པ། གར་བསྡད་ཀྱང་གཞལ་ཡས་ཁང་དུ་རྟོགས་པ། གྲོགས་མི་གདམ་པ་འགྲོགས་ཚད་ལྷ་སྐུ་རུ་མཐོང་བ། ཟས་མི་གདམ་པ་ཟས་ཚད་བདུད་རྩི་རུ་ཤེས་པ། ཅི་བྱས་བོན་སྐུ་རུ་ཤེས་པ། སྤྱོད་ལམ་ལ་ངེས་པ་མེད་པ། མཚན་མའི་བོན་ཐམས་ཅད་སེམས་ཉིད་ཀྱི་སྟེང་དུ་ཞིག་པས་ཞིག་པོ་མང་པོ་མཐོང་གསུངས། ྋ དྲང་སྲོང་ངོ་མཚར་ཆེ་བ། རྒྱལ་བ་གཤེན་རབ་ཀྱི་སྲས་པོ། སངས་རྒྱས་བསྟན་པའི་རྒྱལ་མཚན། ཐར་བ་བྱང་ཆུབ་སྒྲུབ་པའི་དམིགས་རྟེན། འགྲོ་བས་བསོད་ནམས་བསགས་པའི་ཞིང་ས། སྡོམ་པ་གསུམ་གྱི་རྒྱན་གྱིས་བརྒྱན་པ། ལྟ་བ་རྣལ་འབྱོར་བ་སྙོག་པ། སྤྱོད་པ་དགེ་དྲང་གཉིས་སྙོག་པ། ཕན་སེམས་གཡུང་དྲུང་སེམས་དཔའ་དང་མཐུན་པ། ཡོན་ཏན་སངས་རྒྱས་དང་མཉམ་པ། སངས་རྒྱས་བསྟན་པའི་བྱ་བ་བྱེད་པའི་དྲང་སྲོང་མང་པོ་མཐོང་གསུངས། ྋ གཙང་གཙུག་ངོ་མཚར་ཆེ་བ། སངས་རྒྱས་ཀྱི་བཀའ་སྒྲུབ་པ། མི་དགེ་བཅུ་ཕྱིར་དོར་བ། དགེ་བ་བཅུ་སངས་རྒྱས་ཀྱི་ཚུལ་བཞིན་སྒྲུབ་པ། ཕ་ཡུལ་རྒྱབ་ཏུ་བོར་བ། དགོན་པ་དང་མི་འབྲལ་བ། བླ་མ་གཙུག་ཏུ་ཁུར་བ། གདམས་ངག་བདུད་རྩི་བཞིན་བསྟེན་པ། ཉོན་མོངས་དགྲ་ལྟར་འཛེམ་པ། སྡོམ་པ་མིག་འབྲས་བཞིན་བསྲུང་བ། ཉིན་མཚན་མེད་པར་བོན་ལ་བློ་སྦྱང་བ། དགེ་བ་ཚུལ་བཞིན་བྱེད་པའི་གཙང་གཙུག་མང་པོ་མཐོང་གསུངས། ྋ དགེ་བསྙེན་ངོ་མཚར་ཆེ་བ། ཆ་ལུགས་སྐྱེ་བོ་སེམས་དཀར་པོ། རྣམ་སྨིན་ལ་བཙུན་པ་ལས་འཛེམ་ཤེས་པ། དགེ་བར་འགྱུར་ཚད་སྤེལ་བ། སྡིག་པར་འགྱུར་ཚད་སྤོང་བ། ལུས་ཕྱག་དང་སྐོར་བ་ལ་བརྩོན་པ། ངག་འདོན་པ་དང་བཟླས་བརྗོད་བྱེད་པ། སེམས་ལྷའི་ཏིང་འཛིན་བསྒོམ་པ། རྟེན་དམན་པས་ང་རྒྱལ་ཆུང་བ། སྲུང་སྡོམ་ཉུང་བས་ཉེས་ལྟུང་གིས་མ་གོས་པ། བྱ་བ་ཐམས་ཅད་བླ་མ་སྤྱི་བོར་ཁུར་ནས་གཡོག་བྱེད་པ། སངས་རྒྱས་ཀྱི་འཁོར་རྣམ་བཞིའི་ཡང་འཁོར་དུ་གྱུར་བའི་དགེ་བསྙེན་མང་མཐོངས་གསུངས། ྋ སྒོམ་པ་ངོ་མཚར་ཆེ་བ། བླ་མ་སངས་རྒྱས་སུ་མཐོང་བ། གདམས་ངག་བདུད་རྩི་རུ་མཐོང་བ། འཁོར་བ་ལ་དུཿ ཁ་རུ་མཐོང་བ། དད་གུས་ཆེ་བས་བྱིན་རླབས་འཇུག་མྱུར་བ། ང་རྒྱལ་ཆུང་བས་ཡོན་ཏན་སྐྱེ་མྱུར་བ། ཅི་ཡོད་ལྷ་ཆོས་ཀྱི་ཕྱོགས་སུ་གཏོང་བ། གྱོང་ལྟོ་གོས་ལ་སྐུར་བ། ཐམས་ཅད་གཙུག་ཏུ་ཁུར་བ། སྐྱེ་བ་དམའ་ཡང་དགོས་པ་མཐོ་བ། སྒྲུབ་པ་ལ་རེམ་པ། ངེས་ཤེས་ཆེ་བ། སྣང་བ་དག་པ། ལུས་སྤྲང་བོ་ལ་སངས་རྒྱས་ཀྱི་དགོངས་པ་ཡོད་པ། དུགས་པོའི་འོག་ན་སྟག་ཉལ་བ་མང་པོ་མཐོང་གསུངས། ྋ སྐྱེ་བོ་ངོ་མཚར་ཆེ་བ། སྐྱེ་བ་སྔོན་མ་ལ་ཚུལ་ཁྲིམས་བསྲུངས་པས་མི་ལུས་ཐོབ། སྦྱིན་པ་བཏང་བས་འབྱོར་བ་དང་ལྡན། བསོད་ནམས་བསགས་པས་བོན་ལ་མོས་པ། དད་པ་དང་སྙིང་རྗེ་ཆེ་བ། ངོ་ཚ་ཆེ་བ། རང་ཟས་ཟ་བ། རང་གོས་གོན་པ། ཡར་བླ་མ་བདེར་བཤགས་ལ་ཞབས་ཏོག་བྱེད་པ། མར་སྤྲང་ལོང་ལ་སྦྱིན་པ་གཏོང་བ། འབྱོར་ཚད་དགེ་ཕྱོགས་སུ་གཏོང་བ། སྡིག་པ་མི་བྱེད་པ། དགེ་སྦྱོར་ལ་བརྩོན་པ། བཤེས་གཉེན་དམ་པས་ཞབས་ནས་འདེགས་པ། སངས་རྒྱས་ཀྱི་བཀའ་བྲིས་ཀློག་འདོན་གསུམ་བྱེད་པ། བཙུན་པ་བས་ཀྱང་དོན་ལ་འབྱོར་བའི་སྐྱེ་བོ་མང་པོ་མཐོང་གསུངས། ྋ ཡང་ཞུས་པ་བླ་མ་ལགས་ལོ་ཀའི་ཁམས་ན་ངོ་མཚར་ཆུང་བ་ཅི་འདྲ་གཟིགས་ཞུས་པས། བླ་མའི་ཞལ་ནས། བསྐལ་བ་སྙིགས་མ་ལ་ངོ་མཚར་ཆུང་བའང་མང་དུ་གདའ་གསུངས། ལྷག་པར་འགྲོ་དོན་བྱེད་པ་ལ་ངོ་མཚར་ཆུང་བ། རང་ལ་དགོས་པའི་རྟོགས་པ་མེད་པ། གཞན་ལ་ཕན་པའི་ཐུགས་རྗེ་མེད་པ། བྱར་མེད་ཀྱི་དོན་ལ་གོམས་པ་མེད་པ། བྱས་པའི་བོན་ཐམས་ཅད་རང་དོན་དུ་བྱེད་པ། བོན་བརྒྱད་ཀྱིས་མགོ་གཡོག་ནས་རྒྱལ་ཁམས་ཀྱི་དད་ཟས་ཟ་བ། རང་ལ་ཡོན་ཏན་མེད་པར་གཞན་གྱི་སློབ་དཔོན་བྱེད་པ། རང་འཆི་བ་ལ་མི་འཇིགས་པ་གཞན་ལ་མི་རྟག་པ་བཤད་པ། ཁོ་རང་ལ་ཉམས་མྱོང་བག་ཙམ་མེད་པར་བླ་མར་བཏགས་པ། ལུས་ལ་སྣལ་མའི་རྒྱན་གྱིས་བརྒྱན་པ། སེམས་རང་རྒྱུད་དུ་ལུས་པ། མིས་སངས་རྒྱས་ཡིན་སྐད་གདའ་སྟེ། བསམ་ན་བློ་མི་བདེ་བར། ཤི་ཙམ་ན་གར་འགྲོ་ཆ་མེད་པ། འཕགས་པའི་ཐུགས་ཀྱིས་ཁྲེལ་བའི་འགྲོ་དོན་བྱེད་མི་ཚོ་ངོ་མཚར་ཆུང་བ་གདའ་གསུངས། ྋ མཁས་པ་ལ་ངོ་མཚར་ཆུང་བ་ནི། བོན་ཉིད་དོན་མ་རིག་པ། སྒྲ་དང་གཏན་ཚིགས་མི་ཤེས་པ། ལས་རྒྱུ་འབྲས་མ་གོ་བ། ཚིག་སྟོང་བ་འགའ་རེ་ཤེས་ཀྱང་། བཤད་ན་ཉན་མཁན་མེད་པ། དུག་ལྔ་ཐ་མ་བས་ཀྱང་རགས་པ། རང་གི་རྒྱུད་རེངས་པ། གཞན་ལ་ཡིད་མི་ཆེས་པ། མུ་སྟེགས་ཚར་མི་ཆོད་པ། ཡིན་པའི་ཚིག་གཅིག་བྱུང་ཡང་། མིན་ཟེར་ནས་སྐྱོན་འགེལ་བ། དེ་ནི་རྣམ་སྨིན་གྱི་མི་སྟོང་མདོག་སྐྱ སྐབས་སྐབས་སུ་རང་ལ་ཐེ་ཚོམ་ཟ་བ། ཐ་སྙད་ཀྱི་ཚིག་པོ་ཏི་རེ་ཙམ་ཤེས་པ་ལ། མཁས་པ་ཡིན་ཟེར་ནས་ང་རྒྱལ་བྱེད་པ་གདའསྟེ། དེ་འདྲས་མཁས་པའི་གོ་མི་ཆོད་གསུངས། ྋ རྟོགས་ན་ལྡན་ངོ་མཚར་ཆུང་བ། སྟོང་ཉིད་ལ་གོ་བ་ཙམ་ནི་ཡོད། རྒྱུད་ལ་ནི་མ་སྐྱེས། ཐབས་ཀྱི་བོན་རྣམས་ནི་ཁྱད་དུ་གསོད། ཁ་ལྟ་ནི་ཆེ། གཏད་སོ་ནི་མེད། སྒོམ་ཆེན་པ་དང་རི་ཁྲོད་པ་ལ་སེམས་གྲོལ་ཚུལ་དགོས་པ་ཡིན། སྡུག་སྒུར་བྱས་པའི་ཁ་ན་མེད་ཟེར། ཁ་ལྟ་ལ་ཤོར་བ། དུག་ལྔ་ཡེ་ཤེས་ཡིན་པར་སྐད་ཟེར་། དྲེད་པོ་དྲེད་ནས་དགེ་སྦྱོར་ནི་མི་བྱེད། བྱར་མེད་ཀྱི་དོན་ནི་མ་གོ་འཆི་བ་ལ་ནི་མཚེར། རྐྱེན་ངན་ལ་ནི་འཇིགས། འདོད་ཡོན་ལ་ནི་ཆགས། ཁ་ནས་ཐམས་ཅད་སྟོང་བར་རྟོགས་པ་སྐད་ཟེར་བར་གདའ་སྟེ། གོང་མ་རྣམས་ཀྱི་ཞེ་ཁྲེལ་ནི་འགྲོ་གསུངས། ྋ གྲུབ་ཐོབ་ངོ་མཚར་ཆུང་བ། མཆོག་གི་དོན་མ་གྲུབ། ཐུན་མོང་གི་སི་ཏུ་མ་བསྙེམས་པ། ལོ་ཀའི་ལྷ་འདྲེ་བསྒྲུབས་ནས། མི་སྙིང་འགུལ་དུ་འཇུག  ཡེ་ཤེས་དྲག་སྔགས་བསྒྲུབས་ནས་མངོན་ཤེས་བཤད་པ། མོ་རྩིས་བསླབས་ནས་ལྷ་མཐོང་འདྲེ་མཐོང་ཟེར་བ། དབེན་གནས་སུ་ཞག་གཅིག་མི་ཚུགས་པར་ལོ་མང་པོ་བསྡད་པ་སྐད་ཟེར་བ། གྲུབ་རྟགས་སྟོན་རྒྱུ་མེད་པར་གྲུབ་མཐའ་ལ་མེད་པའི་རྟགས་འདོན་པ། མགོ་སྐོར་བ་བྱུང་ན་བླ་མའི་མགོ་ཡང་བསྐོར་བ། བསླུ་བ་བྱུང་ན་ཡོན་བདག་ཕོ་མོ་ཡང་བསླུ་བ། ཉོ་མཁན་བྱུང་ན་ལྷ་རྟེན་ཡང་བཙོང་ནས་ཟ་བ། ཟོག་པོའི་གྲུབ་ཐོབ་མང་པོ་་གདའ་སྟེ། ལས་ལོག་པར་ཤོར་དོགས་གདའ་གསུངས། ྋ རྣལ་འབྱོར་ངོ་མཚར་ཆུང་བ། བླ་མའི་ཐུགས་དཀྲུག་པ། གྲྭ་ས་རུ་མི་ཚུགས་པ། མི་ཆོས་པའི་ནོར་ལ་རྐུ་བ། དད་པ་ཡལ་བ། སྙིང་རྗེ་མེད་པ། བོན་ལ་ཡིད་མི་ཆེས་པ། མི་ནག་གི་མགོ་སྐོར་བ། རྒྱལ་ཁམས་རྫུན་གྱིས་འགེང་བ། ལྟོ་ཕྱིར་བླ་མའི་གདམས་ངག་མགུར་དུ་ལེན་ཅིང་ངས་ཡིན་སྐད་ཟེར་བ། རྨོངས་པ་མཐོང་ན་འུར་སྡིགས་བྱེད་པ། མཁས་པ་མཐོང་ན་བྱོལ་ནས་འགྲོ་བ། ཚེ་ཕྱི་མ་ལ་དགོས་པའི་ལྷ་ཆོས་མེད། འདི་ལ་དགོས་པའི་ལྟོ་གོས་མེད། སེམས་འགྱོད་པ་དང་བཅས་ནས་སྲང་ལམ་དུ་ཤི་བ། དེ་འདྲ་བའི་རྣལ་འབྱོར་བ་ཐ་མ་བས་མེད་པར་གདའ་གསུངས། ྋ འཁྲུལ་ཞིག་ངོ་མཚར་ཆུང་བ། ངོ་ཚ་ཞིག་པ་གཅེར་བུ་ལ་དགའ་བ། དོན་མ་རིག་པ་ཕཊཿསྒྲ་འདེབས་པར་རེམ་པ། བོན་མི་ཤེས་པར་སྟོང་སྐད་འདོན་པར་རེམ་པ། ལས་རྒྱུ་འབྲས་མ་གོ་བ། སྤྱོད་ལོག་བྱེད་པ། འཇིག་རྟེན་པ་མོས་སུ་རེ་ནས་ཐོ་ཅོ་བྱེད་པ། འདོད་ཆགས་བྱ་བས་ཆེ། བུད་མེད་ཁྱི་བས་མང་པ། སེམས་མ་ཞིག་པར་ལུས་ཞིག་པ། རྒྱལ་ཁམས་རྫུན་གྱིས་འགེང་བ། ཉོན་མོངས་མ་ཞིག་པར་སྤྱོད་ལམ་ཞིག་པ། འཁྲུལ་བ་མ་ཞིག་པར་ཕྱིའི་ཚུལ་ཞིག་པ། གོང་མ་རྣམས་ཀྱི་ཞེ་ཁྲེལ་བས། འདིའང་འཁོར་བར་འཁྱམས་དགོས་འདུག་གསུངས། ྋ སྒོམ་ཆེན་ངོ་མཚར་ཆུང་བ། ཤེས་རབ་ཆུང་བས་ཚིག་ལ་མི་དགའ་བ། བསོད་ནམས་མ་བསགས་པས་དོན་མ་རྟོགས་པ། གཞན་ལ་ཡིད་མི་ཆེས་པ། རང་ལ་གོ་བ་ནི་མེད། ཐོས་པ་ཆུང་བས་སྒོམ་མི་ཤེས་པ། བོན་སྐུ་སྒོམ་པས་རྣམ་རྟོག་ལངས། རི་ལ་བསྡད་པས་ང་རྒྱལ་སྐྱེས། འདོད་ནི་དྲན་མེད་འདོད། སྐྱེས་ནི་ཞི་གནས་ཀྱང་མ་སྐྱེས། སྐྱེས་ཀྱང་ཉམས་ལ་ཆགས་ནས་གོལ་སར་ལྟུང་། དྲན་རིག་ནི་བཀག་ན་ནི་མ་ཁེག  རང་གྲོལ་ནི་མ་ཤེས། སྟན་ཐོག་ཏུ་དུག་གསུམ་བསགས།  གཞན་ལ་མ་སྒོམ་པར་སངས་མི་རྒྱས་ཟེར། དེ་འདྲའི་སྒོམ་ཆེན་པས་ལོ་བརྒྱར་བསྒོམས་ཀྱང་ས་མི་ཆོད་གསུངས། ྋ དྲང་སྲོང་ངོ་མཚར་ཆུང་བ། ཆ་ལུགས་སེར་མོ་བ་སེམས་ནག་པོ་སྤྱོད་པ་ཁྲ་བོ་རང་རྒྱུད་སྐམ་པོ། ཟ་མདོ་རེ་ཡང་མི་འདོན་པ། ལྟད་མོར་དགའ་བ། ཁེ་ཡོད་ན་ཚོང་དུས་ལན་དགུ་སྐོར་བ། ཡོན་དན་མེད་པར་གྲལ་མཐོ་བ། བླ་མའི་ཞབས་འདྲེན་བསྟན་པའི་བླ་འཚོང་བ། བླ་མ་བས་ཀྱང་མི་ཆོས་པ་ལ་རྩི་བ། གཙོ་བོ་ལྟོ་གོས་བསྒྲུབ་པ། བོན་ཁལ་གཅིག་བས་ནོར་ཕུལ་གང་གིས་དགའ་བར་བྱེད་པའི་དྲང་སྲོང་མང་པོ་མཐོང་གསུངས། ྋ གཙང་གཙུག་ངོ་མཚར་ཆུང་བ། གྲྭ་སར་ཕྱིན་ནས་སྡོམ་པ་བླངས། སྐྲ་བཞར་མིང་སྤོར། བོན་ཡིད་ལ་མི་བྱེད་ནོར་ཡིད་ལ་བྱེད། བླ་མ་སློབ་དཔོན་ཡིད་ལ་མི་བྱེད་པ་ཕ་མ་ཉེ་འབྲེལ་ཡིད་ལ་བྱེད། བསོད་སྙོམས་བྱེད་ན་རྐུ་ཞིང་འཕྲོག  སེར་དམག་བྱེད་ན་སྣ་ལ་རྒྱུག  གྲོང་དུ་སྡོད་ན་བུད་མེད་འདེད། གདམ་ངག་བས་འདོད་ཆགས་ལ་རྩི་བ། བླ་བོ་གཏམ་ན་ཉོན་མོངས་གླེང་། ཞེ་སྡང་ཐ་མལ་བས་ཀྱང་ཆེ་བ། གཙང་གཙུག་གམ་དགེ་བསྙེན་ཐ་མ་བས་ཀྱང་ངན་འགྲོར་འགྲོ་བར་མགྱོགས་གསུངས། ྋ སྒོམ་མ་ངོ་མཚར་ཆུང་བ། ཕོག་པའི་སྡོམ་པ་དམ་ཚིག་མི་བསྲུང་། བཞག་པའི་དགོན་པར་མི་སྡོད། གཞི་གྲོང་ཡུལ་དུ་བཅའ། ཕྱོགས་མི་ཆོས་པ་ལ་བྱེད། མི་ཁྱིའི་གཡོག་བྱེད་པ། ལས་སུ་འཐག་བྱེད་ཡོས་འཐག་ཕྲེང་བ་གདངས་ལ་འགེལ། བོན་ཡིད་ལ་མི་འགྱུ་བ། བསམ་བློ་ཉོན་མོངས་པ་ལ་གཏོང་བ། དགེ་བའི་ཀེག་ཤིང་བྱེད་པ་། གཡར་ངོ་བླ་མ་ལ་བྱེད། སྐྱོན་མཆེད་གྲོགས་ལ་འགེལ། ཟས་བྱི་ཕོ་ལ་སྟེར། འབུལ་བ་ཟོག་པོ་ལ་བྱེད། བོད་ལ་ཁྲིམས་མེད་པས་དེ་འདྲ་ལ་སྒོམ་མ་ཟེར་བ་གདའ་གསུངས། ྋ མི་སྐྱེ་བོ་ངོ་མཚར་ཆུང་བ། མི་ལུས་ཐོབ་ནས་དགེ་བ་མི་དྲན། མིག་ཅེར་རེ་འདུག་ཀྱང་ལོང་བས་སྐྱེ་ཤི་མི་མཐོང་། རྣ་བ་གྲོང་ངེ་འདུག་ཀྱང་འོན་པས་གདམ་ངག་མི་གོ  སྡིག་པ་ནི་ནུས་ཚད་བྱེད་པ། དགེ་བ་ལ་ཡིད་མི་འཇུག་པ། ཚེ་ཕྱི་མ་བྱ་བ་ག་ལ་ཡོད་ཤི་བའི་ཡུལ་ན་སུ་ཕྱི་ནས་འོངས། བོན་མི་བདེན་རྫུན་ཡིན་ཟེར། འདི་ལ་སྐྱིད་ན་ཕྱི་མར་གང་ལྟར་སོང་ཡང་སོང་ཁ་རུ་བཟའ་བཏུང་བྱུང་ན་དམྱལ་བ་ད་ལྟ་རང་ལྟུང་ན་ཡང་ལྟུང་ཟེར། ངོ་ཚ་ཆུང་བ་ཁྲེལ་མེད་དེ་འདྲ་མང་དུ་གདའ། སྐྱེ་བ་འདི་ལ་མི་ལུས་བྲེང་ངེ་བ་གཅིག་ཐོབ་པ་གདའ་སྟེ། ཕྱི་མ་ལ་ངན་སོང་མིན་པར་འགྲོ་ས་མི་གདའ་གསུངས། ྋ ཡང་ཞུས་པ་བླ་མ་ལགས། བོན་དང་གང་ཟག་གཉིས་ཀྱི་དབྱེ་བ་སྣ་ཚོགས་སུ་གདའ། སངས་རྒྱས་པའི་དུས་ན་གཅིག་ཏུ་གདའ་བ་དེ་ཅི་ཙུག་ལགས། བླ་མའི་ཞལ་ནས། སངས་རྒྱས་ཐམས་ཅད་ཐབས་མཁས་ཐུགས་རྗེ་ཆེ་བ། གང་ལ་གང་འདུལ་དུ་སྟོན་པ་ཡིན་དོན་ལ་གཅིག་གསུངས། དེ་ཡང་བོན་ཉིད་བྱ་བ་སྟོང་བ་ཉིད་ལ་ཟེར་བ་ཡིན། སེམས་ཉིད་བྱ་བ་སྐྱེ་བ་མེད་པ་ལ་ཟེར་བ་ཡིན། མཉམ་ཉིད་བྱ་བ་འཁོར་འདས་གཅིག་ཏུ་རྟོགས་པ་ལ་ཟེར་བ་ཡིན་གསུངས།  ྋ ཡང་ཞུས་པ་སངས་རྒྱས་ཀྱི་བསྟན་པ་འདི་གང་ལ་ཟེར་བ་ལགས། བོན་ལས་ལ་གནས་པ་ལ་ཟེར། ཡོན་ཏན་སྐྱེ་བ་ལ་གལ་གང་ཆེ་ལགས་ཞུས་པས། བྱིན་རླབས་ཞུ་བ་གལ་ཆེ། བྱིན་རླབས་ཞུགས་པ་ལ་གལ་གང་ཆེ། བླ་མ་སངས་རྒྱས་སུ་མཐོང་བ་དེ་གལ་ཆེ།  བོན་དྲན་པ་ལ་གལ་གང་ཆེ། རྐྱེན་ངན་པ་དང་དུཿ ཁ་མང་བ་ལ་དྲན་པར་གདའ་གསུངས་སོ། ལྷ་ཆོས་གནད་དུ་འགྲོ་བ་ལ་གལ་གང་ཆེ། འཆི་བ་མི་རྟག་པ་དྲན་ན་གནད་དུ་འགྲོ་གསུངས། གྲུབ་ཐོབ་འབྱུང་བ་ལ་གལ་གང་ཆེ། སྙིང་རུས་ཆེ་བ་ཅིག་གལ་ཆེ། རྟོགས་ལྡན་འབྱུང་བ་གལ་གང་ཆེ། ཤེས་རབ་ཆེ་བ་ཅིག་གལ་ཆེ། འགྲོ་དོན་ནུས་པ་ལ་གལ་གང་ཆེ། སྟོང་ཉིད་སྙིང་རྗེ་རྩལ་རྫོགས་པ་ཅིག་གལ་ཆེ། དགེ་བའི་རྩ་བ་ལ་བསོད་ནམས་གང་ཆེ་ན། འབྲས་བུ་ལ་རེ་བ་མེད་གལ་ཆེ། ྋ ཡང་ཞུས་པ་བླ་མ་ལགས། རྩེ་གཅིག་ཐུན་སྒོམ་འདི་གང་ལགས། སེམས་ཀྱི་ངོ་བོ་མཐོང་བ་ལ་ཟེར་བ་ཡིན། སྤྲོས་བྲལ་ངང་བསྒོམ་གང་ལགས། སྣང་བ་ལམ་དུ་སློང་བ་ལ་ཟེར། རོ་གཅིག་ཀློང་སྒོམ་གང་ལགས། བོན་ཐམས་ཅད་སེམས་སུ་ཐིམ་པ་ལ་ཟེར། སྒོམ་མེད་བྱ་བ་ཟད་སར་སྐྱོལ་བ་ལ་ཟེར། འོད་གསལ་བྱ་བ་སྙིང་བོ་བྱང་ཆུབ་ཀྱི་སེམས་ལ་ཟེར། ཟག་བཅས་བྱ་བ། བདེ་གསལ་གྱི་ཉམས་ལ་ཟེར། ཟག་མེད་དེ་བོན་ཉིད་རང་བཞིན་རྣམ་པར་དག་པ་ལ་ཟེར། སྒོམ་ཡོད་བྱ་བ་འབུར་འཇོམས་བྱེད་པ་ལ་ཟེར། སྒོམ་མེད་བྱ་བ་འབུར་འཇོམས་ཀྱི་གཉེན་པོ་བྲལ་བ་ལ་ཟེར། ྋ ཡང་ཞུས་པ། སངས་རྒྱས་ལ་ཐག་གང་གིས་ཉེ། རང་གི་སེམས་རྟོགས་ན་ཉེ། གང་ཟག་ལ་ངོ་མཚར་གང་ཆེ། རང་འདོད་ཟད་པ་དེ་ཆེ། མི་ཆེན་ལས་ངོ་མཚར་གང་ཆེ། ཀུན་གྱིས་བཀུར་བ་དེ་ཆེ་གསུངས། ྋ ཡང་ཞུས་པ་བླ་མ་ལགས། གནས་གང་དབེན། གྲོལ་ཚུལ་ཤེས་ན་ཚོང་དུས་ཡང་དབེན་པར་གདའ་གསུངས།མཐོ་སར་ནམ་སླེབས། དམའ་ས་བཟུང་ན་སླེབས་པར་གདའ་གསུངས།  སངས་རྒྱས་སར་ནམ་སླེབས་པར་གདའ་ན། འཁོར་བའི་རང་བཞིན་རྩད་ནས་ཆོད་ན་སླེབས་པར་གདའ། དབང་པོ་རབ་ཀྱི་བོན་དེ་གང་ལགས། སྟོང་ཉིད་ཡིན། དབང་པོ་འབྲིང་གི་བོན་དེ་གང་ལགས། བསྐྱེད་རྫོགས་ཡིན། དབང་པོ་ཐ་མའི་བོན་དེ་གང་ལགས། དེའང་མཚན་ཅན་ཡིན། ྋཡང་བླ་མས་གསུངས་པ། བྱར་མེད་རྟོགས་ན་ལྟ་བ་ཡིན། འཛིན་པ་མེད་ན་སྒོམ་པ་ཡིན། རང་གྲོལ་གོ་ན་སྤྱོད་པ་ཡིན། རྣམ་དག་སྒོམ་མཐོང་ན་དམ་ཚིག་ཡིན། རང་ཤར་བྱུང་ན་འབྲས་བུ་ཡིན། ཡང་གསུངས་པ། མཐའ་ལས་འདས་ན་ལྟ་བ་ཡིན། སྣང་སེམས་འདྲེས་ན་སྒོམ་པ་ཡིན། གཟའ་གཏད་མེད་ན་སྤྱོད་པ་ཡིན། འཁྲུལ་སྣང་དག་པ་དམ་ཚིག་ཡིན། རྫུན་ཁུང་རྡིབ་ན་འབྲས་བུ་ཡིན། ྋ ཡང་གསུངས་པ། དམིགས་པས་མི་འཆིང་ན་ལྟ་བ་ཡིན། མཉམ་བཞག་ལ་མ་ཞེན་ན་སྒོམ་པ་ཡིན། འདོད་ཡོན་གྱིས་མ་གོས་ན་སྤྱོད་པ་ཡིན། སྲུང་མཚམས་བྲལ་ན་དམ་ཚིག་ཡིན། གཞན་ལ་མི་རེ་ན་འབྲས་བུ་ཡིན་གསུངས་སོ། ྋ ཡང་གསུངས་པ། གཟའ་གཏད་མེད་ན་ལྟ་བ་ཡིན། དམིགས་གཏད་མེད་ན་སྒོམ་པ་ཡིན། གཡོ་སྒྱུ་མེད་ན་སྤྱོད་པ་ཡིན། དྲི་མ་མེད་ན་དམ་ཚིག་ཡིན། རྩོལ་སྒྲུབ་མེད་ན་འབྲས་བུ་ཡིན་གསུངས། ཡང་ལྟ་བ་མེད་ན་འཁོར་འདས་དབྱེར་མེད་ཡིན། སྒོམ་པ་ཟག་མེད་བོན་སྐུ་ཡིན། སྤྱོད་པ་འགག་མེད་ཡེ་ཤེས་ཡིན། དམ་ཚིག་རྣམ་དག་དཀར་པོ་ཡིན། འབྲས་བུ་རང་སེམས་སངས་རྒྱས་ཡིན་གསུངས། ཡང་གསུངས་པ། སེམས་ཀྱི་རང་བཞིན་ཤེས་ན་ལྟ་བ་ཡིན། ངོ་བོ་མཐོང་ན་བསྒོམ་པ་ཡིན། མཚན་ཉིད་ཤེས་ན་སྤྱོད་པ་ཡིན། དེ་གསུམ་དབྱེར་མེད་ཤེས་ན་དམ་ཚིག་ཡིན། དེ་གསུམ་མངོན་དུ་གྱུར་ན་འབྲས་བུ་ཡིན་གསུངས། ཡང་གསུངས་པ། འགྱུར་མེད་བརྟན་པ་ཐོབ་ན་ལྟ་བ་ཡིན། བདེ་ཆེན་ལྷུན་གྱིས་གྲུབ་ན་སྒོམ་པ། འཁྲུལ་བ་ཡེ་ཤེས་སུ་ཤར་ན་སྤྱོད་པ། བླ་མའི་བཀའ་བཞིན་སྒྲུབ་ན་དམ་ཚིག  སྐུ་གསུམ་ལྷུན་གྱིས་གྲུབ་ན་འབྲས་བུ་ཡིན། ཡང་གསུངས་པ། ཐམས་ཅད་སེམས་སུ་ཤེས་ན་ལྟ་བ། དུ་མ་རོ་གཅིག་རྟོགས་ན་སྒོམ་པ། ཚོགས་དྲུག་ལྷུག་པར་ཤར་ན་སྤྱོད་པ། རང་སེམས་མཁའ་ལྟར་རྟོགས་ན་དམ་ཚིག  སྐུ་གསུམ་དོན་དང་ལྡན་ན་འབྲས་བུ་ཡིན། ཡང་གསུངས་པ། རྟག་ཆད་དབྱིངས་སུ་ཡལ་ན་ལྟ་བ་ཡིན། བྱིང་རྒོད་འཕྲང་ལས་ཐར་ན་སྒོམ་པ་ཡིན། བཅོས་མའི་ཚུལ་འཆོས་ཞིག་ན་སྤྱོད་པ་ཡིན། བསྲུང་སྡོམ་མཐའ་རུ་ཕྱིན་ན་དམ་ཚིག་ཡིན། དོན་གཉིས་ཕུན་སུམ་ཚོགས་ན་འབྲས་བུ་ཡིན་གསུངས། ཡང་གསུངས་པ། བོན་དབྱིངས་ཡེ་ཤེས་རྟོགས་ན་ལྟ་བ་ཡིན། སྣང་སྲིད་སེམས་སུ་རྟོགས་ན་སྒོམ་པ། འཛིན་པའི་གཏོད་ཕུར་ཐོན་ན་སྤྱོད་པ། ཡེ་སྲུང་ཆེན་པོ་དམ་ཚིག  ཐག་ཆོད་མངོན་གྱུར་འབྲས་བུ་ཡིན། ཡང་གསུངས་པ། གཟའ་གཏད་མེད་ན་ལྟ་བ་ཡིན། བཅས་བཅོས་ཞིག་ན་སྒོམ་པ། ཉམ་ང་མེད་ན་སྤྱོད་པ། གནོང་བ་མེད་ན་དམ་ཚིག  ཚོགས་གཉིས་རྫོགས་ན་འབྲས་བུ་ཡིན་གསུངས། ཡང་གསུང་སཔ། གཉིས་སྣང་ཞིག་ན་ལྟ་བ། རྒྱུན་ཆད་མེད་ན་སྒོམ་པ། བྱ་རྩོལ་མེད་ན་སྤྱོད་པ། གསལ་འགྲིབ་མེད་ན་དམ་ཚིག  ཡོན་ཏན་རྫོགས་ན་འབྲས་བུཡིན། ཡང་གསུངས་པ། ལྟ་བ་ལྟ་བ་ཟེར་ཡང་སྐྱེ་བ་མེད་པ་ལ་ཟེར་བ་ཡིན། བསྒོམ་པ་བསྒོམ་པ་ཟེར་ཡང་མ་བཅོས་བར་འཇོག་པ་ལ་ཟེར། སྤྱོད་པ་སྤྱོད་པ་ཟེར་ཡང་གྲོལ་ཚུལ་ཤེས་པ་ལ་ཟེར། དམ་ཚིག་དམ་ཚིག་ཟེར་ཡང་ངོ་བོ་དག་པ་ལ་ཟེར། འབྲས་བུ་འབྲས་བུ་ཟེར་ཡང་རང་སེམས་གཏན་ལ་ཕབ་པ་ལ་ཟེར། ཡང་གསུངས་པ། བོན་ཉིད་སྟོང་བའི་ནམ་མཁའ་ལ། འགག་མེད་རིག་པའི་སྐྱི་སེར་འཕྱོ། འཁྲུལ་སྣང་གི་སྤྲིན་ཚོགས་དབྱིངས་སུ་ཡལ། དེ་ལ་ལྟ་བ་ཟེར་བ་ཡིན། མཉམ་ཉིད་ཆེན་པོའི་གྲོགས་པོ་ལ། ཉམས་ཟག་པ་མེད་པའི་ཆུ་བོ་རྒྱས། རང་རིག་ཡེ་ཤེས་ཀྱི་ཉ་མོ་འཕྱོ། དེ་ལ་བསྒོམ་པ་ཟེར་བ་ཡིན། ཡེ་ཤེས་ཆེན་པོའི་བྲག་རི་ལ། སྣ་ཚོགས་རང་གྲོལ་གྱི་བྱ་རྒྱལ་ལྡིང་། ཐབས་ཤེས་གཉིས་ཀྱི་གཤོག་དྲུག་རྒྱས། དེ་ལ་སྤྱོད་པ་ཟེར་བ་ཡིན། རྩེ་རྒྱལ་ཆེན་པོའི་གངས་རི་ལ། ཉམ་ང་མེད་པའི་སེང་ཆེན་འཕྱོ། ཉེས་སྐྱོན་བྲལ་བའི་གཡུ་རལ་རྒྱས། དེ་ལ་དམ་ཚིག་ཟེར་བ་ཡིན། སྟོང་ཉིད་སྙིང་རྗེའི་ས་གཞི་ལ། བྱང་ཆུབ་སེམས་ཀྱི་མྱུ་གུ་འཁྲུངས། སྐུ་གསུམ་ལྷུན་གྲུབ་ཀྱི་འབྲས་བུ་སྨིན། དེ་ལ་འབྲས་བུ་ཟེར་བ་ཡིན། བླ་མའི་ཞལ་ནས། གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་གསུམ་ལ་སོགས་པའི་བོན་ཐམས་ཅད་རང་སེམས་རྟོགས་ན། གཅིག་ཏུ་རྫོགས་པ་ཡིན། སོ་སོར་མི་འདའ་གསུངས། །ཞེས་ས་ལམ་དོན་གསལ་རིན་ཆེན་སྒྲོན་མེ་ཞེས་བྱ་བ་འདི། སྐྱེ་བ་ལྔ་བརྒྱ་དྲན་པའི་ཁོད་སྤུངས་དྲན་པས་གང་ཟག་ལམ་གྱི་ཡོན་ཏན་སྐྱེ་བ་རྣམས་ཀྱིས་གོ་བདེ་བའི་ཕྱིར་གསུངས་པའོ། དགེའོ། བཀྲ་ཤིས་སོ། ཞེས་པ་འདི་ཡང་གླིང་བརྒྱ་བ་ཁྱུང་དཀར་ཟླ་བས་འདས་པོ་དྲིན་ཆེན་དག་གི་དགེ་རྩར་དམིགས་ནས་གློག་རྡུལ་ཡི་གེར་ཕབ་པ་འདིས་ཀྱང་རྒྱལ་བའི་བསྟན་པ་ཡར་ངོའི་ཟླ་བཞིན་དར་ཞིང་རང་གཞན་ཀུན་གྱི་འདི་ཕྱིའི་བསམ་དོན་མ་ལུས་ལྷུན་གྱིས་འགྲུབ་པའི་རྒྱུར་གྱུར་ཅིག་གུ །  །། ཐ་ཚན་མུ་ཙུག་སྨར་རོ། །

ཞེས་སྤྱི་ལོ ༢༠༠༩ ལོའི་ཧོར་ཟླ ༡ པོའི་ཚེས་བཟང ༢༣ ལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།