བླ་ཆེན་དྲན་པའི་མན་ངག་སྙིང་ཐིག་བཞུགས་སོ།།

བླ་ཆེན་དྲན་པའི་མན་ངག་སྙིང་ཐིག་བཞུགས་སོ།།
བླ་ཆེན་དྲན་པ་ནམ་མཁའ།
a

༄༅། །བླ་མ་རིན་པོ་ཆེའི་ཞལ་ནས་འདི་སྐད་གསུངས་སོ། །སྐྱེས་བུ་རིག་པ་མ་ཡེངས་བདེན་པའི་དོན་ལ་ཉོན། །དུས་གསུམ་གཤེན་རབ་ནམ་མཁའ་ལྟ་བུ་སྟེ། །སེམས་ཅན་རྨོངས་པ་མུན་ཁང་ཕག་ཚང་འདྲ། །བོན་གྱི་དངོས་གྲུབ་གཞུང་ཆེན་ཆུ་འདྲ་སྟེ། །སེམས་ཅན་ལས་ངན་རྡོ་བ་སྐམ་པོ་འདྲ། །བདེན་པའི་དོན་སྟོན་ཉི་ཟླ་ལྟ་བུ་སྟེ། །རྨོངས་པ་ཕྱིར་ལོག་མུན་ཁང་དགུ་རིམ་འདྲ། །བླ་མ་སློབ་དཔོན་གཅིག་མ་འདྲ་སྟེ། །ཁྲེལ་མེད་སློབ་བུ་བདུད་ཀྱི་ཕྱིས་སུ་འབྲེང་། །ངེས་པའི་དོན་བཤད་ཟང་རྒྱབ་ཆུ་བླུག་འདྲ། །སྔ་དྲོ་དོན་ལ་འཇུག་བསམ་ཕྱིན་ཅི་ལོག །བརྩོན་འགྲུས་གྲོགས་དང་བྲལ་ནས་ལེ་ལོའི་དབང་དུ་ཤོར། །དད་པའི་གཏིང་མེད་རྒྱུ་འབྲས་དྲེད་དུ་འགྲོ །ཉམས་མྱོང་མི་འཆར་ངེས་དོན་ཚིག་ལ་ཤོར། །མོས་གུས་ཡལ་ནས་བྱིན་རླབས་འཇུག་སྣོད་མེད། །འཆི་བ་མི་དྲན་འཇིག་རྟེན་མཛེས་སྡུག་སྤར། །བླ་མ་མི་དྲན་བུད་མེད་ཡིད་ལ་འཆང་། །འདི་ལྟར་ཡིན་བསམ་སྡིག་པའི་བཙོན་ཁར་སོང་། །གྲུབ་མཐའ་མི་སྐྱིར་འཁོར་བའི་སེམས་ཅན་རྣམས། །དུས་ལ་བབས་དུས་འདྲེན་པའི་མན་ངག་བསྟན། །ཁོ་བོས་འདུལ་བའི་ཞིང་ཁམས་གང་སྐྱེས་རྣམས། །གཞན་ལས་དཔག་སྟེ་བསོད་ནམས་ཆེ་བ་ཡིན། །བདག་གིས་མི་འགྱུར་ས་ལ་བཀོད་པའི་ཕྱིར། །ངེས་པའི་དོན་དམ་རང་གི་སྒྲོན་མེ་བསྟན། །ལྡན་གསུམ་མ་འཛོམ་གཞན་ལ་སྦྱིན་མི་རུང་། །སྐལ་ལྡན་ལས་འཕྲོ་ཅན་ལ་ཅི་སྨོས་སྟེ། །མུན་ལོང་སེམས་ཅན་ལས་ངན་ཐམས་ཅད་ཀྱང་། །ཡང་སྙིང་མན་ངག་མཐོང་ཐོས་གྲོལ་གྱུར་ཅིག །ད་ལྟའི་ཤེས་རིག་གསལ་ལ་ཧྲིག་གེ་འདི། །ཡེ་སྟོང་ཡེ་གསལ་སངས་རྒྱས་འདི་ཉིད་ཡིན། །རིག་པ་འཛིན་མེད་ཀྱ་གྱུ་འཆར་བ་འདི། །ཡེ་ནས་སྟོང་བ་འགག་མེད་རང་ཤར་ཡིན། །རང་ཤར་རང་གྲོལ་སྒོམ་པ་མ་ཤེས་ན། །རྒྱང་བཅད་ཨ་འཐས་གཟིར་པས་དོན་མི་མཐོང་། །རྟོགས་པ་ཉམས་སུ་མ་བླངས་ན། །རྟོགས་མེད་བོན་སྐུ་མཐོང་མི་འགྱུར། །རྟོགས་པ་ཡེ་སྟོང་གདོད་དག་ཡིན། །ཅིར་ཡང་འཆར་ཏེ་ཕྱོགས་མེད་འཕྲོ། །རང་བཞིན་ཨེ་སྣང་ནང་དུ་བལྟོས། །བལྟ་མཁན་དེ་ཀ་ས་ལེ་ཞོག །སེམས་ཉིད་དངས་སངས་བདེ་སྟོང་འདི། །བོན་སྐུ་ཡིན་པར་དམར་ཐག་ཆོད། །བཟང་རྟོག་ངན་རྟོག་ཅིར་འགྱི་ཡང་། །ཅེར་གྱིས་བལྟོས་ལ་དེ་ཀ་ཞོག །གཞི་རྩ་ཆོད་ལ་ངེས་ཤེས་བསྐྱེད། །གསལ་བ་ཤས་ཆེ་འཛིན་བློ་རྟོགས་པ་ཡིན། །སྟོང་ཉིད་རྒྱས་ཐེབས་བློ་འདས་གཅིག་ཏུ་བསྲེགས། །སྟོང་བ་ཤས་ཆེད་ཕྱལ་བ་ལྟིང་པོ་ཡིན། །རང་རིག་ཤེས་པ་ངར་ཐོན་གསལ་ཆ་བསྐྱེད། །རྟོག་པ་ཕྲ་ཞིབ་མང་ན་འཕྲོས་པ་ཡིན། །རྟོག་མེད་བདེ་སྟོང་ངང་དུ་དེ་ཀ་ཞོག །གསལ་སྟོང་མ་བུ་འདྲེས་དུས་དོན་དམ་ཡིན། །མ་བཅོས་འཛིན་མེད་ངང་དུ་ཞོག །འཕྲོ་རུ་མ་འཇུག་འཕྲོ་མེད་ལྷུག་པར་ཞོག །ཡན་དུ་མ་འཇུག་རང་སར་ས་ལེ་ཞོག །དོན་དམ་བདེན་པའི་མན་ངག་ནི། །ཞིབ་ཏུ་ཤོད་ལ་གཅིག་ཏུ་ཆོད། །དབྱིངས་སུ་སྤར་བ་ཁྱིམ་དུ་བསྐུང་། །ལྕགས་ཐག་མདུད་པ་ནང་དུ་འཁྲོལ། །དེ་གསུམ་མན་ངག་གཅིག་ཏུ་གསུངས། །བློ་དང་རྟོགས་པ་སེམས་ཉིད་གསུམ། །གནས་པ་གཞི་ལ་འཁོར་བའི་གནད། །ཀ་དག་ཡེ་སངས་ངོ་བོ་གཅིག །དྲི་བྲལ་བདེ་ཆེན་ཉམས་སུ་ལོངས། །གཅིག་འདུག་བརྩོན་འགྲུས་སེམས་བསྐྱེད་གསུམ། །དོན་དམ་བསྒྲུབ་པའི་མན་ངག་གནད། །ཉམས་སུ་ལོངས་ལ་གདིངས་ཆེན་ཆོད། །སྟོང་ཉམས་བདེ་ཉམས་གསལ་ཉམས་གསུམ། །གནས་པ་གཞི་ལ་འཁོར་བའི་གནད། །རྟོག་མེད་བདེ་སྟོང་ཉམས་སུ་ལོངས། །རང་བྱུང་རང་ཤར་རང་གྲོལ་གསུམ། །གཉེན་པོས་ཟིལ་གྱིས་གནོན་པའི་གནད། །འགག་མེད་རྒྱ་ཡན་ཤུགས་འབྱུང་སྐྱོངས། །བརྟན་དང་ངར་དང་ངེས་ཤེས་གསུམ། །དོན་དམ་ངོ་བོ་མཐོང་བའི་གནད། །རིག་སྟོང་དབྱེར་མེད་གཅིག་ཏུ་བསྲེས། །མི་གཡོ་མི་འགག་ལྷུག་པ་གསུམ། །རིག་པ་རང་སར་གནས་པའི་གནད། །བདེ་ཆེན་གཉུག་མའི་ངང་ཐག་བསྲིངས། །འབྲལ་མེད་ཞེན་མེད་འཛིན་མེད་གསུམ། །སྣ་ཚོགས་འཚོགས་པར་གྲོལ་བའི་གནད། །དབྱེར་མེད་སྣང་སྟོང་གཅིག་ཏུ་བལྟོས། །མི་རྟོག་མཉམ་ཉིད་སྙིང་རྗེ་གསུམ། །སྟོང་ཉིད་དོན་ལ་གོམས་པའི་གནད། །མཐའ་བྲལ་བདེ་ཆེན་ཕུག་ཐག་ཆོད། །རྟོག་མེད་འཛིན་མེད་རྒྱ་ཡན་གསུམ། །སྐུ་གསུམ་སེམས་སུ་འཆར་བའི་གནད། །མཐར་ཐུག་འབྲས་བུ་ལ་ཟླ་མཛོད། །གཏིང་ལྡན་ཐོགས་མེད་ནུས་མཐུ་གསུམ། །རེ་དོགས་འཕྲང་ལ་ཐར་བའི་གནད། །མྱང་འདས་ཕུག་གི་གནད་ཆེན་ཆོས། །རྩལ་དྲག་སྟོབས་ལྡན་ཕྱོགས་མེད་གསུམ། །ཐུགས་རྗེ་དཔག་ཏུ་མེད་པའི་གནད། །སེམས་ཅན་འདྲེན་པ་སྟོན་པས་གསུངས། །འདི་མཐར་ཕྱིན་པའི་མན་ངག་ཡིན། །ཡང་གཅིག་ཁོ་བོས་བཀའ་བཞིན་པས། །ཀོལ་ས་བཅད་དེ་གྲོལ་ས་བསྟན། །ཞི་གནས་མོ་འཁོར་འཕྲོ་བ་ན། །ཁ་ནང་དུ་ཁུག་ལ་འགྱུ་མཁན་ཚོལ། །བཙལ་བས་མ་རྙེད་སྟོར་ཟིན་ན། །ཞི་གནས་འཁོར་བའི་མན་ངག་ཡིན། །ངོ་ཤེས་ཡིད་ཆེས་མ་བྱུང་ན། །སེམས་ཡེ་སྟོང་བོན་སྐུའི་རང་བཞིན་ཡིན། །ད་ལྟར་རང་རིག་ཤེས་པ་འདི་ཀ་བསྟེན། །རྣམ་རྟོག་རང་སར་མ་གྲོལ་ན། །འཛིན་མེད་ཀྱི་རིག་པ་ཅེར་གྱིས་བལྟོས། །སྟོང་བའི་ངང་དུ་ཀད་ཀྱིས་གྲོལ། །བོན་སྐུའི་རང་བཞིན་དེ་ཉིད་ཡིན། །རིག་སྟོང་འཛིན་མེད་ལྟ་བ་དེ། །སེམས་སྤྲོས་བྲལ་མེད་ན་དེ་ཀ་ཡིན། །མ་བཅོས་ལྷུག་པའི་སྒོམ་པ་དེ། །སེམས་རང་སར་བཞག་ན་དེ་ཀ་ཡིན། །འགག་མེད་རང་གྲོལ་སྤྱོད་པ་དེ། །སེམས་རང་རྩལ་སྦྱངས་ན་དེ་ཀ་ཡིན། །མི་འགྱུར་ལྷུན་གྲུབ་འབྲས་བུ་དེ། །སེམས་བཅས་བཅོས་མེད་ན་དེ་ཀ་ཡིན། །རང་སེམས་ཡེ་ནས་བོན་སྐུ་ལ། །རྣམ་རྟོག་དྲི་མ་མ་བསྒོམ་ཞིག །རིག་པ་དྲི་མེད་དབྱིངས་རྫོགས་ལ། །འཛིན་བློའི་མདུད་པས་མ་བསྡམ་ཞིག །འགག་མེད་རང་ཤར་ཆེན་པོ་ལ། །འཁྲུལ་པས་བདའ་དེད་མ་བྱེད་ཅིག །སེམས་ཉིད་གསལ་སྟོང་འདྲེས་པ་ལ། །ཞེན་འཛིན་སོ་སོར་མ་བསྒོམ་ཞིག །དྲན་རིག་བར་སྣང་སེར་བུ་ལ། །དངོས་ཅན་དངོས་འཛིན་མ་དྲག་ཅིག །རྩ་བྲལ་མ་གཡོས་བདལ་བ་ལ། །གཡོ་འགུལ་རྟོག་པ་མ་སློང་ཞིག །རིག་སྟོང་དབྱེར་མེད་སྤྲོས་བྲལ་ལ། །ཞེན་པའི་གཏོད་ཕུར་མ་འཛུག་ཅིག །སེམས་ཉིད་མཁའ་ལྟར་དག་པ་ལ། །འཁྲུལ་བའི་སྤྲིན་ཚོགས་མ་བསྡུ་ཞིག །རང་རིག་དབྱིངས་སུ་གསལ་བ་ལ། །བག་ཆགས་སྨག་གིས་མ་གཡོགས་ཤིག །སྣང་བར་རང་སྣང་ལྷུན་གྲུབ་ལ། །ཞེན་ཆགས་འཁྲི་བ་མ་འཇུག་ཅིག །ངོ་བོ་མཐའ་དབུས་བྲལ་བ་ལ། །གཏད་བཅས་བསྒོམ་པ་མ་འཇུག་ཅིག །རང་རིག་ཕྱོགས་མེད་འཆར་བ་ལ། །བློ་ཨ་འཐས་ཀྱི་སྒྲོག་ཏུ་མ་འཇུག་ཅིག །རི་ཕུག་འདུག་གནས་ཡིན་པ་ལ། །གྲོང་ཡུལ་གནས་སུ་མ་འཁྱམས་ཤིག །བླ་མ་ཐར་བའི་ལམ་འདྲེན་ཡིན་པ་ལ། །ཕྱིན་ཅི་ལོག་གི་ངན་སེམས་མ་འཆང་ཞིག །གདམས་ངག་གྲོལ་རྐྱེན་ཡིན་པ་ལ། །ཟབ་དོན་འཆལ་བར་མ་བསྐུར་ཅིག །གྲོགས་པོ་སྡོང་འདེབས་ཡིན་པ་ལ། །རིགས་ཆད་ཀྱི་མི་དང་མ་འགྲོགས་ཤིག །གཏིང་གསལ་གཅིག་པུར་འཆར་བ་ལ། །ཁྲོམ་མང་ནང་དུ་མ་འགྲོ་ཞིག །ངོ་བོ་སྨྲ་བསམ་བརྗོད་མེད་ཡིན་པ་ལ། །ཁ་སྤྱང་ཅན་དང་ལོང་གཏམ་མ་བྱེད་ཅིག །ངེས་ཤེས་གཏིང་ནས་འཆར་བ་ལ། །རོགས་ཟེར་ཁ་ལ་མ་ཉན་ཞིག །ངེས་དོན་སེམས་སུ་མྱོང་བ་ལ། །གདམས་ངག་ཚིག་ལ་མ་མཁས་ཤིག །སེམས་ཉིད་སངས་རྒྱས་ཡིན་པ་ལ། །གཅིག་འདུག་བསྒོམ་བསྒྲུབ་མ་ཞན་ཅིག །གྲོགས་ངན་དགེ་སྦྱར་བདུད་ཡིན་པའི། །འགྲོགས་རོགས་སུ་ལའང་མ་དགའ་ཞིག །རྩེ་ཅིག་དོན་དམ་བསྒྲུབ་པ་ལ། །ལེ་ལོའི་བདུད་ཕྱིར་མ་འབྲང་ཞིག །ཐུགས་རྗེས་འགྲོ་དོན་བྱེད་པ་ལ། །ཐབས་མཁས་གཞན་བསླུ་མ་བྱེད་ཅིག །རང་བཞིན་བརྩན་པ་བཟུང་བ་ལ། །གཞན་གྱི་འདྲེན་སྟོན་མ་བྱེད་ཅིག །རྒྱུ་འབྲས་དགེ་སྡིག་ཤན་འབྱེད་ལ། །བབ་ཆོལ་འོ་ཁྲག་མ་བསྲེ་ཞིག །འདུལ་ཁྲིམས་ལམ་གྱི་སྡོངས་ཡིན་པས། །བུད་མེད་དབང་དུ་མ་གཏོང་ཞིག །མ་བསྐོང་ཁས་ལེནསྡིག་ཡིན་པས། །ཁས་ལེན་སྔོན་དུ་མ་བྱེད་ཅིག །བྱ་ཆ་བྱར་མེད་གེགས་ཡིན་པས། །དོན་ངོ་བོ་ཉིད་ལས་མ་ཡེངས་ཤིག །ངོ་བོ་ཉིད་ནི་སྟོང་བ་ཡིན། །སྟོང་བའི་ངང་ལས་གསལ་ཆ་འཆར། །གསལ་སྟོང་གཉིས་མེད་བདེ་ཆེན་ངང་། །མ་བཅོས་སྤྲོས་བྲལ་དེ་ཁར་ཞོག །མ་རྟོག་སྟོང་ཉིད་དེ་ཀ་བ། །མི་འཛིན་ཡེ་ཤེས་ས་ལེ་བ། །བྱར་མེད་མཐའ་བྲལ་སང་ངེ་བ། །འདི་རང་རིག་འཛིན་མེད་བོན་སྐུ་ཡིན། །ཐེ་ཚོམ་མེད་པར་དམར་ཐག་ཆོད། །རེ་དོགས་མེད་པར་ལ་བཟླ་མཛོད། །རྣམ་རྟོག་བར་སྣང་དུས་མཉམ་ཡིན། །འགྱུ་བ་དངོས་མེད་གཅིག་ཆར་ཡིན། །གང་ཡང་རང་ལ་རང་བྱུང་ཡིན། །བོན་སྐུ་སྟོང་གསལ་རང་སེམས་ཡིན། །དེ་བས་ཡིད་ཆེས་རང་ལ་ཆོས། ། ༧ དེ་ལ་སྲས་ཀྱིས་འདི་སྐད་ཞུས། །ཁོད་སྤུངས་རིན་ཆེན་ཀུན་གྱི་གཙོ། །ཐར་བའི་ལམ་འདྲེན་སྟོན་པའི་མཆོག །མ་རིག་མུན་པ་བསལ་དུ་གསོལ། །ལྟ་བ་གསུམ་གྱི་མན་ངག་དང་། །སྒོམ་པ་གསུམ་གྱི་འཆར་ཚུལ་དང་། །སྤྱོད་པ་གསུམ་གྱི་གྲོལ་རྐྱེན་དང་། །འབྲས་བུ་གསུམ་གྱི་འཇོག་ཚུལ་རྣམས། །མཁྱེན་བརྩེ་ཐུགས་རྗེས་རབ་དགོངས་ཏེ། །བདག་ལ་ཡོངས་སུ་གསུངས་པར་ཞུ། ། ༧ དེ་ལ་ཡབ་ཀྱིས་བཀའ་སྩལ་བ། །མཁྱེན་བརྩེ་རིག་འཛིན་ཚེ་ཡི་གཤེན། །དོན་དམ་བདེན་པའི་མན་ངག་ངས་བཤད་ཀྱི། །རིག་པ་རྩེ་རྒྱལ་ཞོག་ལ་མ་ཡེངས་ཉོན། །ལྟ་བ་གསུམ་དུ་བཤད་པ་འདི་ལྟར་རོ། །ཕྱི་ལྟ་བ་སྣང་སྟོང་དུས་མཉམ་ཡིན། །སྣམ་སེམས་དབྱེར་མེད་རོ་གཅིག་མན་ངག་གོ །ནང་གི་ལྟ་བ་དྲན་སྟོང་དུས་མཉམ་ཡིན། །མི་རྟོག་བདག་མེད་ཡེ་སྟོང་མན་ངག་གོ །གསང་བའི་ལྟ་བ་གསལ་སྟོང་དབྱེར་མེད་ཡིན། །ངོ་བོ་མཐའ་བྲལ་སྐུ་གསུམ་མན་ངག་གོ །ཕྱི་ཡི་སྒོམ་པ་རང་སྣང་དངོས་མེད་ཡིན། །རང་བཞིན་མེད་དེ་འཛིན་པ་བྲལ་བའོ། །ནང་གི་སྒོམ་པ་དྲི་བྲལ་བདེ་སྟོང་ཡིན། །རང་བྱུང་ཡེ་ཤེས་གསལ་བ་བདེ་སྟོང་བྲལ། །གསང་བའི་སྒོམ་པ་གཉུག་མ་གདིངས་ལྡན་ཡིན། །བློ་བྲལ་ཟང་ཐལ་མུ་མཐའ་བྲལ་བའོ། །ཕྱི་ཡི་སྤྱོད་པ་སྣང་བ་ལམ་མཁྱེར་ཡིན། །ཐོགས་ཆགས་མེད་པར་ཐད་ཀར་གཅོད་པའོ། །ནང་གི་སྤྱོད་པ་འགག་མེད་རང་ཤར་ཡིན། །སྣ་ཚོགས་དྲན་པའི་ངང་ལ་འཇོག་པའོ། །གསང་བའི་སྤྱོད་པ་དབྱིངས་གྲོལ་རྩལ་རྫོགས་ཡིན། །ཐམས་ཅད་སེམས་སུ་རྟོགས་ཏེ་ཕུག་ཐག་ཆོད། །ཕྱི་ཡི་འབྲས་བུ་བོན་ཉིད་རང་བཞིན་ཡིན། །དངོས་བཅས་མཚན་མའི་ཡུལ་ལས་འདས་པའོ། །ནང་གི་འབྲས་བུ་མི་རྟོག་འབྲལ་མེད་ཡིན། །སྟོང་བའི་ཀློང་དུ་ཡེ་ཤེས་རྒྱས་ཐེབས་སོ། ། གསང་བའི་འབྲས་བུ་སྐུ་གསུམ་གཅིག་རྫོགས་ཡིན། །མི་འགྱུར་མྱང་འདས་གནས་ཆེན་སླེབ་པའོ། །དེ་སྐད་ཅེས་བྱའོ། ། ༧ ཡང་སྲས་ཀྱིས་ཡབ་ལ་འདི་སྐད་ཞུས། །གཡུང་དྲུང་བོན་མཛོད་བླ་ཆེན་དྲན་པ་ལགས། །ཡང་གསང་མན་ངག་འབྲས་བུ་རྣམས། །ཚིགས་སུ་བཅད་ཅིང་དོན་དུ་གསུངས་པ་ལགས། ། དེ་ལ་ཡབ་ཀྱིས་བཀའ་སྩལ་བ། །གཡུང་དྲུང་བོན་ནི་ནམ་མཁའ་ལྟ་བུ་སྟེ། །ཟད་མཐད་མེད་པ་མུ་མཐའ་བྲལ་བའོ། །རིག་པ་འཛིན་མེད་སེམས་ཀྱི་ངོ་བོ་ཡང་། །ཡེ་སྟོང་ཟང་ཐལ་ཡེ་ཤེས་སྙིང་བོ་ཅན། །སྙིང་བོ་བསྒྲིབས་མེད་བདལ་བའི་ཀློང་དུ་གསལ། །ངོ་བོ་དབྱེར་མེད་དེ་ཉིད་རྟོགས་པ་ན། །བཤད་པའི་དོན་ལ་བྱེད་རྒྱུ་མེད། །བཤད་བརྗོད་མཁས་པ་འགའ་ཞིག་འཁྲུལ་བ་དེ། །དོན་མེད་ནེ་ཙོའི་རྒྱུ་འབྲས་དཔེ་དང་མཚུངས། །བཤད་པས་མི་རྟོག་སྒོམ་པས་དོན་ཆེན་འགྲུབ། །མ་བསྒོམ་བཤད་པས་དོན་ལ་མི་ཉེ་སྟེ། །མ་རིག་སྒྲ་ཚད་མཁན་གྱི་མི་དང་མཚུངས། །རིག་པ་སྤྲིན་ཤུན་བྲལ་བ་མ་རྟོག་ཚེ། །ཀློག་མཁན་འགའ་ཞིག་ངེས་དོན་སིལ་བུར་གྱེར། །དེ་ཡི་དོན་ལ་ཉེ་བར་མི་འགྱུར་རོ། །སེམས་གཏམ་གཏིང་གསལ་ངེས་དོན་ཐག་ཆོད་ན། །ཚིག་དུ་སྒྲ་ཙམ་བརྗོད་དུ་མ་ཤེས་ཀྱང་། །དོན་ཉིད་སྒྲ་ཙམ་མཐོང་ན་དེ་ལྟར་རོ། ། ༧ འགྲོ་དྲུག་འདྲེན་པའི་དྲན་པ་རྗེ། །གཞི་བྱ་བ་གང་ལ་ཟེར། །ལམ་བྱ་བ་གང་ལ་ཟེར། །ཞེས་ཞུས་ཚེ་བུ་ཉོན་ཅིག་འདི་ལྟར་སྟེ། །གཞི་བྱ་བ་ད་ལྟའི་སེམས་སྐྱེ་བ་མེད་པ་འདི་ཉིད་ཡིན། །ངེས་ཤེས་ཐེ་ཚོམ་མེད་པ་གཅེས། །ངོ་ཤེས་སྟེ་ཕྱོགས་སུ་འཁྲུལ་བ་ཙམ། །རེ་རྟོགས་བྲལ་བ་སྟེ་ལྷག་གི་མཐོང་། །བོན་ཆོས་བརྒྱ་བཤད་ཀྱང་དེ་ཉིད་ཐག་རྦད་ཀྱིས་ཆོད། །དེ་ཉིད་གཞི་ཡིན། ལམ་བྱ་བ་རང་ངོ་ཤེས་ཤིང་ཉམས་སུ་མྱོང་། །མི་འབྲལ་རྒྱུན་ཆད་མེད་པར་བསྒོམ། །ཤར་ཚད་གྲགས་ཚད་གྲོགས་སུ་ཁྱེར། །འགྱུ་བ་འཕྲོ་རྒོད་ངོ་ཡི་བཟུང་། །བདེ་སྡུག་བཟང་ངན་གཅིག་ཏུ་བལྟ། །སྤང་བླང་རྣ་ལམ་དུ་ཁྱེར། །ཐམས་ཅད་སྒྱུ་མར་མཐོང་ཞིང་ཁྲོལ་བོ་གཏོང་། །འདི་ནི་ལམ་གྱི་དུས་ཡིན་གསུངས། །འབྲས་བུ་རྣམ་རྟོག་ཡིན་གསུངས། །རྣམ་རྟོག་ཉོན་མོངས་ཟད་པས་ཡེ་ཤེས་སྟོང་། །ལྟ་སྒོམ་སྤྱོད་གསུམ་བྲལ་བ་ནམ་མཁའི་ངང་། །སྐུ་གསུམ་ལྷུན་གྱིས་གྲུབ་པ་སྟེ། །ནམ་མཁའི་ཚུལ་དུ་སྟོང་ལ་དངོས་པོ་མེད། །ཉི་ཟླའི་ཚུལ་དུ་གསལ་ལ་འཛིན་པ་མེད། །དམིགས་གཏད་བྲལ་སྟེ་མཐའ་ལས་འདས། །བོན་སེམས་གཅིག་ཏུ་འདྲེས་ན་དབྱིངས་སུ་སྟོང་པ་ཡིན། །འབྲས་བུ་ཞེས་ཀྱང་དེ་ལ་ཟེར་བ་ཡིན། །ཐབས་ཤེས་ཟུང་འབྲེལ་གང་ལ་ཟེར་ཞུ་ཙ་ན། །བུ་བྱ་བ་སྣ་ཚོགས་སྤྱོད་མི་ཐབས། །སྤྱོད་མཁན་ངོས་ཀྱིས་ཟིན་པ་ཤེས་རབ། །གཉིས་མེད་བོན་སྐུ་རྩལ་དུ་ཤར་བ་གཅིག་ཡོད། །ཐབས་ཤེས་ཟུང་འབྲེལ་དེ་ལ་ཟེར། །ལས་བྱ་བ་བྱེད་སྤྱོད་ཅི་བྱེད་ཀྱང་། །མི་འབྲལ་གཅིག་ཏུ་འདྲེས་པ་གཅིག་ཡོད། །ཐབས་ཤེས་ཟུང་འབྲེལ་དེ་ལ་ཟེར། །འགྲོ་ཉལ་འདུག་སྡོད་བཟའ་བཏུང་དུས། །མ་འགག་ལྷུག་པར་གནས་པ་གཅིག་ཡོད། །ཐབས་ཤེས་ཟུང་འབྲེལ་དེ་ལ་ཟེར། །བུ་སྙིང་གཏམ་ཡིན་པས་ཤེས་པར་གྱིས་གསུངས། །དབྱིངས་དང་ཡེ་ཤེས་གཉིས་མེད་གང་ལ་ཟེར་ཞུ་ཙ་ན། །བུ་གཡོ་བ་མེད་པ་དབྱིངས་ཉིད་ཡིན་པ་ལ། །ས་ལེ་གསལ་བ་ཡེ་ཤེས་ཡིན། །སྟོང་བ་རྟོག་མེད་དབྱིངས་ཉིད་ལ། །འགག་མེད་རང་གྲོལ་ཡེ་ཤེས་ཡིན། །སྟོང་ལ་དངོས་མེད་དབྱིངས་ཉིད་ལ། །འཛིན་མེད་རང་གསལ་ཡེ་ཤེས་ཡིན། །དབྱིངས་དང་ཡེ་ཤེས་གཉིས་མེད་དེ། །སོ་སོ་མ་ཡིན་འབྱེད་པ་ཞེས། །འབྱེད་ན་གཉིས་མེད་གཅིག་རྟོགས་རྟོགས། །དབྱིངས་ཤེས་གཉིས་མེད་རྟོགས་པ་ན། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡིན། །ལྟ་སྒོམ་སྤྱོད་གསུམ་འབྲས་བུ་ཟད་པ་ཡིན། །གཞི་ལམ་འབྲས་གསུམ་རྫོགས་པ་ཡིན། །འཁོར་བ་མྱ་ངན་འདས་པ་ཡིན། །བདག་གཞན་འཛིན་པ་ཞིག་པ་ཡིན། །དགེ་སྡིག་རེ་དོགས་བྲལ་བ་ཡིན། །བུ་དེ་ཉིད་དོན་ལ་མ་གནས་ཚེ། །དགེ་སྡིག་འཆོལ་བུར་མ་སྤྱོད་ཅིག །ཚུལ་འཆོས་ཀྱིས་མི་ནག་མ་བསླུ་ཞིག །ངོ་འཛུམ་གྱིས་བུད་མེད་མ་བསླུ་ཞིག །འདུལ་ཁྲིམས་འཆལ་བར་མ་བསྐུར་ཅིག །དགེ་སྦྱོར་སྡིག་དང་མ་བསྲེ་ཞིག །ངེས་དོན་ཚིག་ལ་མ་ཤོར་ཞིག །འཁྲུལ་པའི་སྣང་བར་མ་ཞེན་ཅིག །རི་ཁྲོད་དབེན་གནས་མ་བསྐྱུར་ཞིག །མོ་བཙུན་བསྙེན་བཀུར་བཙན་དུག་ཡིན། །དུད་ནག་འདུག་གནས་དམྱལ་དོང་ཡིན། །ཕལ་གྱིས་དད་མོས་དེ་ཆགས་ཞེན་རྒྱུ་རུ་འགྲོ། །སྐྱེ་བོ་ཕལ་གྱིས་དད་མོས་དེ་གཤེ་བསྐུར་རྒྱུ་རུ་འགྲོ། །སློབ་མ་ཕལ་གྱིས་དད་མོས་དེ་ཆགས་སྡང་རྒྱུ་རུ་འགྲོ། །བུ་དེ་བས་འདུག་ས་མི་མེད་ཡུལ་དུ་ཆོས། །སློབ་དཔོན་རང་གི་སེམས་ལ་ཆོས། །སྙིང་གཏམ་ཡིན་ནོ་ཡིད་ལ་བཟུང་། །ཨུ་ཡ་སྨར་རོ། ། ཁྱེའུ་དྲན་པས་གསུངས་པ། ཕྱི་ཡི་བླ་མ་སྣང་བ་ཐུག་ཕྲད་ཡིན། །ནང་གི་བླ་མ་རིག་པ་རང་གསལ་ཡིན། །གསང་བའི་བླ་མ་ཤུགས་འབྱུང་འགག་མེད་ཡིན། །བླ་མ་དེ་གསུམ་རྟོགས་ན་འཁོར་འདས་བསྡུམ་བྱས། །མྱང་འདས་སྲོག་ཤིང་ཚུགས། །ལས་ངན་བསྐྱེད་རྐང་བཅགས། །མཉམ་ཉིད་ཀྱི་དོན་རྟོགས། །ཐར་བའི་ལམ་ཟིན། །རང་ལ་ཡོད་བལྟད་མོ་མཐོང་གསུངས་སོ།། དགེའོ།། བཀྲ་ཤིས་སོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།