བྱང་ཆུབ་སྒྲུབ་ཐབས་ལེགས་བཤད་ལམ་གྱི་རིམ་པའི་གཞུང་ཞེས་བྱ་བ་བཞུགས་སོ།

བྱང་ཆུབ་སྒྲུབ་ཐབས་ལེགས་བཤད་ལམ་གྱི་རིམ་པའི་གཞུང་ཞེས་བྱ་བ་བཞུགས་སོ།།
སྨན་རིའི་མཁན་ཆེན་བསོད་ནམས་གཡུང་དྲུང་།

༄༅།། དྲི་མེད་སྐུ་སྟེ་ཤེས་བྱ་མཁྱེན།། འཕྲུལ་ངག་བདེན་པའི་ཐར་ལམ་སྟོན།། ཉོན་མོངས་བྱང་སྦྱོང་འགྲོ་ལ་བརྩེ།། སྐྱབས་གནས་གསུམ་ལ་ཕྱག་འཚལ་ལོ།། བློ་གྲོས་ལྡན་པའི་ཤེས་རབ་ཀྱིས།། མི་ཤེས་བློ་མུན་རབ་རིབ་བསལ།། སྙན་པའི་ངག་དང་ཚིག་སྡེབ་ནས།། གཞན་ཕན་ཕྱིར་དུ་ལེགས་པར་བཤད།། ཆུ་ཤེལ་ལས་གྲུབ་བསིལ་ལྡན་པས།། ཆུ་སྐྱེས་ས་མོས་ཁ་འབྱེད་ལྟར།། སངས་རྒྱས་བཀའ་དང་དམ་པའི་ལུང༌།། དེས་ནི་བློ་གསལ་ཤེས་རབ་འབྱེད།། ཀླད་ཀྱི་དོན་བསྟན་པའོ། གཞུང་གི་དོན་བཅུ་གཉིས་ལ། ཆུ་བོ་ཆེན་པོ་བསྟེན་བྱས་ན།། སྐོམ་པའི་གདུང་བ་སེལ་བ་བཞིན།། བླ་མ་དམ་པ་བསྟེན་བྱས་ན།། གདམ་ངག་འདོད་པའི་གདུང་བ་སེལ།། ལྗོན་ཤིང་ལ་བསྟེན་དབྱི་མོང་དེ།། དེ་ཉིད་གར་སྐྱེས་དེ་ཡིས་སླེབས།། བླ་མ་ལ་བརྟེན་གང་ཟག་དེ།། ཡོན་ཏན་རིམ་པ་དེ་བཞིན་འབྱུང༌།། པདྨོའི་མཚོ་ལ་སྦྲང་རྩི་གནས།། མོས་པའི་བུང་བ་དེ་ལ་འཁོར།། སྐྱེས་བུ་དམ་པ་ཡོན་ཏན་མཛོད།། དད་ལྡན་བློ་གསལ་དེ་ལ་འཁོར།། དྲི་ཞིམ་སྨན་གྱི་སྡོང་བོ་ལ།། དྲི་ངན་ངང་གིས་མི་གནས་བཞིན།། མཚན་ཉིད་ལྡན་པའི་སྐྱེས་བུ་ལ།། གནོད་པ་ངང་གིས་མི་གནས་སོ།། དོན་དང་པོ་བླ་མ་བསྟེན་ཚུལ་བསྟན་པའོ། ཞིང་ས་བཟང་ལ་ས་བོན་ཐེབས།། སོ་ནམ་མཁས་ན་འབྲས་བུ་སྨིན།། དལ་འབྱོར་དད་པའི་ཞིང་བཟང་ལ།། ཚོགས་གཉིས་ལས་བྱས་འབྲས་བུ་སྨིན།། ལྷ་གནས་མེ་ཏོག་ཚལ་མང་ཡང༌།། ཨུད་འབར་མེ་ཏོག་སྐྱེ་བ་དཀོན།། འགྲོ་བའི་ལུས་ནི་གྲངས་མང་ཡང༌།། དལ་འབྱོར་ལུས་ཐོབ་ཤུན་ཏུ་དཀོན།། གསེར་ཟོ་མེད་ན་སེང་གེ་ཡི།། འོ་མ་ཡོད་ཀྱང་མི་ཐུབ་ལྟར།། དལ་བརྒྱད་འབྱོར་བཅུ་མ་ཐོབ་ན།། སངས་རྒྱས་འདོད་ཀྱང་སྣོད་མེད་དོ།། དོན་གཉིས་པ་དལ་འབྱོར་བསྟན་པའོ། ནམ་ཟླས་བསྐྱེད་པའི་རྩི་ཏོག་བཀྲ། དུས་འགྱུར་ཞག་གཅིག་བ་མོས་འཇོམས།། དེ་ཕྱིར་དལ་འབྱོར་ཐོབ་ན་ཡང༌།། འཆི་བའི་རྐྱེན་མང་རྟག་པ་མེད།། ཆུ་ལས་སྐྱེས་པའི་ཆུ་ལྦུ་དེ།། སྐྱེས་མ་ཐག་ཏུ་འཇིགས་པ་བཞིན།། སྣང་བ་ཐམས་ཅད་ལྟར་སྣང་ཡང༌།། རང་རང་ལས་བྱུང་རྐྱེན་གྱིས་འཇིག། ནམ་མཁའི་གཞའ་ཚོན་ཤར་བ་དེ།། བྱིས་པས་མཐོང་ན་བདེན་པར་འཛིན།། མ་གཉེན་བུ་སོགས་ནོར་རྫས་ལ།། བློ་དམན་སོ་སྐྱེས་རྟག་པར་མཐོང༌།། ལག་པ་གཡས་ཀྱི་སེན་མོའི་སྟེང༌།།རྡུལ་གནས་དེ་ནི་མི་ཆགས་ལྟར།། ལང་ཚོའི་ལྗོན་ཤིང་སྒྱུ་མ་ཡི།། གཟུགས་བརྙན་དེ་ནི་མི་རྟག་ངེས།། སྒྱུ་མ་མཁན་གྱི་རྟ་གླང་དེ།། ཡིན་པར་ཤེས་ན་མི་ཉོ་སྟེ།། འགྲོ་བ་ཀུན་གྱིས་བདེན་འཛིན་པའི།། བསླུ་བར་རྟོགས་ན་མི་ཆགས་སོ།། དོན་གསུམ་པ་མི་རྟག་པ་བསྟན་པའོ། ཆུ་བོ་དལ་དུ་འབབ་ན་ཡང༌།། ཐུར་དུ་འབབ་པ་ཁོ་ན་ལྟར།། འཁྲུལ་བའི་ལས་སྤྱོད་བཟང་མོད་ཀྱང༌།། སྡུག་བསྔལ་རྒྱུ་གསོག་ཁོ་ནའོ།། སྲོག་ཆགས་ཆུ་ལ་གནས་པ་རྣམས།། བྱེ་ཐང་ཕྱིན་ན་སྡུག་བསྔལ་མྱོང༌།། དེ་བཞིན་ཚེ་འདིའི་བདེ་སྒྲུབ་པ།། འདི་ནས་ཚེ་འཕོས་སྡུག་བསྔལ་མྱོང༌།། སྲིན་བུ་དག་ལ་སྤུག་སྐྱེས་པ།། དེས་ནི་རང་སྲོག་གཅོད་པར་བྱེད།། སེམས་ཅན་ཉོན་མོངས་རང་ལ་སྡང༌།། དེས་ནི་འཁོར་བར་འཁྱམས་པར་བྱེད།། མི་གཙང་པ་ཡི་ཁྲོམ་ནང་དུ།། དྲི་ཞིམ་བྲོ་བ་མེད་བཞིན་དུ།། འཁོར་བའི་གནས་སུ་འཁྱམས་གྱུར་ན།། དེ་ལ་བདེ་བ་གཏན་མེད་དོ།། ཙན་དན་སོལ་བའི་ཞུགས་ནང་དུ།། སྲེག་ན་བཟོད་གླགས་མེད་བཞིན་དུ།། ངན་སོང་གསུམ་གྱི་སྡུག་བསྔལ་ལ།། སྤྱོད་དགོས་བྱུང་ན་བཟོད་གླགས་མེད།། དགྲ་ཡི་འཇིགས་པ་ཡོད་ཤེས་ན།། རང་གིས་དཔུང་དང་གོ་ཆ་སྒྲུབ།། དེ་བཞིན་ཉེས་དམིགས་ཡོད་ཤེས་ན།། དམ་པ་ལ་བརྟེན་དགེ་བ་སྒྲུབ།། དོན་བཞི་བ་འཁོར་བའི་ཉེས་དམིགས་བསྟན་པ།སྲོག་གི་གཉེན་པོ་བཙན་དུག་དེ།། ངོ་ཤེས་པ་ཡི་མི་དེས་འཛེམ།། སྡིག་བྱས་དེ་ཡི་སྐྱོན་ཤེས་ན།། ཕྲ་ཞིང་ཕྲ་བ་དག་ལའང་འཛེམ།། ལྕགས་རྡོ་འཕྲད་པ་སྤྲ་བའི་མེས།། ནགས་ཚལ་ཆེན་པོ་སྲེག་པར་བྱེད།། གཟུང་འཛིན་འཕྲད་པ་སྦྱོར་བའི་སྡིག། ཆུང་ཡང་ཆེན་པོའི་སྡུག་བསྔལ་སྐྱེད།། ཞིང་བཟང་དག་ལ་ནས་བཏབ་ན།། འབྲས་བུ་སྲན་མ་འབྱུང་མི་སྲིད།། སྡིག་སྤོང་དགེ་བའི་རྒྱུ་སྤྱོད་ན།། འབྲས་བུ་སྡུག་བསྔལ་འབྱུང་མི་སྲིད།། དངུལ་དཀར་ཤེལ་སྒོང་མེ་ལོང་ལ།། གཡའ་དང་དྲི་མ་མེད་བཞིན་དུ།། བྱང་ཆུབ་སེམས་ཀྱིས་ཟིན་པ་ཡི།། དགེ་བ་སྤྱོད་ལ་དྲི་མ་མེད།། དོན་ལྔ་བ་རྒྱུ་འབྲས་བསྟན་པའོ། ངང་བ་དང་ནི་རུས་སྦལ་གྱིས།། ཆུ་ལས་འོ་མ་འབྱེད་པ་ལྟར།། སྐྱེས་བུ་དད་པ་དང་ལྡན་པ།། དེས་ནི་དགེ་ སྡིག་འབྱེད་པར་བྱེད།། མ་ཕྱིར་བུ་དང་དགུན་གཞུའི་རྒྱུད།། ཆུ་བོའི་རྒྱུན་དང་སྲོག་ཆད་མི།། དེ་བཞིན་མོས་པ་ཡི་ཆད་དང༌།། རྒྱུན་རིང་ཕྱིར་མི་ལྡོག་པར་བྱེད།། དོན་དྲུག་པ་དད་པ་བསྟན་པའོ། ཁས་དམན་པོ་ལདགྲ་བྱུང་ན།། རྗེ་དཔོན་མྱུར་དུ་འཚོལ་བ་བཞིན།། འཁོར་བའི་འཇིགས་པ་སྐྱོབ་འདོད་ན།། རིན་ཆེན་གསུམ་ལ་སྐྱབས་ཚོལ་ཅིག། ནོར་བུ་རིན་ཆེན་མཆོད་བྱས་ན།། གང་གིས་མཆོད་ལ་དགོས་འདོད་འབྱུང༌།། ཡུལ་མཆོག་དེ་ལ་མཆོད་བྱས་ན།། གང་གིས་མཆོད་པ་ཐུགས་རྗེས་འཛིན།། འཇིག་རྟེན་ནད་རྣམས་ཞི་བ་ལ།། སྨན་རྣམས་བསྟེན་པར་བྱེད་བཞིན་དུ།། སྲིད་པའི་མཚོ་ལ་བྱིང་བ་ལས།། མྱུར་དུ་སྒྲོལ་མཛད་སྐྱབས་གནས་བསྟེན།། དོན་བདུན་པ་སྐྱབས་འགྲོ་བསྟན་པའོ། སྨན་མཆོག་རྣམ་པར་རྒྱལ་བ་དེ།། ནད་རྣམས་ཀུན་ལ་སྙོམས་སུ་འགྲོ།། བྱང་ཆུབ་སེམས་བསྐྱེད་བསླབ་པ་དེ།། ཉོན་མོངས་ཀུན་གྱི་གཉེན་པོར་འགྲོ།། འཁར་བ་འཆང་དང་གསེར་ཉོ་གཉིས།། ཁྱད་པར་ཆེ་བ་ཇི་བཞིན་དུ།། བདག་དོན་བས་ཀྱང་གཞན་གྱི་དོན།། སེམས་བསྐྱེད་དགེ་སྤྱོད་ཁྱད་པར་ཆེ།། ཇི་སྲིད་རྒྱ་མཚོ་མ་ཟད་བར།། དེ་སྲིད་ཆུ་བོ་མི་འཛད་བཞིན།། ཇི་སྲིད་འཁོར་བ་མ་སྟོངས་བར།། དེ་སྲིད་བྱང་སེམས་མི་འཛད་དོ།། དོན་བརྒྱད་པ་སེམས་བསྐྱེད་བསྟན་པའོ།། ས་བོན་ཡོད་ཀྱང་ཞིང་མེད་ན།། དེ་ཡིས་འབྲས་བུ་མི་སྨིན་བཞིན།། སངས་རྒྱས་གཞི་ལ་རྩེ་གཅིག་གི། ཏིང་འཛིན་མེད་ན་སངས་མི་རྒྱ།། ཤིང་རྐྱང་ཟམ་ལ་འགྲོ་བ་དང༌།། རྒྱལ་བོའི་ཁྲིམས་ལ་གནས་པ་བཞིན།། ཤེས་པ་བསྒྲིམ་གློད་ཆ་སྙོམས་པའི།། ཐབས་ལ་མཁས་དང་བཙའ་བར་བྱ།། རི་གཟར་ཆུ་དང་ཆུ་དལ་འབབ།། རྒྱ་མཚོ་རླུང་གིས་མ་བསྐྱོད་ལྟར།། སྔར་བས་རགས་དང་རང་སར་ཞི།། གཡོ་བ་མེད་ཉམས་རིམ་གྱིས་འབྱུང༌།། ལྗོན་ཤིང་རྩ་ནས་བཅད་བྱས་ན།། ལོ་འབྲས་ཤུགས་ཀྱིས་ཆོད་པ་བཞིན།། ཉོན་མོངས་རྩ་བ་བྱང་ཆུབ་སེམས།། སྐྱེ་མེད་ཕྱིར་ན་གཟུང་འཛིན་གྲོལ།། དོན་དགུ་བ་ཞི་གནས་བསྟན་པའོ།། ཉི་མ་ཤར་ན་མུན་པའི་ཚོགས།། བྲོས་ས་མེད་དེ་རང་བཞིན་སངས།། བདག་མེད་རྟོགས་ན་འདི་ལྟར་གྱི།། སྣང་བ་མ་སྤངས་རང་བཞིན་གྲོལ།། བུར་རམ་མངར་བའི་རོ་གཟུགས་དང༌།། མར་དང་སྣུམ་པའི་བྱེ་བྲག་བཞིན།། ཀུན་རྫོབ་བོན་ཅན་དོན་བོན་ཉིད།། རྟོགས་པའི་སྣང་ངོར་དབྱེར་མེད་དོ།། ཐག་སྦྲུལ་སྨིག་ལ་ཆུར་མཐོང་དང།། ཟླ་བ་གཉིས་འཛིན་ཇི་བཞིན་དུ།། ཤེས་རབ་དམིགས་མེད་སོ་སྐྱེ་ཡིས།། མི་བདེན་འཁྲུལ་བ་བདེན་པར་འཛིན།། མེ་ལོང་ནང་གི་གཟུགས་བརྙན་དེ།། ལྟར་སྣང་ཙམ་སྟེ་དོན་ལ་མེད།། དེ་བཞིན་འདི་ལྟར་སྣང་བ་ཡང༌།། ལྟར་སྣང་ཙམ་ཡིན་རང་བཞིན་མེད།། ཆུ་ཤེལ་ཆུ་དང་འཕྲད་པ་ན།། དབྱེ་བས་མི་ཕྱེད་འདྲེས པ་མེད།། མཚན་མར་སྣང་དང་ཡང་དག་དོན།། དབྱེ་བས་མི་ཕྱེད་འདྲེས་པ་མེད།། རིང་པོ་དང་ནི་ཐུང་ངུ་གཉིས།། ཕ་རི་ཚུ་རི་ལྟོས་འཇོག་བཞིན།། གཟུང་འཛིན་ལ་བལྟོས་བདག་མེད་བཏགས།། འཁོར་བ་ལ་ལྟོས་མྱང་འདས་བཏགས།། མདའ་འཕང་དང་ནི་བྱ་འཕུར་རྗེས།། དེ་ནི་ཡེ་ནས་ཡོད་མ་ཡིན།། བདེན་པ་མཐོང་ན་འཁོར་བའི་བོན།། དེ་ནི་ཡེ་ནས་ཡོད་མ་ཡིན།། པདྨོ་འདམ་ནས་སྐྱེས་ན་ཡང༌།། དེ་ནི་དྲི་མས་མ་གོས་ལྟར།། བདག་མེད་རྟོགས་པའི་གང་ཟག་དེ།། འཁོར་བའི་དྲི་མས་གོས་པ་མེད།། ཁྱུང་ཆེན་གཟི་བརྗིད་མཐོང་ཙམ་ན།། ཀླུ་རྣམས་ཟིལ་གྱིས་རྣོན་པ་བཞིན།། ཐེག་པ་ཆེན་པོའི་དོན་རྟོགས་ན།། ཐེག་དམན་པ་རྣམས་ཟིལ་གྱིས་གནོན།། ཁ་ལེ་སྟོང་འབྱམས་སྨོན་ལམཤིང༌།། དེ་ལ་སྨོན་ལམ་བཏབ་བཞིན་འབྱུང༌།། དེ་བཞིན་ཐེག་ཆེན་སྐྱེས་བུ་ལ།། བདག་དང་གཞན་དོན་གཉིས་ཀ་འབྱུང༌།། དོན་བཅུ་བ་བདག་མེད་ཀྱི་ཤེས་རབ་བསྟན་པའོ།། ཀྱེ་མ་སྙིགས་དུས་འདིར་སྐྱེས་པས།། ཁྲི་གཙུག་བསྟན་ལ་གཤེ་བ་ཚོར།། དེ་ནི་བུ་ཚས་ཕ་ཁུ་ཡི།། རིགས་རྒྱུད་ངན་པར་བཤད་དང་མཚུངས།། མཁས་སྒྲོགས་གཟུང་འཛིན་ཉོན་མོངས་རགས།། བཀའ་ཡི་མཚན་ཉིད་དེ་ཨེ་ཡིན།། མར་དང་སྐོགས་པ་ཆུ་དང་རྡོ།། ནེ་ཙོའི་གཏམ་བཤད་དག་དང་མཚུངས།། བསླབ་པ་གསུམ་ལ་གནས་གྱུར་ན།། འཇིག་རྟེན་ཁེ་གྲགས་ག་ལ་སྒྲུབ།། དར་དཀར་ནང་དུ་སོལ་བཏུམ་ནས།། འདི་ནི་དཀར་པོ་ཡིན་ཟེར་མཚུངས།། བྱང་སེམས་རྒྱུད་ལ་སྐྱེས་པ་ཡི།། དམ་པ་དེ་ལ་ཆགས་སྡང་མེད།། གལ་ཏེ་ཡོད་ན་ས་བརྒྱད་ལ།། གནས་ཟེར་བེར་དཀར་དག་དང་མཚུངས།། བདག་བསྟོད་གཞན་ལ་སྨོད་བྱས་ན།། དེ་ནི་སངས་རྒྱས་མི་འཐོབ་སྟེ།། གཙང་འདོད་ག་བུར་རྫི་ཕྱར་དང༌།། ལན་ཚྭ་བཀྲུ་བར་བྱེད་དང་མཚུངས། ། བདག་མེད་རྟོགས་ན་བདག་གཞན་གྱི།། འཛིན་པ་འབྱུང་བར་མི་རིགས་སོ།། དུང་ལ་དུང་དུ་མཐོང་བ་ན།། སེར་པོ་ཡིན་པར་མཐོང་མི་འགྱུར།། བྱམས་སེམས་མ་རུ་སྒོམ་པ་ལ།། བདག་གཞན་གཉིས་སུ་འཛིན་པ་འགལ།། དགྲ་ལ་ཞེ་སྡང་བསྐྱེད་བྱས་ཤིང༌།། འདི་ནི་མ་ཡིན་ཟེར་དང་མཚུངས།། བྱང་ཆུབ་སྒྲུབ་པའི་ཐབས་ཤིག་ལ།། རང་ཕྱོགས་བཟང་བར་འདོད་པ་ནི།། གསེར་བུམ་མཉམ་པོར་གཉིས་བཞག་ནས༌།། དེ་ལ་སྤོང་ལེན་བྱེད་དང་མཚུངས།། གཡུང་དྲུང་བོན་ལ་སྨོད་བྱས་ན།། བདུད་ཁ་ལྟག་པ་རལ་བྱས་གྲགས།། གཡོག་ངན་དཔོན་ལ་བསྡོས་བྱས་ན།། དེས་ནི་རང་སྲོག་གཅོད་པར་བྱེད།། དོན་བཅུ་གཅིག་པ་བསྟན་པ་ལ་གཤེ་བའི་ལོག་རྟོག་དགག་པ་བསྟན་པའོ།། སྐྱེས་བུ་དམ་པ་ཤེས་རབ་ཅན།། ཡོད་ན་དགེ་ལ་ད་འཇུག་རན།། དུས་ལ་སོ་ནམ་མ་བྱས་ན།། སྟོན་ཐོག་མི་ལོན་འགྱོད་པ་འབྱུང༌།། ད་ནི་སངས་རྒྱས་བསྟན་པའི་མཇུག། དེ་མེད་ཐར་བ་ཇི་ལྟར་སྒྲུབ།། དཔེར་ན་མུན་སྨག་འཐིབ་པ་ཡི།། ནང་དུ་གློག་འགྱུ་ཙམ་རེ་ཡིན།། དམ་པ་ལ་བརྟེན་གསུང་རབ་ཀྱི།། བཅུད་ལ་ཐོས་བསམ་སྒོམ་གསུམ་རེམས།། ཏིལ་ནི་ཅི་ཙམ་གྲངས་མང་བཞིན།། ཏིལ་མར་འབྱུང་བ་ཇི་བཞིན་ནོ།། ད་རེས་བཀའ་བཞིན་སྒྲུབ་བྱས་ན།། དེས་ནི་འབྲས་བུ་བསླུ་མི་སྲིད།། ས་བོན་འབྲས་བུ་བཏབ་པ་རྣམས།། འབྲས་བུ་གཞན་དུ་འབྱུང་མི་སྲིད།། ཀྱི་ཧུད་འཇིག་རྟེན་གྲངས་མང་ཡང༌།། བདེ་སྤྱོད་ལྡན་པ་ད་རེས་ཙམ།། ཐག་རིང་མགྲོན་པོས་ཁུར་ཁུར་ནས།། ལན་ཅིག་ལམ་ཁར་མལ་གསོ་ཙམ།། མི་ལུས་རིན་ཆེན་མ་ཐོབ་ན།། གར་སྐྱེས་དགེ་སྤྱོད་སྐལ་མི་ལྡན།། སོལ་སྡོང་དག་ནི་བཙུགས་བྱས་ཀྱང༌།། སྐྱེ་ཞིང་ལོ་འབྲས་སྨིན་མི་སྲིད།། འཇིག་རྟེན་གཞན་ན་དགེ་སྤྱོད་པས།། འདིར་ནི་ཡོན་ཏན་ལེགས་པར་གསུངས།། གནམ་བྱ་རྒྱ་ལས་ཐར་བ་ན།། དེ་ནི་ཕྱི་རྗེས་མི་ལྡོག་གོ། དེ་ལྟར་བསླབ་པ་ལ་གནས་ན།། སྒྲིབ་གཉིས་བྱང་ནས་དོན་གཉིས་འགྲུབ།། མེ་ཤེལ་སྙིང་པོའི་འོད་ཤར་བས།། གླིང་བཞིའི་མུན་པ་སེལ་བར་བྱེད།། དོན་བཅུ་གཉིས་པ་དོན་གྱི་བསླབ་བྱ་ལ་འཇུག་པ་བསྟན་པའོ།  མཇུག་གི་དོན་ནི། གངས་ཅན་ཁྲོད་འདིར་སངས་རྒྱས་ཀྱི།། བསྟན་འཛིན་དམ་པར་ཁས་འཆེ་བ།། དེ་ཡི་འཕྲུལ་ངག་ལྡེ་མིག་གིས།། བདག་བློའི་ཐ་རམ་བཀྲོལ་བར་མཛད།། དྲིན་ཅན་དེ་དང་དེ་འདྲ་བའི།། སྐྱེས་བུ་དམ་པ་གར་བཞུགས་ཀྱང༌།།དྲན་པ་ཙམ་གྱིས་ཉམས་དགའ་བས།། བདག་ཉིད་མོས་པས་གསོལ་བ་འདེབས།། ཁོ་བོ་ལྡོང་བཙུན་བསོད་གཡུང་ལ།། གྲོགས་མཆེད་རྣམས་ཀྱིས་བསྐུལ་བའི་མཐུས།། གཞན་ཕན་བསམ་ཕྱིར་འདི་བརྩམས་པ།། ཉེས་འགལ་ཤོར་གང་བཟོད་པར་གསོལ།། དེ་ཉིད་ལས་བྱུང་དགེ་བ་དེ།། མ་རྣམས་འཁོར་བའི་རྒྱ་མཚོ་ལས།། མྱུར་དུ་བསྒྲལ་ཕྱིར་མཆོག་ཏུ་བསྔོ།། ཀུན་མཁྱེན་ཡེ་ཤེས་ཐོབ་གྱུར་ཅིག། མཇུག་གི་དོན་བསྟན་པའོ།། བྱང་ཆུབ་སྒྲུབ་ཐབས་ལེགས་བཤད་ལམ་གྱི་རིམ་པ་ཞེས་བྱ་བ་ཚེག་བར་བདུན་ལ་ཤད་བར་དུ་བགྱིས་པའི་ཤོ་ལོ་ཀ་དྲུག་ཅུ་རྩ་བརྒྱད་དུ་ཡོད་པ་འདི་ནི།། རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་གདན་ས་གཤེན་བསྟན་བཀྲ་ཤིས་སྨན་རིའི་དགོན་དུ་མཁས་དབང་ནམ་མཁའ་རྒྱལ་མཚན་གྱིས་ལྷ་ཕྱག་བཅས་ཞབས་སྤྱི་བོས་བླངས་ནས་བསྐུལ་བའི་ངོར།། ཁོ་བོ་བསོད་ནམས་གཡུང་དྲུང་གིས་བཀའ་ལུང་བྲེ་སྲང་གི་འཕྲེང་ལ་བཤར་ནས་བརྩམས་པས་དགེ་བ་དང་ལེགས་པའི་ཡོན་ཏན་ཐམས་ཅད་ཕྱོགས་མེད་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག།། །། སྭ་སྟི། རྒྱལ་བ་ཀུན་གྱི་གསུང་གི་མཛོད་དམ་པ།། བྱང་ཆུབ་ལམ་གཞུང་འདི་ཉིད་དར་རྒྱས་ཕྱིར།། མ་རྒན་ཚེ་རིང་མིང་ནས་པར་དུ་བསྐྲུན།། དགེ་བས་འགྲོ་རྣམས་རྫོགས་བྱང་ཐོབ་གྱུར་ཅིག། ཅེས་པའང་བདག་གི་མ་རྒན་གྱི་འདོད་མོས་བཞིན་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བྲིས་པའོ།། །། མངྒལཾ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།